
རྫོགས་ཆེན་འབྲུག་པ་རིན་པོ་ཆེ།
1929-----2016
༄༅། ༸ སྐྱབས་རྗེ་རྫོགས་ཆེན་འབྲུག་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེས་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་དབང་ལེགས་གྲུབ་ཀྱི་འབུལ་ཡིག་ལེགས་བཤད་སྤྲིན་གྱི་རོལ་མོ།
ཨོཾ་སྭ་སྟི་མངྒ་ལཾ།
ཕུན་ཚོགས་དོན་གཉིས་ཆ་རྫོགས་ཆུ་ཤེལ་དབང་། །
ཆགས་བྲལ་ཆོས་ཚུལ་ཞི་བའི་འོད་སྣང་འཛུམ། །
རིག་གྲོལ་ཡོན་གྱི་ཀུ་མུད་འདབ་སྟོང་གྲོལ། །
སྐྱབས་མཆོག་རིན་ཆེན་གསུམ་གྱིས་ཤིས་པར་སྩོལ། །
རྣམ་མང་བྱིན་རླབས་སྤྲིན་ཕུང་རབ་དཀྲིགས་བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས། །
རྣམ་གཉིས་དངོས་གྲུབ་བདུད་རྩིའི་བཅུད་འཇོ་རབ་འབྱམས་ཞི་ཆགས་ཁྲོ་ཚུལ་ལྷ། །
རྣམ་བཞིའི་ཕྲིན་ལས་གློག་གི་གར་རྩེན་ཌཱཀྐི་དམ་ཅན་ཆོས་སྲུང་ཚོགས། །
རྣམ་ཀུན་དགེ་བའི་རྫོགས་ལྡན་གཉིས་པའི་ཆར་ལྡན་དུས་ཀྱི་དཔལ་ཡོན་སྐྲུན། །
ཀུན་ཁྱབ་རིག་སྟོང་ཆོས་སྐུའི་དོ་ར་རུ། །
ལྷུན་གྲུབ་བདེ་ཆེན་ཡན་ལག་བདུན་གྱི་གར། །
རོལ་རྩལ་ཐུགས་རྗེའི་སྒྱུ་འཕྲུལ་ངོ་མཚར་འབར། །
པདྨ་ཀཱ་ར་ཚེ་རབས་གཏན་གྱི་སྐྱབས། །
རིགས་ཀུན་ཁྱབ་བདག་པདྨ་ཐོད་ཕྲེང་གདེང་ཅན་དབང་པོའི་དཔལ་གཏེར་ལས། །
ཡོ་ག་རྣམ་གསུམ་ཟབ་དོན་སྨིན་གྲོལ་ཆོས་ཀྱི་འོ་མཚོ་རུ། །
བསྐྱེད་རྫོགས་རྫོགས་ཆེན་རིམ་གཉིས་རྣལ་འབྱོར་གཤོག་འགྱུར་རྩེད་འཇོ་རོལ་པ་ལས། །
གྲུབ་པའི་དཔལ་བརྙེས་རྗེ་འབངས་ཉེར་ལྔ་འདབ་བཟང་དབང་པོའི་ཚོགས་ལ་གུས། །
སྨོན་ལམ་གཏད་རྒྱའི་མཐུ་གྲུབ་འཁོར་ལོས་བསྒྱུར། །
གཏེར་རིགས་རིན་ཆེན་མཛོད་ལ་མངའ་དབང་འབྱོར། །
སྨིན་གྲོལ་ཆོས་ཀྱི་དགའ་སྟོན་སྐྱེ་དགུའི་དཔྱིད། །
པདྨའི་རྗེ་ཚབ་གཏེར་སྟོན་བརྒྱ་རྩར་འདུད། །
ཀ་དག་ཅོག་བཞི་རྣམ་རྒྱལ་གྲོང་ན་ལྷུན་གྲུབ་སྣང་བཞིའི་སྤྱན་སྟོང་གཡོ། །
གང་མཚན་རྡོ་རྗེ་རྩེ་བརྒྱ་འབར་བས་ངན་འགྲོའི་དགྲ་སྡེའི་དཔུང་འཇོམས་པ། །
སྔ་འགྱུར་བསྟན་པའི་ལྷ་གནས་དཔལ་འཛིན་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ། །
ཡབ་སྲས་བརྒྱུད་བཅས་གུས་པས་འདུད་དོ་བསྟན་པའི་སྙིང་པོ་དར་རྒྱས་མཛོད། །
རིས་མེད་བསྟན་པའི་སྤྱི་རྗེ་མཁྱེན་བརྩེའི་དབང་། །
