
༼ རྒྱལ་དབང་ཀརྨ་པ་བཅུ་པའི་ཕྱག་རིས་རྗེ་བཙུན་མར་སྟོན་གྱི་སྐུ་ཐང་།༽
༄༅། །རྗེ་ལྷོ་བྲག་པ་ཆེན་པོ་ལ་གསོལ་བ་འདེབས་པ་དགྱེས་མཛད་དགྱེས་གླུ་ཞེས་བྱ་བ་བཞུགས་སོ། །
དགྱེས་མཛད་དགྱེས་པའི་གར་མཁན་གཡུང་མོ་ཅན། །
ཞིང་བརྒྱར་ཀུན་ཏུ་བཟང་པོའི་རྣམ་པར་རོལ། །
རྣམ་ཐར་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
ཁྱབ་བདག་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
སྤྲོས་བྲལ་ཆོས་སྐུ་ཟབ་ཅིང་གཏིང་དཔག་དཀའ། །
མཁའ་ཁྱབ་ལོངས་སྐུ་ངེས་པ་ལྔ་དང་ལྡན། །
སྤྲུལ་སྐུ་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
སྒྱུ་འཕྲུལ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
ཁ་སྦྱོར་དབྱིངས་ལས་གངས་ཅན་ཉི་མར་བཞེངས། །
དྲང་བའི་ཐབས་སུ་སློབ་པའི་ལམ་ལ་ཞུགས། །
སྙིང་སྟོབས་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
ཐུགས་དམ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
ལུས་སྲོག་ཐེད་ལ་བོར་ཏེ་དམ་ཆོས་བཙལ། །
འཕགས་བལ་ཐ་གྲུ་ཀུན་ཏུ་ཡང་ཡང་བགྲོད། །
དཀའ་སྤྱད་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
བཟོད་པ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
ཁྱད་འཕགས་བཅུ་གསུམ་གྲུབ་ཐོབ་ཞལ་ལྔ་དང་། །
འགྲན་མེད་གཉིས་ཀྱི་ཐུགས་བཅུད་རྫོགས་པར་བཞེས། །
ཐོས་བསམ་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
མཁྱེན་རབ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
ཐུན་མིན་གསང་བ་མཁའ་འགྲོའི་ཐུགས་ཀྱི་ཁྲག །
དཔལ་ལྡན་ནཱ་རོའི་དྲིན་ལས་ངོམས་པར་སྤྱོད། །
སྐལ་པ་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
གསང་བདག་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
སྒྱུ་ཐོད་གདན་གསུམ་ཁྱད་པར་དགྱེས་གསང་སོགས། །
བསྒྱུར་སྤེལ་འཆད་ཉན་སྒྲུབ་པའི་རྒྱལ་མཚན་བཙུགས། །
བློ་གྲོས་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
མ་ཧཱ་བོ་དྷིའི་དུས་ཀྱི་མཆོད་ཆེན་གསོས། །
ཚོགས་ཀྱི་འདུ་བ་ཆེ་ཆུང་དཔག་མེད་སྤྱོད། །
ཚོགས་གཉིས་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
ལྷུན་རྫོགས་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
ཐབས་ལམ་ཆོས་དྲུག་ཨ་མ་ན་སིའི་སྲོལ། །
གསར་དུ་གཏོད་ནས་ས་སྟེང་གྲུབ་པས་བཀང་། །
མཛད་ཚུལ་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
ཕྲིན་ལས་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
ཀ་ཆེན་ཐུགས་སྲས་ཟུང་བཞི་བརྒྱད་ལ་སོགས། །
སྨིན་ཅིང་དགྲོལ་ནས་ཐུབ་བསྟན་རྒྱས་པར་མཛད། །
རྫུ་འཕྲུལ་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
བསྟན་འཛིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
ཟད་པར་ཟིལ་གནོན་སྤྲུལ་སྒྱུར་དངོས་སུ་སྟོན། །
ཐུགས་ཀྱི་རྡོ་རྗེ་གཞན་ལུས་གྲོང་དུ་འཇུག །
ཡ་མཚན་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
ཆོ་འཕྲུལ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
བདག་མེད་རྡོ་རྗེ་བཙུན་མོའི་བྷ་ག་རུ། །
གསང་གསུམ་ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །
ཐབས་ཤེས་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
བདེ་བ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
མཁའ་ཁྱབ་ཆོས་དབྱིངས་ཕྱག་རྒྱ་ཆེར་དགྱེས་པ། །
ཆོས་ཅན་རང་བྱུང་ནམ་མཁའི་རྡོ་རྗེར་བསྡོམས། །
དགོངས་པ་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
དབང་བསྐུར་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
གང་ཐུགས་འོད་གསལ་གཉུག་མའི་མཁའ་ལ་སྤྱོད། །
རོལ་པའི་གར་གྱིས་ཞིང་བརྒྱ་རྟག་པར་གཡོ། །
རྣམ་རོལ་བསམ་མི་ཁྱབ་པའི་མངའ་བདག་རྗེ། །
འགྲོ་འདུལ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
ལུས་སེམས་དངོས་པོའི་གནས་ལུགས་གཏན་ལ་ཕེབས། །
ཤེས་རབ་ཐབས་ཀྱི་ལམ་མཆོག་བདེ་བླག་བགྲོད། །
རྡོ་རྗེ་བཞི་ཡི་རྒྱལ་ཐབས་ཆེན་པོ་པ། །
དགྱེས་མཛད་ལོ་ཙཱའི་གོ་འཕང་མྱུར་འགྲུབ་ཤོག །
ཅེས་པའང་བོད་ཡུལ་སྒྲུབ་བརྒྱུད་ཀྱི་ཆུ་འགོ་སྐྱེས་མཆོག་མར་སྟོན་ཆེན་པོས་ཆོ་འཕྲུལ་གྱི་ཆོས་མཐའ་ཡས་པ་བསྟན་པའི་གནས་མཆོག་ལྷོ་གྲོ་བོ་ལུང་དང་སྲས་མཁར་སྤྲུལ་པའི་ཕོ་བྲང་དད་པས་མཇལ་ཞིང་ཚོགས་གཉིས་ཀྱི་འབྲེལ་འཇོག་བགྱིད་པའི་སྐལ་པ་བཟང་པོའི་དུས་ཀྱི་དང་པོ་ཤར་བའི་ཚེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་གང་ཤར་གྱི་གསོལ་བ་སྐད་ཅིག་མར་བཏབ་པའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།