སྙིང་གིས་རྒྱུན་མཐུད་ཁྲག་འཐེན་པར་བརྟེན་ནས་ལུས་ཡོངས་ལ་དབྱང་རླུང་དང་འཚོ་བཅུད་སྐྱེལ་འདྲེན་བྱས་ཏེ། དབང་བོ་ཁག་རྒྱུན་ལྡན་གྱི་འཁོར་སྐྱོད་རྒྱུན་འཁྱོངས་བྱེད་བཞིན་ཡོད། དེ་བལྟས་ཚོད་ཀྱིས་སྟོབས་ལྡན་ཡིན་ནའང་དོན་དུ་ཧ་ཅང་ཉམས་ཞན་ཡིན། ཞིབ་འཇུག་ལས་མངོན་པ་ལྟར་ན། གློ་བུར་དུ་ཤི་བའི་ནང་གི་བརྒྱ་ཆའི་བདུན་ཅུ་དང་བརྒྱད་ཅུ་སྙིང་དང་འབྲེལ་བ་ཡོད། དོན་དངོས་ཐོག གློ་བུར་དུ་ཤི་བ་ནི་མི་སྲིད་པ་ཞིག་མིན་ལ། ང་ཚོས་སྣང་མེད་དུ་བཞག་པའི་འཚོ་བའི་གོམས་གཤིས་དེ་དག་གིས་ཉིན་རེ་བཞིན་ང་ཚོ་ཉེན་ཁའི་གནས་སུ་འདེད་བཞིན་ཡོད།
འཚོ་བའི་གོམས་གཤིས་འདི་དག་གིས་སྙིང་རང་བཞིན་གྱི་གློ་བུར་དུ་ཤི་སླ་བས། ཁྱོད་ལ་དེ་དང་འདྲ་བའི་གནད་དོན་ཡོད་མེད་ལ་ལྟོས་དང་།
འཚོ་བའི་གོམས་གཤིས་འདི་དག་གིས་གློ་བུར་དུ་ཤི་སླ།
▲ ཚད་ལས་བརྒལ་བ་དང་། ཆོས་ཉིད་མེད་པར་ཟས་ལ་བསྟེན་པ།
བཟའ་མང་འཐུང་མང་བྱས་ན་ཕོ་རྒྱུ་ཡི་ཁུར་པོ་ལྕི་དྲགས་པས། སྙིང་གི་ཁུར་ཐེག་ལས་བརྒལ་ནས་སྙིང་ཤ་ལ་ཁྲག་ཆད་སླ།
སྣུམ་བཙོས་ཟས་རིགས་ནང་དུ་སྣུམ་ཚིལ་འབོར་ཆེན་འདུས་པས། ཁྲག་ཚིལ་ཚད་ཇེ་མཐོར་འགྲོ་བ་དང་། དེ་ཡིས་འཕར་རྩའི་ཁྲ་ཐིག་དང་ཁྲག་དབལ། ཐ་ན་སྙིང་ཤ་ཁེགས་ཤི་འབྱུང་བའི་ཉེན་ཁ་ཡོད།
ཆང་འཐུང་ཚད་ལས་བརྒལ་ན། སྙིང་གི་འཕར་ཚད་ཇེ་མགྱོགས་སུ་འགྲོ་བ་དང་ཁྲག་ཤེད་ཇེ་མཐོར་འགྲོ་བས། སྙིང་གི་འགྲོས་རྒྱུན་ཉོག་པའི་ཉེན་ཁ་ཡོད།
ཚོན་པོ་ཚོར་ཏོག་དབྱིབས་འཕར་རྩའི་རང་བཞིན་གྱི་སྙིང་ནད་འབྱུང་བའི་ཉེན་ཁ་ཆེན་པོ་ཡོད་ལ། ནད་འདི་གློ་བུར་དུ་ཤི་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།
▲སྐྱག་པ་ཤུགས་དྲགས་ཀྱིས་གཏོང་བ།
ཤུགས་ཀྱིས་བཤང་གཏོང་སྐབས་གསུས་པའི་གནོན་ཤུགས་གློ་བུར་དུ་ཇེ་མཐོར་འགྲོ་བས། ཁྲག་ཤེད་མགྱོགས་མྱུར་དུ་ཇེ་མཐོར་འགྲོ་བ་དང་། སྙིང་གི་ཁུར་པོ་ཇེ་ལྕི་ཡིན་པས །སྙིང་གཟེར་དང་སྙིང་ཤ་ཁེགས་ཤི་འབྱུང་བའམ་ཡང་ན་སྙིང་གི་འགྲོས་རྒྱུན་ཉོག་སྲིད།
▲གནོན་ཤུགས་ཆེ་དྲགས་པ།
དུས་ཡུན་རིང་བོར་ལས་འཕར་རམ་ཡང་ན་བྲེལ་འཚུབ་དང་སྤྲོ་སྣང་དྲག་པོའི་རྣམ་པར་གནས་ཚེ། ཚོར་འགྲིམ་དབང་རྩ་རྒྱུན་མཐུད་སྐྱེན་པོ་ཡོད་པས། ཁྲག་རྩའི་གྲུང་གཤིས་དངོས་རྫས་འབོར་ཆེན་ཟགས་ཐོན་བྱེད་སྟེ། ཁྲག་རྩ་འཁུམ་འདུ་དང་ཁྲག་ཤེད་ཇེ་མཐོར་འགྲོ་བས། སྙིང་དང་ཁྲག་རྩ་ཚང་མར་གནོད་འཚེ་ཐེབས་སླ་བ་དང་སྙིང་འགག་གི་ཉེན་ཁ་ཡང་ཇེ་ཆེར་འགྲོ་སྲིད།
▲ དུས་ཡུན་རིང་པོར་དྲོད་ཚད་མཐོན་པའི་ཆུའི་ཁྲུས་བྱེད་པ།
ཆུའི་དྲོད་ཚད་མཐོ་དྲགས་ན་ལུས་སྟེང་གི་ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་བཏང་སྟེ། སྙིང་གི་འཕར་ཚད་རྒྱུན་ལྡན་མིན་པ་འབྱུང་སྲིད། ཁྲུས་ཀྱི་དུས་ཚོད་རིང་དྲགས་པ་དང་ཁོར་ཡུག་བསུམ་ཡོད་ན། བྲང་ཁོག་དང་སྙིང་སོགས་མི་བདེ་བ་འབྱུང་སྲིད། ཆུའི་དྲོད་ཚད་ཏུའུ་སོ་ལྔ་ནས་སོ་བརྒྱད་བར་ཚོད་འཛིན་བྱ་དགོས་པ་དང་། དུས་ཚོད་སྐར་མ་༢༠ལས་བརྒལ་མི་ཆོག། ལྷག་པར་དུ་རྒན་རྒོན་གྱིས་ཁྲུས་བྱེད་སྐབས་རམ་འདེགས་བྱེད་མཁན་ཡོད་ན་ཡག་ཤོས་རེད།
▲ འགུལ་སྐྱོད་དྲག་པོ།
འགུལ་སྐྱོད་དྲག་པོ་བྱས་ན་ཁྲག་ཤེད་གློ་བུར་དུ་ཇེ་མཐོར་འགྲོ་བ་དང་། སྙིང་གི་འཕར་ཚད་མགྱོགས་དྲགས་པ། སྙིང་ཤ་ལ་ཁྲག་མཁོ་འདོན་མི་འདང་པས། སྙིང་ཤ་ཁེགས་ཤི་སློང་སྲིད། དར་མ་དང་རྒན་རྒོན་ལ་མཚོན་ན། ཞི་འཇམ་གྱི་དབྱང་ལྡན་འགུལ་སྐྱོད་བྱས་ན་ལེགས། དཔེར་ན། མགྱོགས་འགྲོ་དང་དལ་རྒྱུག་སོགས་འདེམས་དགོས། དུས་ཚོད་ཆུ་ཚོད་གཅིག་ལས་བརྒལ་མི་འོས། གལ་ཏེ་བྲང་ཁོག་འཚང་བ་དང་དབུགས་ཐུང་བ་སོགས་མི་བདེ་བ་བྱུང་ན། འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད་ངལ་གསོ་བྱ་དགོས།
