
རྫོགས་ཆེན་མཁན་རྒན་ཨ་བུ་ལྷ་སྒང་། ( པདྨ་ཐེག་མཆོག་བློ་ལྡན། )
1879______1955
༄༅། །བསྟོད་ཚིག་ཚེ་རབས་རྗེས་འཛིན། ན་མོ་གུ་རུ་མཉྫུ་ཤྲི་གྷོ་ཥ་ཡེ། །ཤེས་བྱ་ལྷ་ལམ་ཡངས་པའི་ཀློང་དཀྱིལ་དུ། །མཁྱེན་རབ་རལ་གྲིས་རྨོངས་པའི་འཁྲི་ཤིང་གཅོད། །དམིགས་མེད་ཐུགས་རྗེས་སྲི་ཞིའི་དགེ་ལེགས་སྒྲུབ། །འཇམ་མགོན་བླ་མ་ཉིན་མོར་བྱེད་དེར་བསྔགས། །སྔ་འགྱུར་བཤད་སྒྲུབ་བསྟན་པའི་གསལ་བྱེད་མཆོག །ཀུན་གཟིགས་ངོར་བའི་མཁྱེན་བརྩེའི་ཟློས་གར་མཆོག །འོད་གསལ་ལྷ་ཡི་རིགས་རུས་དཔལ་འབྱོར་མཆོག །ཐབས་ཤེས་པད་ཚད་མཚན་དཔེའི་སྤྲུལ་སྐུ་མཆོག །བགྲང་བྱ་བདུན་ནས་གཙུག་ལག་འབྲི་ཀློག་སོགས། །བཅུ་ཕྲག་རིག་པའི་གནས་ལ་མ་བསླབ་བཞིན། །མཁྱེན་རབ་པདྨོ་ཕྱོགས་བརྒྱར་རྒྱས་མཛད་སྐུ། །བློ་གྲོས་མཆོག་མངའ་དམ་པའི་སྐྱེས་བུར་ངེས། །ཐོག་མར་མདོ་སྔགས་བསྟན་པའི་འཇུག་སྒོ་ལྟར། །རྒྱལ་དང་རྒྱལ་སྲས་མཆོག་གི་རྣམ་པར་འཕྲུལ། །གྲུབ་བརྙེས་དབང་ཆེན་དགྱེས་རབ་རྡོ་རྗེ་དང་། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་ཞབས། །མཚུངས་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། །འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་སྡེ། །ཟུར་ཆེན་རོལ་གར་པདྨ་བཛྲ་སོགས། །ཡོངས་འཛིན་མཆོག་རྣམས་ཞབས་པད་གཙུག་གིས་བསྙེན། །དམ་པ་རྣམས་ཀྱིས་ཐུགས་སྲས་ཐུ་བོར་བཟུང་། །སྒྲ་ཚད་བཟོ་གསོ་ནང་རིག་གནས་ཆེན་ལྔ། །སྙན་ངག་མངོན་བརྗོད་སྡེབ་སྦྱོར་སྐར་རྩིས་སོགས། །བཅུ་ཕྲག་གནས་ལ་བསླབ་ཚུལ་ཙམ་གྱིས་མཁྱེན། །ཁྱད་པར་ཟབ་དོན་མདོ་རྒྱུད་མན་ངག་ཀུན། །སྨིན་གྲོལ་སྡོམ་ཁྲིད་བཤད་ཊིག་སྟོང་ཐུན་བཅས། །དད་བརྩོན་ཤེས་རབ་མཆོག་གིས་ཅིག་ཆར་དུ། །ཡེ་ཤེས་ཀློང་ལྔའི་ཐུགས་ཀྱི་དཔལ་བེར་བསྐྱིལ། །འཕགས་ཆེན་སྤྲུལ་བའི་མཁྱེན་བརྩེའི་རོལ་གར་གྱིས། །གཞན་ཕན་ལྷུར་ལེན་སྨོན་འཇུག་སེམས་མཆོག་བསྐྱེད། །རིགས་པ་རྣམ་བཞིས་བདེན་གཉིས་གཏན་ལ་འབེབས། །འཁྲུལ་མེད་ངེས་ཤེས་སྟོན་པ་བཞི་ལ་བརྙེགས། །ཚུལ་མཐོང་བྱིས་བློས་རང་དོན་གྲགས་སྙེམས་ཀྱི། །ཉི་ཚེའི་བློ་གྲོས་སྦྲང་བུའི་གཤོག་རླབས་ལྟས། །ཟབ་རྒྱས་ཆོས་ཚུལ་ནམ་མཁའི་མཐའ་འཚོལ་སྐད། །དེང་དུས་གསར་རྙིང་མཁས་རྣམས་འོ་རེ་བརྒྱལ། །ལེགས་གསུང་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཚོགས། །བཀའ་གཏེར་ཟབ་དོན་མན་ངག་སྙན་བརྒྱུད་རིགས། །དྭངས་བའི་མཁའ་དབྱིངས་ཟླ་སྐར་གཟུགས་བཞིན་བཀྲ། །གཟུངས་ཀྱི་དངོས་གྲུབ་འཇམ་དཔལ་དཔའ་བོས་བསྩལ། །ཟབ་རྒྱས་ཆོས་ཚུལ་རྣམ་འབྱེད་བློ་གྲོས་གཏེར། །རྒྱུད་སྡེ་རྒྱ་མཚ་ོཐུགས་ཆུད་རྟོགས་པའི་གཏེར། །དམ་ཆོས་རིན་ཆེན་མཛོད་སྲུང་ཆོས་གཏེར་སོགས། །སྤོབས་པའི་གཏེར་ཆེན་བརྒྱད་ལ་མངའ་དབང་འབྱོར། །ཐོག་མཐའ་བར་དགེ་ལེགས་གསུང་འཁོར་ལོ་གསུམ། །སོ་སོ་ཡང་དག་རིགས་བཞིའི་མཁྱེན་རྩལ་གྱིས། །མཐའ་དྲུག་ཚུལ་བཞིའི་དྲང་ངེས་རྣམ་པར་འབྱེད། །འཆད་པའི་མགྲིན་གླུ་ངག་དབང་ལྷ་མོས་སྒྲོགས། །གསར་རྙིང་གྲུབ་མཐའ་སྐྱེས་སྦྱོང་ཤེས་རབ་ཀྱིས། །ཆོས་ཚུལ་རྣམ་དཔྱོད་རང་ལུགས་ཁྱད་ནོར་རྙེད། །གཞན་ཕྱོགས་སུན་འབྱིན་མི་འཕྲོག་ཡོངས་སྨིན་ཉིད། །རྩོད་པའི་བརྒལ་བརྟག་དཔལ་ལྡན་ཆོས་གྲགས་དངོས། །མཁས་པའི་ཚང་རྡོལ་རི་བོ་དགེ་ལྡན་པའི། །རྩོད་པའི་རུ་མཚོན་ངོམ་པའི་མཁས་དབང་ཁྱུས། །རྩལ་ཕྱུང་ལུང་རིགས་ཉག་རྒོལ་མཚོན་སྤྲོས། །མཁས་གང་བ་སྤུའི་འཁྲི་ཤིང་གཡོ་ནུས་མིན། །དངོས་སྟོབས་རིག་པའི་ཚར་གཅོད་མ་གྲུབ་ཚེ། །དམ་པའི་རྗེས་ཞུགས་རྒྱ་གར་མཁའ་པའི་སྲོལ། །ཚུལ་འདི་ལེགས་སམ་བཀའ་གདམས་གསར་མ་རྣམས། །སྐྱེངས་ཏེ་བྲག་རིའི་ཕུག་ཏུ་བྲོས་སམ་ཀྱེ། །འོས་མིན་རང་སྟོད་རང་གིས་མ་སྨྲས་ཀྱང་། །ཕས་རྒོལ་ཕྱོགས་ནས་བྱང་ཕྱོགས་ལྔ་རིག་སྨྲ། །དཔལ་རི་རབ་གསལ་གུང་ཐང་བློ་གྲོས་སོགས། །བསྟོད་པའི་གླུ་དབྱངས་བསྔགས་པའི་མེ་ཏོག་འཐོར། །ཐུགས་ཀྱི་འོ་མཚོ་དབྱངས་ཅན་དགྱེས་པ་རོལ། །མངོན་བརྗོད་སྡེབ་ལེགས་བཅད་ལྷུག་དབྱངས་ཀྱིས་བསྙད། །ཟབ་གསལ་རྣོ་མྱུར་ཕྲ་ཞིབ་རིག་པའི་མཛོད། །རྩོམ་པའི་ངོ་མཚར་དཔའ་བོ་གཉིས་པར་འདུད། །གྲངས་མེད་བསྐལ་ཆེན་ཚོགས་ཆེན་ཆུ་གཏེར་བསྲུངས། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི། །ལུང་རྟོགས་བཤད་སྒྲུབ་བསྟན་པའི་སྣང་བྱེད་མཆོག །མཁས་གྲུབ་ཉི་ཟླ་ཟུང་འབྲེལ་ཁྱེད་ལས་སུ། །ཆེ་བ་དྲུག་ལྡན་སྔ་འགྱུར་རྙིང་མ་བའི། །ཁྱད་ཆོས་ཇི་བཞིན་གསལ་མཛད་རོང་ཀློང་ཟུང་། །སླར་ཡང་སྔ་འགྱུར་བསྟན་པའི་མཛེས་རྒྱན་མཆོག །འཇམ་དཔལ་དགྱེས་པ་རྡོ་རྗེའི་འོད་སྟོང་ཤར། །སྨྲ་བའི་སེངྒེ་ཞབས་པད་གཙུག་གིས་རེག །ཆོས་ཀུན་རྣམ་འབྱེད་ཡེ་ཤེས་ཐུགས་དབྱིངས་ཆུབ། །འཆད་རྩོད་རྩོམ་པའི་ལུང་རིགས་གདོང་ལྔའི་སྒྲ། །བསྒྲགས་པས་འཇིག་རྟེན་གསུམ་པོ་མཛེས་པར་བྱས། །གཡོ་ཐབས་གོམས་བརཏྣ་ཟུང་འཇུག་ལྷ་སྐུ་གྲུབ། །རྒྱལ་དབང་པདྨ་ཀ་རའི་ཞལ་ཚབས་ངེས། །ལྷུན་གྲུབ་ཀློང་ནས་ཚད་ཕེབས་བཀོད་པ་རྫོགས། །དགོངས་པའི་ཀློང་ནས་རིག་རྩལ་ཆོས་མཛོད་རྡོལ། །ཆོས་ཟད་ཀློང་དུ་ཆོས་སྐུའི་བཙན་ས་ཟིན། །ཀུན་གཟིགས་ཀློང་ཆེན་རབ་འབྱམས་འཕྱང་མོ་ཉུག །མི་ཕམ་མགོན་གྱིས་མི་འཇིགས་སྤོབས་པ་བྱིན། །འཇམ་དཔལ་དཔའ་བོའི་མཁྱེན་བརྩེ་དགོངས་དབྱིངས་འཁྱིལ། །ཆོས་ཀྱི་གྲགས་པའི་བརྒལ་བརྟག་རྣམ་པར་རྒྱལ། །སྙན་གྲགས་དབྱར་རྔ་རྒྱ་མཚོའི་གོས་ཅན་ཁྱབ། །འཇམ་དཔལ་མཁྱེན་པའི་ཉི་མ་སྙིང་ལ་ཤར། །སྤྱན་རས་གཟིགས་མགོན་ཐུགས་རྗེའི་འོད་ཟེར་འཕྲོ། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་མངའ་དབང་རྫོགས། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་བཤེས་གཉེན་མཆོག །སྲས་བཅས་རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་གར། །ཐུགས་བསྐྱེད་རྟ་བདུན་ཤིང་རྟས་ཉེར་བསྐྱོད་པའི། །ལུང་རྟོགས་བསྟན་པའི་གསལ་བྱེད་འོད་སྟོང་འབར། །བཤད་སྒྲུབ་བསྟན་པའི་པད་ཚལ་ཕྱོགས་བརྒྱར་རྒྱས། །སྔ་འགྱུར་རིག་འཛིན་བརྒྱུད་པའི་བཞེད་གཞུང་མཆོག །རིག་འཛིན་བླ་མས་ཀུན་ཁྱབ་ཚད་གསུམ་གྱིས། །བསླབ་པ་གསུམ་ལྡན་ཐོག་མཐའ་བར་དགེ་བའི། །ལེགས་གསུང་ཡན་ལག་བརྒྱད་ལྡན་མ་དྲོས་ཀླུང་། །གསང་སྔགས་རྙིང་མའི་གྲལ་མཐར་འཛིན་འདོད་པའི། །ཀ་ཡེ་དཔྱོད་ལྡན་བློ་གསར་ཀླུ་དབང་ཚོགས། །ལུས་ཀྱི་སྦུབས་ན་རྣམ་ཤེས་བདོག་སྲིད་ན། །འདི་ལ་ཐོས་བསམ་རྩེ་དགས་རོལ་རྩེད་མཛོད། །རྒྱལ་བའི་རྒྱལ་ཚབས་ས་ཆེན་འཕགས་མཆོག་གི། །གསང་གསུམ་ཡོན་ཏན་མི་ཟད་དག་བྱེད་གཏེར། །སོ་སྐྱེ་བྱིས་བློས་སྐྲ་རྩེ་ཟིལ་ཙམ་བཞག །དད་གསུམ་གུས་པས་ལེགས་པར་བསྟོད་པའི་དགེས། །བདག་ཀྱང་དེང་ནས་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཕྲེང་ཀུན་འཇམ་མགོན་བླ་མ་གང་། །ཞབས་པད་བརྙེས་པ་གསུམ་ལྡན་གཙུག་གིས་བསྟེན། །ལེགས་གསུང་ཟབ་དོན་བདུད་རྩིར་སྤྱོད་གྱུར་ཅིག། །རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡོམས་ནས། །ལྷག་བསམ་བྱང་ཆུབ་སེམས་ཀྱི་ཁུར་ཆེན་འདེགས། །བླ་མེད་དབང་བཞི་རྒྱུད་སྨིན་དམ་ཚིག་དག །རིམ་གཉིས་ལམ་བརྩོན་གྲུབ་གཉིས་མངོན་གྱུར་ཤོག །ཁྱད་པར་འོད་གསལ་སྙིང་ཐིག་མྱུར་ལམ་གྱི། །ཀ་དག་ཁྲེགས་ཆོད་ཆོད་ཅོག་བཞག་བཞི་ལྡན་དང་། །ལྷུན་གྲུབ་ཐོད་རྒལ་སྣང་བཞི་ཟད་སར་ཕྱིན། །གདོས་བཅས་འཇའ་ཡལ་ཆོས་སྐུ་མཐར་ཕྱིན་ཤོག །ཕྱོགས་མེད་རྒྱལ་བསྟན་བཤད་སྒྲུབ་རྒྱལ་མཚན་འཛུགས། །མ་གྱུར་འགྲོ་ཀུན་སྲིད་པའི་བཙོན་ར་ལས། །འཇམ་དཔལ་གཞོན་ནུའི་རླབས་ཆེན་ཕྲིན་ལས་ཀྱིས། །ཀུན་བཟང་ས་ལ་བསྟན་སྲིད་ཟིན་གྱུར་ཅིག །
ཅེས་པའང་མཁས་གྲུབ་གཉིས་ལྡན་འཇམ་མགོན་མི་ཕམ་ཞབས་ཀྱི་བསྟོད་པ་ཚེ་རབས་རྗེས་འཛིན་སྨོན་ལམ་དང་འབྲེལ་བ་དགོས་ཞེས་དུང་ལུང་སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར་དང་རྨེ་གྲྭ་བསམ་པ་ཟུང་ནས་བསྐུལ་ངོར་མ་ལྡོག་ཙམ་རྫོགས་ཆེན་མཁན་བརྒྱུད་གསེར་རིའི་ཕྲེང་བའི་མཐའ་བསྐོར་རྡོ་སོལ་གྱི་ལྕགས་རི་ལྟ་བུའི་ལུང་རྟོགས་ཀྱི་བསྟན་པ་ཡན་ལག་བརྒྱད་ལྡན་གྱི་ཆུ་གཏེར་ལ་བ་ཚ་ཅན་གྱི་རྙོགས་མར་བགྱི་བ་རྨོངས་རྟུལ་པདྨ་ཐེག་མཆོག་བློ་ལྡན་དུ་འབོད་པས་གསོལ་བ་བཏབ་པའོ། །དགེའོ། །
རྩོམ་སྒྲིག་པ། དོནའགྲུབ་རྡོ་རྗེ།