བརྒྱ་རྩའི་གཏེར་འབྱིན་མཆོག་གྱུར་བདེ་ཆེན་གླིང་། །
གསང་བདག་དངོས་སྣང་པདྨ་གར་དབང་རྩལ། །
རྣམ་གསུམ་བཀའ་དྲིན་མི་དྲན་ཤེས་ལྡན་སུ། །
བརྒྱུད་ལྡན་གསེར་གྱི་བུམ་བཟང་གི། །
སྨིན་གྲོལ་བདུད་རྩིའི་བཅུད་བཟང་པོ། །
སྐལ་ལྡན་དད་གསུམ་སྣོད་དུ་སྐྱིལ། །
འདྲེན་མཆོག་བླ་མར་སྙིང་ནས་གུས། །
འཇམ་དབྱངས་མཁྱེན་པའི་ཉི་མ་སྙིང་ལ་ཤར། །
སྤོབས་པའི་པདྨོ་རྒྱས་པའི་ལང་ཚོ་བྱིན། །
ངང་པའི་བུ་མོ་མགྲིན་པའི་འོ་མཚོར་རོལ། །
ངག་ལ་སྨྲ་བ་དམ་པའི་དཔལ་སྩོལ་ཅིག །
ཞེས་དབྱངས་སྙན་རྒྱུད་མངས་སྟོང་གི་དཔལ་ལ་འཁུ་བའི་ཉམས་འགྱུར་འབུམ་གྱིས་མྱོས་པའི་སྙན་ཚིག་གསར་པས་མདུན་བསུས་ཏེ། གང་གླེང་བར་བྱ་བ་ནི། ཇི་སྐད་དུ། ལམ་རིམ་ལས། དེ་ཡང་ཐོག་མར་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡི། །གཞི་དང་སྦྱོར་བའི་གཞུང་རྫོགས་བྱ། །ཞེས་གསུངས་པ་ལྟར། དེ་ཡང་ཐོག་མར་གནས་ཕུན་སུམ་ཚོགས་པ་གཞི་དབྱིངས་མི་འགྱུར་ཀ་ནས་དག་པའི་དཀྱིལ་འཁོར་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཀློང་ལས། གཞི་སྣང་ལྷུན་གྲུབ་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ལས་ཕུན་ཚོགས་ངེས་པ་ལྔ་ལྡན་གྱི་ཞིང་ཁམས། དབྱིབས་དང་རྒྱན་བཀོད་ཚད་མེད་པར། རོལ་རྩལ་ཐུགས་རྗེའི་རྣམ་རོལ་སྣ་ཚོགས་སྤྲུལ་པའི་གདུལ་ཞིང་། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་བྱེ་བྲག །གླིང་བཞི་པའི་འཇིག་རྟེན་འདིའི་ཤིང་མཆོག་འཛམ་བུའི་ལྗོན་བཟང་གིས་མཚན་པའི་གླིང་། བསྐལ་བཟང་སངས་རྒྱས་སྟོང་གི་པད་དཀར་བཞད་དེ་ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་སྐབས་དབྱེ་བའི་གནས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས། ཟླ་གཞོན་ཞུན་མའི་ཁུ་བས་ལན་བརྒྱར་བྱུག་འདྲའི་རབ་དཀར་གངས་ཀྱི་རི་བོས་ཡོངས་སུ་བསྐོར་བའི་ཆོས་ལྡན་བོད་ཀྱི་རྒྱལ་ཁབ། བསིལ་ལྗོངས་གྲུ་འཛིན་གྱི་ཞིང་ཁམས། འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་གི་མདོ་ཁམས་འཛིན་མའི་ཐིག་ལེ། འབྲི་རྫ་ཟལ་མོ་སྒང་གི་སའི་ཆ། བོད་གངས་ཆེན་ཉེར་ལྔའི་ཡ་གྱལ་ཡོན་ཏན་གནས་ཀྱི་གཙོ་མཆོག །ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་ཉེ་ཞོལ། མཚོ་འཁྲུངས་རྒྱལ་བ་གཉིས་པའི་ཞབས་ཀྱིས་བཅགས་ཤིང་། དག་པའི་འཁོར་ཚོགས་རྒྱ་མཚོས་བདུད་རྩི་སྨན་གྱི་བསྒྲུབ་པ་མཛད་དེ། ས་གཞི་བྱིན་གྱིས་བརླབས། བདུད་རྩི་སྨན་གྱི་དམ་རྫས་གཙོས་ཆོས་ནོར་གྱི་ཟབ་གཏེར་དུ་མས་གཏམས་པའི་རུ་དམ་དཔལ་གྱི་གནས་མཆོག་ཅེས་པར། ཕུ་ན་དཀར་གསལ་གྱི་གངས་རི་གཏན་ཆགས་དབུ་རྩེ་དགུང་ལ་རེག་པས། ལྟ་བ་མཁའ་དང་མཉམ་ཞིང་རྟོགས་པའི་རྩལ་གསུམ་རྫོགས་པའི་གྲུབ་བརྙེས་གངས་སེང་དང་འདྲ་བ་བྱོན་ས། སྐེད་ན་རྔམ་བརྗིད་རྫ་བྲག་བཙན་པོར། རང་བྱུང་གི་བྲག་སྐྱིབ་བསམ་གཏན་གྱི་ཁང་བཟང་ཉམས་དགའ་བས། རིམ་གཉིས་གྱི་ཏིང་འཛིན་གྱི་གཤོག་ཟུང་རྒྱས་ཤིང་བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་སྤོང་བ་བསམ་གཏན་གྱི་རྣལ་འབྱོར་བྱ་རྒྱལ་རྒོད་པོ་དང་འདྲ་བའི་སྒྲུབ་གནས། སྨད་ན་སྔོ་ལྗང་གཡུ་ཡི་ཁ་དོག་གིས་མཛེས་པའི་ཡལ་ག་དང་ལོ་འདབ་ཀུན་ཏུ་རྒྱས་པ་ཕུན་ཚོགས་འབྲས་བུས་ཕྱུག་པའི་རིགས་མི་གཅིག་པའི་ལྗོན་ཤིང་ནགས་ཚལ་གྱིས་བརྒྱན་པས། ལྔ་རིག་སྨྲ་བའི་ཁྱུ་མཆོག་ལུང་རིགས་ཀྱི་རྩལ་རྫོགས། ཐུབ་བསྟན་འདུལ་བའི་སྤྱོད་པ་བཟང་པོའི་འཛུམ་དྲུག་བཀྲ་ཞིང་། འཆད་རྩོད་རྩོམ་པའི་གད་རྒྱངས་སྒྲོག་པའི་མཁས་དབང་རྒྱ་སྟག་དང་མཚུངས་པའི་འགྱིང་རྫོང་། མཐར་མཛེས་པའི་སྤང་ལྗོངས་ཡངས་པར་མདངས་ལྡན་མེ་ཏོག་གི་ཚོམ་བུས་མཛེས་པས། མང་ཐོས་སྡེ་སྣོད་འཛིན་པའི་གངས་ཕྲུག་ན་གཞོན་བུང་བའི་དགའ་ཚལ། དེ་དགགི་བར་མཚམས་སུ་རིན་ཆེན་ཨིནྡྲ་ནི་ལའི་མདོག་ལ་སྐྱེངས་པ་སྟེར་བའི་གཡུ་མཚོ་གཏན་དུ་འཁྱིལ་བས་འདོད་འབྱུང་ནོར་བུའི་མཛོད་དུ་གྱུར་ཅིང་ཕུན་ཚོགས་སྡེ་བཞིའི་གཡང་ཆགས་པ། དཔལ་གྱི་འབྱུང་གནས་དཔལ་གྱི་ཕྱོགས་ནས་རྟག་ཏུ་འབབ་པའི་འོ་མའི་ཆུ་རྒྱུན་དཀར་པོ་གཡས་བསྐོར་དུ་རྒྱུ་ཞིང་ཕུ་ཆུའི་སྒྲ་ཆེན་འབྲུག་ཆེན་གྱི་གདངས་ལ་འགྲན་པས། སྙན་གྲགས་དང་ཆོས་བརྒྱུད་ཕྱོགས་མཐར་ཁྱབ་པར་བཅས་ཀྱི་མ་བཅོས་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་དགེ་མཚན་གྱིས་བརྒྱན་པའི་སུམ་རྩེན་ལྷ་ཡུལ་གྱི་ངོ་མཚར་བའི་བཀོད་པ་མི་ཡུལ་དུ་འཕོས་འདྲའི། རང་བྱུང་གི་མཛེས་ལྗོངས། གཞན་ཡང་གནམ་ལ་རྩིབས་བརྒྱད་