▲ སེམས་ཁམས་ཐལ་དྲག
སེམས་སྡུག་ཆེ་བའམ་ཁོང་ཁྲོ་ལངས་སྐབས། བྲང་ན་བ་དང་དབུགས་ཐུང་བ། བྲང་ཁོག་འཚང་བ་སོགས་སྙིང་ཆག་རྟགས་འདུས་ནད་ཀྱི་ནད་རྟགས་འབྱུང་སྟེ། སྙིང་གི་བདེ་ཐང་ལ་ཉེན་ཁ་འབྱུང་སྲིད།
▲ ཡུན་རིང་བསྡད་ནས་འགུལ་མི་རུང་།
དུས་ཡུན་རིང་པོར་ཅོག་ཙེའི་མདུན་དུ་སྡོད་པའམ་བརྙན་འཕྲིན་དང་ལག་ཐོགས་ཁ་པར་ལ་བལྟས་ན། ཁྲག་གི་འཁོར་རྒྱུག་ཇེ་དལ་དུ་སོང་ནས་ཁྲག་དབལ་ཆགས་སྲིད། གལ་ཏེ་ཁྲག་དབལ་ལྷུང་ནས། ཀླད་པ་དང་སྙིང་དང་གློ་བའི་ཁྲག་རྩ་འགག་ན། གློ་བུར་དུ་ཤི་སྲིད།
གོམས་གཤིས་བཟང་པོ་དྲུག་གིས་སྙིང་ལ་སྲུང་སྐྱོབ་བྱེད།
སྙིང་གིས་རྒྱུན་མཐུད་དང་ནུས་ལྡན་གྱི་སྒོ་ནས་ལུས་ཡོངས་ལ་ཁྲག་སྐྱེལ་དགོས་ན། ངེས་པར་དུ་དེའི་དགའ་ཕྱོགས་ཤེས་དགོས། འཚོ་བའི་ཁྲོད་དུ་གོམས་གཤིས་བཟང་པོ་དྲུག་རྒྱུན་འཁྱོངས་བྱས་ན་སྙིང་གི་བདེ་ཐང་རྒྱུན་འཁྱོངས་བྱེད་པར་རོགས་རམ་བྱ་ཐུབ།
གཅིག བཟའ་བཏུང་དོ་སྙོམས་དང་ཚྭ་ཚད་ཚོད་འཛིན་བྱ་དགོས།
▲ ཤིང་འབྲས་སྔོ་ཚལ་དང་འབྲུ་རིགས་མང་ཙམ་ཟ་དགོས། ཉིན་རེར་ཉུང་མཐར་ཡང་སྔོ་ཚལ་རྒྱ་མ་གང་དང་ཤིང་ཏོག་རྒྱ་མ་ཕྱེད་ཀ་དང་། འབྲས་དང་ཕྱེ་དཀར་གྱི་ནང་དུ་སྭ་གྲོ་དང་སྲན་དམར་སོགས་འོས་འཚམ་བསྣན་པའམ་ཡང་ན། ཞོག་ཁོག་རིགས་དང་མ་རྨོས་ལོ་ཏོག་གིས་ཟས་གཙོ་བོའི་ཚབ་བྱེད་དགོས།
▲ སྤྲི་དཀར་རྫས་འདང་ངེས་བསྡུ་ལེན་བྱེད་དགོས། ཉ་རིགས་དང་བྱ་ཤ་སོགས་ཤ་དཀར་བལྟོས་བཅས་ཀྱིས་མང་ཙམ་ཟ་བ་དང་ཕག་ཤ་སོགས་ཤ་ཉུང་དུ་གཏོང་བ། སྒོ་ང་དང་འོ་མ། སྲན་མའི་ཐོན་རྫས་འོས་འཚམ་མང་དུ་གཏོང་དགོས།
▲ ཚྭ་བསྡུ་ལེན་ཚོད་འཛིན་བྱས་ཏེ་ཉིན་རེར་ཁེ་ལྔ་ལས་བརྒལ་མི་ཆོག
གཉིས། གཉིད་འདང་ངེས་ཡོང་བར་ཁག་ཐེག་བྱ་དགོས།
