༄༅། །ངེས་རྙེད་བརྡ་དོན་གྱི་གསང་གཏམ།

རྒྱལ་ཀུན་གསུང་གི་རྡོ་རྗེ་སིནྡྷུ་ཡི་དྭངས་མཚོར། 

ངོ་མཚར་མཚན་དཔེར་ཤར་བ་ཨོ་རྒྱན་གྱི་སློབ་དཔོན།  །

མཚན་བརྒྱད་འཕྲུལ་ཚན་ཉེར་ལྔ་རྗེ་འབངས་དང་གྲོགས་བཅས།  །

དུས་འདིར་བརྒྱུད་འཛིན་བུ་ལ་ཐུགས་རྗེ་ཡིས་གཟིགས་ཤིག  །

བརྒྱུད་གསུམ་གསང་བའི་མཛོད་བརྙེས་རིག་འཛིན་གྱི་རྗེ་བོ།  །

མི་ཡི་བརྫུ་ལ་བྱོན་པ་གྲུབ་བརྒྱ་ཡི་གཙུག་རྒྱན།  །

ཕ་གཅིག་དྲིན་ལྡན་བླ་མ་གུ་ཎ་ཡི་ན་ཐ།  །

མི་འབྲལ་སྙིང་དབུས་ཙིཏྟའི་པདྨོ་རུ་རོལ་མཛོད།  །

སྔོན་སྨོན་ཐུགས་བསྐྱེད་མཐུན་པའི་ལས་དབང་གི་སྟོབས་ཀྱིས།  །

སྨིན་གྲོལ་དཀྱིལ་འཁོར་གཅིག་ལ་འབྲལ་མེད་དུ་ཚོགས་པའི།  །

མཆེད་གཅིག་མ་ཏིའི་མཚན་འཆང་བྱར་མེད་ཀྱི་རྣལ་འབྱོར།  །

བརྩེ་ཆེན་ཐུགས་རྗེས་མ་བཏང་གདུལ་བྱ་ལ་དགོངས་མཛོད།  །

WechatIMG865.jpeg

ནང་གསལ་ཕྲ་བའི་ཡེ་ཤེས་ཆོས་སྐུ་ཡི་ངང་ལས།  །

ཕྱིར་གསལ་མཁྱེན་ཆ་འགག་མེད་མཚན་དཔེ་ཡི་བདག་ཉིད།  །

ངེས་པ་ལྔ་ལྡན་ལོངས་སྐུའི་འཕྲིན་ལས་ཀྱི་ཆ་འཛིན།  ། 

གདུལ་བྱའི་འགྲོ་ངོར་སྤྲུལ་སྐུའི་སྒྱུ་འཕྲུལ་དུ་རང་ཤར།  །

དེ་ཡང་གངས་ཅན་རྨ་ལུང་གཡང་ལྡན་གྱི་རྭ་བ།  །

ཞལ་དཀར་ལྷ་ཡིས་སྲུང་བའི་ས་སྤྱོད་ཀྱི་ཞིང་ཁམས།  །

མཁས་བཙུན་གྲུབ་པའི་ཕ་ཁྱིམ་ལས་བསྐོས་ཀྱི་ས་ཆ།  །

དབྱིག་གིས་མཚན་པའི་ནོར་འཛིན་ཡངས་པ་ཡི་ལྟོ་ན།  །

WechatIMG866.jpeg

ཡབ་མིང་བདེ་བའི་མཆོག་ལྡན་རིག་སྔགས་ཀྱི་རྣལ་འབྱོར།  །

ཐུགས་སྒོམ་ཚིག་གིས་བཙུན་པ་ཐབས་ཆེན་གྱི་དཔའ་བོ།  །

ཡུམ་མིང་ཆོས་ཀྱི་འབྱོར་བས་སྐྱིད་པ་ཡི་མཐའ་ཅན།  །

བོངས་རིང་སྔོ་སངས་ཤེས་རབ་རིག་མ་ཡི་ཁྱིམ་ན།  །

ཆུ་ཁམས་ལུག་གིས་བདག་པའི་ཡ་མཚན་གྱི་ཁྱེའུ།  །

རེ་ཏི་མཆེད་ལྔ་འགོ་ཞིང་འབྲལ་མེད་དུ་སྲུངས་པ།  །

མི་འགྱུར་རྟགས་ཀྱིས་མཚན་པའི་ངོ་མཚར་གྱི་རང་གཟུགས།  །

མ་ནོར་ངེས་པ་རྙེད་པའི་གསང་བ་འདི་དེང་བཀྲོལ།  །

རྩ་གསུམ་ལྷ་དང་སྲུང་མའི་བདེན་ཚིག་གི་རི་མོ།  །

རྣལ་འབྱོར་རྩ་ཁམས་དག་པའི་འོད་གསལ་གྱི་སྣང་ཉམས།  །

བརྡ་རྟགས་རྟེན་འབྲེལ་ཚོགས་པའི་ཡ་མཚན་གྱི་ལྟས་བཟང་།  །