འཁོར་ལོའི་དབྱིབས་གྲུབ་པ། ས་ལ་འདབ་བརྒྱད་པདྨའི་རི་མོ་བཀྲ་བ། ཕྱོགས་བཞིར་སྲུང་བཞི་དང་མཚམས་བཞིར་དཔལ་བཞིས་བརྒྱན་པ། ཁོ་ར་ཁོར་ཡུག་ཏུ་བཀྲ་ཤིས་རྟགས་ཀྱིས་རྣམ་པ་རང་གྲུབ་ཏུ་དོད་པའི་དགེ་མཚན་ངོམ་པ་སོགས་གཙུག་ལག་གཞུང་གི་ས་ཡི་ལེགས་དཔྱད་ཡོངས་སུ་རྫོགས་ལ། རྒྱུད་སྡེ་ནས་གསུངས་པའི་བསྒྲུབ་གནས་ཀྱི་མཚན་ཉིད་ཚང་བ། རྩ་གསུམ་རྒྱ་མཚོའི་བྱིན་རླབས་སྤྲིན་ཕུང་གཏིབས་པ། མཁའ་འགྲོ་དམ་ཅན་སྲུང་མའི་ཕྲིན་ལས་གློག་ལྟར་མྱུར་བ། ཨོ་རྒྱན་དྷཱུ་མ་ཐ་ལའི་གྲོང་ཁྱེར་དང་དབྱེར་མ་མཆིས་པའི་དཀྱིལ་འཁོར་གྱི་དབུས། ཤེས་རབ་རལ་གྲིའི་དབྱིབས་ཀྱིས་མཚན་པའི་གནས་སུ་བསྟི་བའི། གངས་ལྗོངས་མཁས་པའི་འབྱུང་གནས་དཔལ་གྱི་སེང་གེ་རི་ལྔ་རིག་ཆོས་གྲྭ་ཆེན་མོའམ། ཐེག་གསུམ་ཆོས་སྒྲས་ཁེངས་པའི་རིག་གྲྭ་ཤྲཱི་སེང་ཆོས་གླིང་ཆེན་པོའི་མཐོང་གྲོལ་གུ་རུ་སྟོང་སྐུ་ལྷ་ཁང་ལེགས་ལམ་རྟེན་འབྲེལ་གྱི་སྒོ་འཕར་རབ་ཏུ་ཡངས་པའི་གནས་ག་ལ་བར།

སྟོན་པ་ཕུན་སུམ་ཚོགས་པ་ནི། ཇི་སྐད་དུ། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། ལྟ་སྒོམ་སྤྱོད་གསུམ་གྱི་མཛོད་དང་ལྡན་པ། དབང་བཞིའི་ཆུ་བོ་ཡོངས་སུ་རྫོགས་ཤིང་བསྐུར་ཐབས་ངོ་སྤྲོད་དང་བཅས་པ་མཁས་པ། གདམས་ངག་གི་གཉེར་ཁ་ལྡན་ཞིང་གཞི་ལམ་འབྲས་བུ་རྒྱུད་དོན་མཁས་པ། ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ལ་མངའ་བརྙེས་པ། མན་ངག་ཉམས་བཞེས་ཀྱི་དྲོད་ཚད་ལྡན་པ་སྟེ། བླ་མེད་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་རང་བཞིན་བརྒྱད་དང་དེ་ཉིད་བཅུ་དང་ལྡན་པ། ཁྱད་པར་དུ་གཞི་ཚུལ་ཁྲིམས་རྣམ་པར་དག་པའི་པད་དཀར་སྡོང་པོའི་བརྟན་པར་ཕྱི་དྲུག་རྒྱལ་སྲས་སྤྱོད་པའི་དྲི་བསུང་ཀུན་ཏུ་འཐུལ་བ། གསང་བ་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་ས་ལམ་གྱི་རྟོགས་པ་བརྙེས་པའི་བཅུད་དང་ལྡན་པ། སྔགས་གསར་མའི་མཁས་གྲུབ་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ཆོས་ཀྱི་བློ་གྲོས་གྱི་རྣམ་འཕྲུལ། གྲུབ་དབང་རྫོགས་སྤྲུལ་ལྔ་པས་སྒྲིབ་མེད་གཟིགས་པ་ཡངས་པས་སྨིན་མཚམས་ཨ་ཡིག་གིས་བརྒྱན་པའི་སྤྲུལ་པའི་སྐུ་མཆོག་ཏུ་ལུང་བསྟན་པའི་རྒྱལ་བ་རྫོགས་ཆེན་པའི་གདན་སའི་དོན་གྱི་བསྟན་འཛིན་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧ འབྲུག་སྤྲུལ་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ཉི་མ་སྣ་ཚོགས་རང་གྲོལ་གང་ཉིད་ཀྱིས། འཁོར་ཕུན་སུམ་ཚོགས་པ་རྒྱལ་དང་དེ་སྲས་རྣམས་ཀྱི་དག་ཆེན་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་བསྟན་འགྲོའི་དཔལ་མགོན་དམ་པ་མཆོག་གི་སྤྲུལ་པའི་སྐུ་རྣམས་དང་། ལུང་དང་རིགས་པའི་མགྲིན་རྔ་ལྡིར་ཞིང་བསླབ་གསུམ་ཡོན་ཏན་གྱི་མངོན་པར་མཐོ་བས་བཤད་སྒྲུབ་ཕྲིན་ལས་བཟང་པོས་བསྟན་པའི་ཁུར་འདེགས་པའི་བསྟན་པའི་རྩ་ལག་མཁན་པོ་ཁྱུ་ཚོགས་དང་། གཞན་ཡང་འཛམ་གླིང་ཡུལ་གྲུ་ཕྱོགས་མེད་ནས་ལས་སྨོན་གྱིས་གཅིག་ཏུ་འདུས་པའི་བསླབ་ལྡན་སྡེ་སྣོད་འཛིན་པ་ལྷ་མིའི་མཆོད་གནས་དམ་པ་ཚོགས་མཆོག་དགེ་འདུན་གྱི་སྡེ་ཆེན་པོ་དྲང་སྲོང་གི་རྒྱལ་མཚན་འཆང་བའི་དམར་སེར་ལི་ཁྲིའི་ཚོན་གྱིས་ས་གཞི་ཁ་དོག་བསྒྱུར་བའི་མཆེད་ལྕམ་རིག་འཛིན་འདུས་པས་གཙོས། མི་དང་མི་མིན་གྱི་འཁོར་ཚོགས་རྒྱ་མཚོ་ལ། ཕུན་ཚོགས་དུས་ཀྱི་ཆེ་བ། པདྨ་སྟོང་མཐོང་སྒྲོན་མེའི་བསྐལ་པ་བཟང་པོར། རྣམ་འདྲེན་བཞི་པའི་མདོ་སྔགས་ཟུང་འཇུག་གི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་། གསང་ཆེན་འོད་གསལ་སྙིང་པོའི་བྱིན་རླབས་ཀྱི་དྲོད་བཅུད་ལྷག་པར་མངོན་ཞིང་། ཆོས་ལྡན་གངས་ལྗོངས་ཞིང་དུ་ཐུབ་བསྟན་ཡང་དར་གྱི་བསྐལ་བཟང་རྫོགས་ལྡན་གཉིས་པའི་ཉི་གཞོན་འཆར་ཏེ། འཛམ་གླིང་གི་ཡུལ་གྲུ་མཐའ་དག་ལ་ཕན་བདེའི་འོད་སྣང་འཚོ་བའི་དགའ་སྟོན་གསར་དུ་ཚེས་པའི་སྐབས། བོད་རབ་བྱུང་བཅུ་བདུན་པའི་དབང་མདོག་རྒྱལ་སྲིད་བདུན་གྱི་སྨེ་བ་དགུ་གླིང་གི་དབུས་ན་མཛེས་པའི་སྣ་ཚོགས་ཞེས་པ་ཆུ་ཕོ་རྟ་ཡི་གནམ་ལོ། སྡེ་བཞིའི་ཕུན་ཚོགས་དབྱར་གྱི་དཔལ་མོའི་ལང་ཚོ་རྒྱས་པའི་དུས་ཀྱི། སངས་རྒྱས་གཉིས་པ་པདྨ་ཀཱ་ར་ལྷོ་ནུབ་འོ་མའི་མཚོ་གླིང་དུ་མཚན་དཔེའི་འདབ་སྟོང་གསར་དུ་བཞད་པའི་སྤྲེལ་ཟླའི་ཡར་ཚེས་དགེ་བའི་ཉིན་ནས་དབུ་བརྩམས་ཏེ། ཐོག་མཐའ་བར་གསུམ་དུ་བཀྲ་ཤིས་དགེ་མཚན་རྒྱས་པའི་ངོ་མཚར་གྱི་མཚན་ལྟས་བཟང་པོས་མངོན་པར་འཁྱུད་པའི་དཔལ་གྱིས་མཐར་ཕྱིན་པའི་ཆོས་ཕུན་སུམ་ཚོགས་པ་ནི་སྟོན་པ་ཉི་མའི་གཉེན་གྱི་བསྟན་པ་གང་། མདོ་སྔགས་ཟུང་འཇུག་གི་གནད་མཐའ་དག་ཚང་ལ་མ་ནོར་བ་བདེན་གཉིས་ཟུང་འཇུག་གི་ལྟ་བ་སྣང་སྟོང་ཕྱོགས་སུ་མ་ལྷུང་། ཐབས་ཤེས་ཟུང་འཇུག་གི་སྒོམ་པ་ཚོགས་གཉིས་ཡ་མ་བྲལ་བ། སྐུ་གཉིས་ཟུང་འཇུག་གི་འབྲས་བུ་ཆེན་པོ་ཚེ་ལུས་གཅིག་ལ་གདོད་མའི་གྲོལ་སར་ཁྱད་ཆོས་དྲུག་གིས་མངོན་པར་བྱང་ཆུབ་པའི་སྐུ། ཕུང་པོ་རྡུལ་ཕྲན་དུ་དེངས་པ་དང་འཇའ་ལུས་འོད་སྐུར་གཤེགས་པའི་ངོ་མཚར་བའི་འབྲས་རྟགས་མངོན་དུ་གྱུར་པའི་རྒྱུད་ལུང་མན་ངག་གི་བཀའ་བབས་སྔ་འགྱུར་རྙིང་མའི་ཆོས་ཚན་ལས། མདོ་མཚན་ཉིད་ཐེག་པ་ལས་ཁྱད་ཆོས་བཞིའམ་བཅོ་ལྔ་སོགས་ཀྱིས་འཕགས་པའི་གསང་ཆེན་རྡོ་རྗེ་ཐེག་པ་སྟེ། དེ་ལའང་ཞལ་ནས་གསུང་པའི་བཀའ་མ་དང་། རྗེས་སུ་གནང་བའི་གཏེར་མ་དང་། བྱིན་གྱིས་བརླབས་པའི་དག་སྣང་སྟེ་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་མཆིས་པ་ལས། འདི་རྗེས་སུ་གནང་བའི་གཏེར་མས་གཞིར་བཟུང་བྱིན་གྱིས་བརླབས་པའི་དག་སྣང་གི་ཟུར་བརྒྱན་པའི་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་སྨིན་བྱེད་དབང་གི་རིམ་པ་སྨིན་གྲོལ་གྱི་བརྒྱུད་པ་ཟམ་མ་ཆད། བྱིན་རླབས་ཀྱི་ཚན་ཁ་བཅུད་མ་ཉམས། དངོས་གྲུབ་ཀྱི་དྲོད་ངད་མ་ཡལ། མཐོང་བ་བརྒྱུད་པའི་ཕྱག་བཞེས་གནད་མ་འཁྱུག་པའི་སྒོ་ནས་ལེགས་པ་སྩལ་བའི་བཀའ་དྲིན་གཏོང་རག་གི་མཎྜལ་རྟེན་འབྱུང་ལེགས་མཚོན་གྱི་འབུལ་བ་སྤྲོ་ན། ཐོག་མར་བཀྲ་ཤིས་པའི་རྟགས་མཚན་བརྒྱད་དང་བདེ་ལེགས་ཀྱི་ཚིགས་སུ་བཅད་པའི་རི་མོ་དག་གིས་ཡོངས་སུ་མཛེས་པའི་ལྷ་གོས་ཟླ་གཞོན་བརྒྱ་ཕྲག་བརྩེགས་པའི་མདངས་འཛིན་གྱི་སྣ་དྲངས་ཏེ་་་་་་་་་སོགས། འབུལ་ལམ་ཞུ་བ་དགྱེས་བརྩེས་བཞེས་ཏེ་བདག་ཅག་ལྟོས་བཅས་སློབ་ཚོགས་མཆེད་ལྕམ་རྣམས་འདི་བཟུང་བྱང་ཆུབ་བར་དུ་སྨིན་གྲོལ་ཆོས་ཀྱི་བདུད་རྩིས་རྗེས་སུ་འཛིན་པར་ཞུ་ཞུ།
སླར་སྨྲས་པ།
རྨད་བྱུང་ཐུགས་བསྐྱེད་མ་དྲོས་མཚོ་ཀླུང་ལས། །
ལེགས་བྱུང་དགེ་ཚོགས་གང་གཱའི་རྒྱུན་བཟང་པོ། །
འཁོར་གསུམ་དམིགས་མེད་ལྟ་བའི་རླབས་ཕྲེང་བཅས། །
བྱང་ཆེན་རྒྱ་མཚོའི་གླིང་དུ་འཁྱིལ་གྱུར་ཅིག །
དཔལ་ལྡན་བླ་མའི་གསང་གསུམ་ཡོན་ཏན་མཛོད། །