ཞིབ་འཇུག་ལས་མངོན་པ་ལྟར་ན། གཉིད་ཆུ་ཚོད་བདུན་མ་ཟིན་ན། སྙིང་ནད་དང་ཀླད་པའི་གཟའ་གྲིབ་ཀྱི་ཉེན་ཁ་ཇེ་མཐོར་འགྲོ་སྲིད། མི་དར་མས་སྤྱིར་བཏང་དུ་ཆུ་ཚོད་བདུན་ནས་བརྒྱད་བར་གཉིད་པ་ཁག་ཐེག་བྱདགོས། རྒན་རྒོན་གྱིས་ཀྱང་ཆུ་ཚོད་ལྔ་ནས་དྲུག་བར་ཁག་ཐེག་བྱ་དགོས།
གསུམ། འགུལ་སྐྱོད་འོས་འཚམ་བྱ་དགོས།
དབྱང་ལྡན་འགུལ་སྐྱོད་ཀྱིས་སྙིང་ལ་སྔར་ལས་གསོན་ཤུགས་རྒྱས་ཐུབ། དཔེར་ན། དལ་རྒྱུག་དང་ཆུ་རྐྱལ། ཐའེ་ཅི། ཡོ་ག་སོགས་ལྟ་བུའོ། ཉིན་རེར་སྐར་མ་སུམ་ཅུ་ལ་སྦྱོང་བརྡར་བྱེད་པ་དང་། གཟའ་འཁོར་རེར་ཉུང་མཐར་ཡང་ཐེངས་གསུམ་བྱ་དགོས། ཡུན་རིང་བསྡད་ན་མི་ལེགས་པར། ཆུ་ཚོད་གཅིག་ལ་བསྡད་ན་སྐར་མ་གསུམ་ནས་ལྔ་བར་ཡར་ལངས་ནས་འགུལ་སྐྱོད་བྱ་དགོས། འགུལ་སྐྱོད་བྱེད་སྐབས་སྙིང་གི་འཕར་ཚད་དེ་རྨང་གཞིའི་བརྒྱ་ཆའི་ཉི་ཤུ་ལས་བརྒལ་མི་ཆོག སྐར་མ་རེར་ཐེངས་བརྒྱ་དང་ཉི་ཤུ་ཡས་མས་སུ་ཚོད་འཛིན་བྱེད་ན་ཤིན་ཏུ་ལེགས།
བཞི། ཉིན་རེར་ཆུ་ཕོར་བརྒྱད་འཐུང་དགོས།
མི་དར་མར་ཉིན་རེར་ཆུ་ཧའོ་ཧྲེང་ཆིག་སྟོང་ལྔ་བརྒྱ་ནས་ཆིག་སྟོང་བདུན་བརྒྱ་བར་འཐུང་དགོས། ཕོར་བ་བརྒྱད་(ཕོར་རེར་ཧའོ་ཧྲེང་ཉིས་བརྒྱ)ཙམ་དགོས། སྙིང་ནད་ནད་པས་ཆུ་ཉུང་ཙམ་དང་ཐེངས་མང་འཐུང་དགོས། མཁལ་མའི་བྱེད་ལས་ཆ་ཚང་མིན་ན་འཐུང་ཆུའི་ཚད་འོས་འཚམ་གྱིས་ཉུང་དུ་གཏོང་དགོས།
ལྔ། ཐ་མག་དང་ཆང་གཅོད་དགོས།
རང་འགུལ་དང་གཞན་དབང་གི་ཐ་མག་འཐེན་པ་གང་ཡིན་རུང་། ཚ་ནད་དང་ཁྲག་དབལ་སོགས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་། སྙིང་གི་ཁྲག་རྩའི་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་སྲིད། ཆང་བཅུད་ཀྱང་སྙིང་དང་ཀླད་པའི་ཁྲག་རྩ་ལ་མི་ཕན་སྟེ། སྐྱེས་པས་ཉིན་རེར་ཆང་བཅུད་བསྡུ་ལེན་བྱེད་ཚད་ཆེས་བཟང་ན་ཁེ་ཉེར་ལྔ་ལས་དམའ་བ་དང་། བུད་མེད་ལ་ཁེ་བཅོ་ལྔ་ལས་དམའ་བ། གཟའ་འཁོར་རེར་ཁེ་བརྒྱ་ལས་མི་བརྒལ་བ་བཅས་ཡིན།