འགོག་མེད་ཅིག་ཅར་ཤར་འདི་ཨེ་མ་ཧོ་ཨ་ཨ།  །

WechatIMG868.jpeg

དཔལ་ཆེན་འཕྲིན་ལས་བཛྲ་ཀི་ལ་ཡའི་ལྷ་ཚོགས།  །

རིག་སྔགས་སྟོབས་ལ་དབང་བའི་མཐུ་མཆོག་ཏུ་གྲུབ་པས།  །

ཁྲོ་བཅུ་ཕྲ་མེན་ཤོ་ན་སྲུང་མ་ཡི་ཚོགས་ཀྱིས།  །

བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བ་རུ་མཛོད་ཅིག  །

རྫོགས་ཆེན་མན་ངག་སྙིང་ཐིག་གཉན་པོ་ཡི་བཀའ་སྲུང་།  །

མ་གཟའ་རྡོར་ལེགས་ཤན་རྒོད་སྲོག་གཅོད་ཀྱི་སྤུ་གྲི།  །

དབྱིངས་ཕྱུག་ཌཱཀྐིའི་སྒྱུ་འཕྲུལ་ལྷན་སྐྱེས་ཀྱི་མཁའ་འགྲོ།  །

ཚེ་རིང་མཆེད་ལྔ་བཅས་ཀྱིས་མེལ་ཚེ་ཡིས་སྐྱོངས་ཤིག  །

ནམ་ཞིག་ཁྱུང་ཕྲུག་རྩལ་གསུམ་སྒོང་རྒྱ་ནས་རྒྱས་པས།  །

མི་འཇིགས་སྟོབས་ཀྱིས་མཁའ་ལམ་ཅིག་ཅར་དུ་གཅོད་བཞིན།  །

དུས་ལ་བབ་པའི་སྔོན་སྨོན་ལས་སྟོབས་སུ་བདོ་བས།  །

རླབས་ཆེན་དགོངས་པའི་རྩལ་ཆེན་རང་ཆས་སུ་རྫོགས་ཤོག  །

ཕྱི་ལྟར་བྱ་བཏང་བཙུན་པ་སྡོམ་བརྩོན་གྱི་རྒྱལ་པོ།  །

ནང་ལྟར་རྒྱལ་སྲས་ཕྱིན་དྲུག་སྤྱོད་པ་ལ་གོམས་ཤིང་།  །

གསང་བ་བསྐྱེད་རྫོགས་ཟབ་མོའི་གདེང་ཚད་དང་ལྡན་པས།  །

ཡང་གསང་འཕོ་ཆེན་དྭངས་མའི་རྒྱལ་ས་རུ་བཞེངས་ཤོག  །

སྐུ་ཚེ་འཆི་མེད་མི་ཤིགས་གཡུང་དྲུང་གིས་མཚན་ཅིང་།  །

ལེགས་ཚོགས་ཡོན་ཏན་ཉ་གང་ཟླ་གཞོན་གྱི་དཀྱིལ་འཁོར།  །

མཛད་འཕྲིན་མཐའ་རྒྱས་དཔག་བསམ་འདོད་འབྱུང་གི་ནོར་བུ།  །

ནམ་མཁའ་ཇི་སྲིད་འགྲོ་བའི་དཔལ་མགོན་དུ་ཤོག་ཅིག  །

ཅེས་རབ་གནས་ཤིང་སྤྲེལ་སྤྲེལ་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུ་དཔའ་བོ་དང་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། ཁམས་རྫོགས་ཆེན་རུ་དམ་ཡངས་དབེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་རང་སྤྱིལ་ཡོངས་འདུས་པདྨའི་ཤེལ་རྫོང་ནས། རྗེ་གང་དེའི་ནང་བརྩེའི་ཆོས་ཀྱི་མཆེད་གཅིག་པུ་པདྨ་དགྱེས་པའི་འབངས་པདྨ་སྐལ་བཟང་ངམ། ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་ཤར་མར་བྲིས་སྤེལ།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།