འགྱུར་མེད་གསེར་གྱི་ཁྲི་ལ་རྟག་བརྟན་བཞུགས། །
སྨིན་གྲོལ་ཆོས་ཀྱི་དགའ་སྟོན་ལེགས་འབྱེད་ནས། །
རྣམ་བཞིའི་ཕྲིན་ལས་ས་གསུམ་དབང་བྱེད་ཤོག །
བླ་མེད་དཀྱིལ་འཁོར་གཅིག་ཏུ་དབང་ཐོབ་པའི། །
རྡོ་རྗེའི་མཆེད་ལྕམ་རིག་པ་འཛིན་པའི་སྡེ། །
སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལྡན། །
རིམ་གཉིས་རྣལ་འབྱོར་ཟབ་མོའི་མཐུ་གྲུབ་ཤོག །
ཕྱོགས་དང་རིས་མེད་རྒྱལ་བསྟན་དར་ཞིང་རྒྱས། །
ཚུལ་ལྡན་བསྟན་འཛིན་དམ་པའི་ཞབས་པད་བརྟན། །
བསྟན་འགྲོའི་དོན་ཆེན་ཐུགས་བཞེད་གེགས་མེད་འགྲུབ། །
བསྟན་བླ་འཚོང་བའི་ཟོག་པོ་མིང་མེད་ཤོག །
ལྷོ་སྤྲིན་གསེབ་ནས་གཡུ་འབྲུག་བཞད་སྒྲ་དང་། །
ནགས་ཀྱི་ཚལ་ནས་ཁུ་བྱུག་མགྲིན་གླུ་དང་། །
དཔལ་གྱི་ཆོས་གྲྭས་འཆད་རྩོད་རྩོམ་པའི་སྒྲས། །
ཐོག་མར་དགེ་བའི་བསུ་མ་དུས་གཅིག་བྱས། །
གངས་ཀྱི་རི་ལས་འབབ་པའི་གཙང་ཆབ་དང་། །
ཆར་ལྡན་སྤྲིན་ལས་བྱུང་བའི་བདུད་རྩིའི་ཆར། །
སྨིན་གྲོལ་ཟག་མེད་ཆོས་ཀྱི་རྒྱུན་བཟང་པོས། །
བར་དུ་དགེ་བའི་བདེ་དགའ་ལྷན་དུ་སྟེར། །
རེག་བསིལ་བདེ་འབྱུང་ཞི་བའི་སྟོན་རླུང་དང་། །
སྤྲིན་དཀར་བྱང་ལ་རྒྱུ་བའི་དལ་འགྲོས་དང་། །
བཀྲ་ཤིས་མངོན་མཚན་འབར་བའི་ལྷ་རེག་གིས། །
མཐའ་མར་དགེ་བའི་འཛོམས་དར་མཉམ་དུ་ཕུལ། །
སྟོན་གནམ་རྡུལ་བྲལ་དྲི་མེད་ཟླ་བས་བརྒྱན། །
གསེར་ལྡན་ཕང་བར་སྣ་ཚོགས་འབྲུ་ཡིས་བཀང་། །
འབྲས་ལྡན་ལྗོན་པའི་ལང་ཚོ་འབྲས་བུས་དུད། །
ནང་གི་རྣལ་འབྱོར་སྨིན་གྲོལ་ཆོས་ཀྱིས་ཕྱུག །
སླད་འབྱུང་གནམ་ལོར་དཔྱིད་རླུང་གིས་བསྐུལ་ཚེ། །
ཐེག་གསུམ་ཆོས་སྒྲ་སྒྲོག་པའི་དགའ་ཚལ་དུ། །
ལྷན་ཅིག་མཇལ་བའི་དགྱེས་ཞལ་འཛུམ་མཛོད་དང་། །
ཟབ་གསང་ཆོས་ཀྱི་ཟིལ་མངར་མཉམ་དུ་རོལ། །
ཆེ་བ་དྲུག་གི་མུ་ཁྱུད་ཀུན་ནས་ཟླུམ། །
ཐེག་དགུའི་གཞི་ལམ་འབྲས་བུའི་རྩིབ་སྟོང་བཀྲ། །
ཡང་གསང་ཨ་ཏིའི་ཆོས་ཀྱི་ལྟེ་བ་བརྟན། །
སྔ་འགྱུར་བསྟན་པའི་གསེར་འཁོར་འདི་ན་མཛེས། །
ཆོས་འདུལ་དྭངས་གཙང་གཡུ་ཡི་མཚོ་མོ་འཁྱིལ། །
གཞན་ཕན་སྤྱོད་པའི་རླབས་ཕྲེང་མཁའ་ལ་འཕྱོ། །
རིམ་གཉིས་གྲུབ་པའི་ནོར་བཟང་གཏེར་གྱིས་གཏམས། །
གྲགས་པ་དོན་ལྡན་རྒྱལ་བ་རྫོགས་ཆེན་པ། །
སྤོང་བ་བསམ་གཏན་སྒོམ་པའི་དབེན་གནས་བཟང་། །