དྲུག སེམས་ཁམས་བཟང་པོ་རྒྱུན་འཁྱོངས་བྱ་དགོས།
དུས་ཡུན་རིང་པོར་གནོན་ཤུགས་འོག་ཏུ་གནས་ན། ལུས་སྟེང་གི་པགས་རྫས་ཕྲུན་དང་མཁལ་སྟེང་གཤེར་རྨེན་རྒྱུ་སོགས་སྐུལ་རྩིའི་ཆུ་ཚད་ཇེ་མཐོར་སོང་སྟེ། ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་འགྲོ་སྲིད། དབུགས་འབྱིན་རྔུབ་ཟབ་མོ་དང་བསམ་བློ་གཏིང་ཟབ་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་སེམས་ཁམས་ལྷོད་འཇགས་སུ་གཏོང་བ་དང་། གནོན་ཤུགས་སྐུལ་རྩི་ཟགས་ཐོན་ཇེ་ཉུང་དུ་གཏོང་ཐུབ།
སྙིང་ནས་བྱུང་བའི་ཉེན་ཁའི་བརྡ་རྟགས་ངོས་འཛིན་བྱ་དགོས།
སྙིང་ནད་ཀྱི་འཇིགས་སུ་རུང་བ་ཡིན་པའི་རྒྱུ་མཚན་གཙོ་བོ་དེ། གློ་བུར་དུ་ཐོན་པའི་རང་བཞིན་དང་སྔོན་དཔག་བྱེད་མི་ཐུབ་པའི་རང་བཞིན་ལ་ཐུག་ཡོད། གཤམ་གྱི་མི་བདེ་བའི་རིགས་འགའ་བྱུང་ཚེ། དོགས་ཟོན་ཆེ་རུ་གཏོང་དགོས།
བྲང་ཁོག་འཚང་བ་དང་བྲང་ན་བ།
གལ་ཏེ་གློ་བུར་དུ་བྲང་ཁོག་འཚང་བ་དང་བྲང་ན་བ་མ་ཟད་ཞི་ལྷོད་མི་ཐུབ་པའམ་ཡང་ན་ཡུན་རིང་མ་ལྷོད་པར་ཡང་ཡང་འབྱུང་ཚེ། སྙིང་འགག་གི་སྔ་རྟགས་ལ་དོགས་ཟོན་བྱ་དགོས།
རྒྱུ་རྐྱེན་མེད་པར་ཕོ་བ་མི་བདེ་བ།
སྙིང་གི་གནད་དོན་ནི་བྲང་ན་བ་ཁོ་ན་ཡིན་པའི་ངེས་པ་མེད། ད་དུང་རྔུལ་ཆུ་ཐོན་པ་དང་། སྐྱུག་མེར་སྐྱེས་པ། སྐྱུག་པ། ཕོ་བ་མི་བདེ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། དེ་བས་སྨན་བཅོས་བྱས་ནས་བརྟག་དཔྱད་བྱ་དགོས།
མིག་མདུན་ནག་ལེབ་འགྲོ་བ།
གལ་ཏེ་དུས་ཡུན་ཐུང་ངུའི་མཐོང་ཚོར་ནག་ལེབ་བྱུང་བ་དང་ཐ་ན་འདུ་ཤེས་ཉམས་པ་དང་། ལྷག་པར་དུ་སྔོན་ཆད་སྙིང་རྩ་རེངས་པའི་ནད་དང་སྙིང་ཤའི་ནད་སོགས་ཡོད་ན། མཐོང་ཆེན་བྱ་དགོས་པ་མ་ཟད་དུས་ཐོག་ཏུ་སྨན་བཅོས་བྱ་དགོས།
སྙིང་འཕར་དང་དབུགས་ཐུང་བའམ་ཡང་ན་ཟུངས་ཤུགས་ཞན་པ།
གལ་ཏེ་དབུགས་ལམ་སམ་འཇུ་ལམ་རེད་པ་བྱུང་རྗེས་ནད་རྟགས་འདི་དག་བྱུང་ན། སྙིང་ཤའི་གཉན་ཚད་མཉམ་འདུས་ཡོད་མེད་ལ་དོགས་ཟོན་བྱ་དགོས། ཉེ་ཆར་ངལ་དུབ་ཚད་ལས་བརྒལ་བ་དང་ཐ་མག་འཐེན་པ་འབོར་ཆེན་བྱུང་རྗེས་ནད་རྟགས་དེ་དང་འདྲ་བའི་ནད་རྟགས་བྱུང་ཚེ། མྱུར་དུ་སྨན་བཅོས་བྱས་ནས་བརྟག་དཔྱད་བྱ་དགོས།
དེ་མིན། སྙིང་གི་འགྱུར་ལྡོག་དེ་ལུས་ངོས་ཀྱི་བརྡ་རྟགས་ལ་བརྟེན་ནས་མངོན་སྲིད།
རྣ་འཕྱང་གྱི་ལྟེབ་ཤུལ། རྣ་འཕྱང་ཐོག་ཁྲག་རྩ་ཕྲ་མོ་ཕུན་སུམ་ཚོགས་པོ་ཡོད། གལ་ཏེ་ཁྲག་རྩ་སྲ་འགྱུར་དང་ཁྲག་གི་འཁོར་རྒྱུག་ཡག་པོ་མེད་ན། རྣ་འཕྱང་ལ་ལྟེབ་ཤུལ་མངོན་གསལ་འབྱུང་སྲིད།
སྐེ་སྦོམ་པོར་གྱུར་བ། སྐྱེས་པ་ཚོའི་སྐེ་སྦོམ་ཚད་ལ་ལི་སྨི་༣༩ལས་ཆེ་བ་དང་། བུད་མེད་ཀྱི་སྐེ་སྦོམ་ཚད་ལི་སྨི་༣༥ལས་ཆེ་དུས། རྒྱུན་དུ་ཁྲག་ཤེད་དང་ཁྲག་ཚིལ། ཁྲག་མངར་སོགས་ཅུང་མཐོ་བ་མཚོན་པས། སྙིང་ནད་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།
འཕར་རྩ་ཉོག་པ། རྒྱུན་ལྡན་གྱི་འཕར་རྩ་སྐར་མ་རེར་ཐེངས་དྲུག་ཅུ་ནས་བརྒྱ་བར་ལྡིང་ཞིང་། ཚིགས་འགྲོས་དོ་མཉམ་ཡིན། མགྱོགས་དྲགས་པའམ་དལ་དྲགས་པའམ་ཡང་ན་ཚིགས་འགྲོས་ཉོག་ན། དེ་སྙིང་ནད་འབྱུང་བའི་བརྡ་རྟགས་ཡིན།
རྐང་ལོང་ཆུ་སྐྲངས། གལ་ཏེ་ཡུན་རིང་ལངས་པ་དང་ཡུན་རིང་བསྡད་པའི་རྒྱུ་རྐྱེན་མེད་མོད། ཆུ་སྐྲངས་གསལ་པོ་བྱུང་ན། སྙིང་ཉམས་པ་དང་དལ་བའི་རང་བཞིན་གྱི་སྙིང་ནད་ལ་དོགས་ཟོན་བྱེད་དགོས།
རྐང་མཛུབ་འཁྱག་པ། དྲོ་བའི་ཁོར་ཡུག་ནང་རྐང་པ་སྔར་བཞིན་གྲང་ན། ཁྲག་གི་འཁོར་རྒྱུག་ལ་གནད་དོན་ཡོད་པ་མཚོན། འབྱུང་རྩ་མང་ཆེ་བ་སྙིང་ལ་རག་ལས་ཡོད།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།