ལུང་རིགས་བརྒལ་བརྟག་སྨྲ་བའི་ཆོས་སྒྲས་ཁེངས། །
བཀའ་གཏེར་སྨིན་གྲོལ་ཆོས་ཀྱི་དངོས་གྲུབ་ཕྱུག །
དམ་པའི་བསྟི་གནས་རྒྱལ་བ་རྫོགས་ཆེན་པ། །
ཡོངས་རྫོགས་བསྟན་པའི་ཕྱི་མོ་སྔ་འགྱུར་བའི། །
རྨད་བྱུང་ལུང་རྟོགས་ཆོས་ཀྱི་འབྱུང་གནས་ཆེ། །
གྲུབ་པའི་དབང་ཕྱུག་རྒྱལ་བ་རྫོགས་ཆེན་པའི། །
བསྟན་པ་ཉམས་མེད་སྲིད་མཐར་ཁྱབ་གྱུར་ཅིག །
སྙན་པའི་བ་དན་སྲིད་གསུམ་བླ་ན་བརྗིད། །
གྲགས་པའི་དུང་དཀར་ཕྱོགས་བཅུ་རྣ་བའི་རྒྱན། །
མཛད་འཕྲིན་འཁོར་ལོས་དབང་བསྒྱུར་རྫོགས་ཆེན་པའི། །
བསྟན་པ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །
བརྒྱུད་ལྡན་བླ་མའི་བཀྲ་ཤིས་སྤྲིན་ཕུང་ལས། །
བྱིན་རླབས་ཆར་འབེབ་དད་ལྡན་ས་གཞི་ལ། །
ཉམས་རྟོགས་ཡོན་ཏན་མདངས་ལྡན་མེ་ཏོག་བཀྲ། །
རིག་འཛིན་གདུང་ཚབ་རྒྱས་པའི་བཀྲ་ཤིས་ཤོག །
ཡི་དམ་ཞི་ཁྲོའི་བཀྲ་ཤིས་གངས་རི་ལས། །
གྲུབ་གཉིས་དངོས་གྲུབ་བརྒྱད་ལྡན་ཆུ་རྒྱུན་འབབ། །
རིམ་གཉིས་ཏིང་འཛིན་སྒོམ་པའི་རྣལ་འབྱོར་གྱིས། །
དག་པའི་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །
གནས་གསུམ་མཁའ་འགྲོའི་བཀྲ་ཤིས་གློག་གི་ཕྲེང་། །
དབང་དྲག་ཕྲིན་ལས་འཁྱུག་པའི་འོད་རྣོན་གྱིས། །
མི་མཐུན་ཉེར་འཚོའི་བར་ཆད་ཀུན་བསལ་ནས། །
གང་བསམ་ཐོགས་མེད་སྒྲུབ་པའི་བཀྲ་ཤིས་ཤོག །
ཆོས་སྐྱོང་ནོར་ལྷའི་བཀྲ་ཤིས་ཡོངས་འདུའི་ཤིང་། །
བདེ་ལེགས་ཕུན་ཚོགས་འབྲས་བཟང་གཡུར་དུ་ཟ། །
འཕྲལ་ཡུན་དགའ་བདེའི་དཔལ་ལ་ལོངས་སྤྱོད་པའི། །
དགེ་མཚན་ནུབ་མེད་འཕེལ་བའི་བཀྲ་ཤིས་ཤོག །
སྟེང་ན་བཀྲ་ཤིས་མཆོག་གསུམ་ཉི་མ་ཤར། །
བར་ན་བཀྲ་ཤིས་དགེ་མཚན་འོད་སྣང་བརྡལ། །
ས་ལ་བཀྲ་ཤིས་སྡེ་བཞིའི་ལོ་འདབ་རྒྱས། །
རྟག་ཏུ་བཀྲ་ཤིས་དགེ་བས་ཁྱབ་གྱུར་ཅིག །
ཅེས་པ་འདི་བོད་རབ་བྱུང་བཅུ་བདུན་པའི་ཆུ་རྟ་ལོའི་དབྱར་དུས་སུ་སྐྱབས་རྗེརྫོགས་ཆེན་འབྲུག་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེས་རིན་ཆེན་གཏེར་མཛོད་ཀྱི་སྨིན་དབང་རྒྱས་གནང་ལེགས་གྲུབ་སྐབས་རྫོགས་ཆེན་མཁན་སྤྲུལ་ཨོ་རྒྱན་རིག་འཛིན་མཆོག་གིས་བཀས་བསྐུལ་བཞིན་ལི་ཐང་ཨ་ཆོས་ཀྱིས་བྲིས་སོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།