རྫོགས་ཆེན་སྙིང་ཐིག་ཡ་བཞིའི་སྨིན་ཁྲིད་བླ་མ་བརྒྱུད་པའི་རིམ་པ།

༄༅།།སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་ས་ནས་བརྒྱུད་པའི་སྙིང་ཐིག་ཡ་བཞིའི་སྨིན་ཁྲིད་བླ་མ་བརྒྱུད་པའི་རིམ་པ་ནི། 

001VNRpwzy6RhqJOsP892&690.jpeg

ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་འཆང་ཆེན། གསང་བདག་ལག་ན་རྡོ་རྗེ།  སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སེང་ཧ། མཁས་པ་ཛྙཱ་ན་སུ་ཏྲ། པན་ཆེན་བཱི་མ་མི་ཏྲ་དང་། 

1556160363235644.jpg

སློབ་དཔོན་པད་འབྱུང་ཡབ་ཡུམ། འདི་ནས་སྙིང་ཐིག་བཀའ་གཏེར་སོ་སོའི་ཉེ་རིང་གི་བརྒྱུད་པ་ཆུ་བོ་གཅིག་རྫོགས་སུ་རྒྱལ་དབང་ཀློང་ཆེན་རབ་འབྱམས་པ་ལ་བཀའ་བབས་ཤིང་། 

u=2915104017,3554298692&fm=15&gp=0.jpg

ཀུན་མཁྱེན་ཀློང་ཆེན་པ་ལས་ཆོས་རྗེ་བྱ་བྲལ་བ་བཀྲ་ཤིས་འབྱུང་གནས། ཆོས་རྗེ་གུ་རུ་གཞན་ཕན་རྡོ་རྗེ། རྒྱལ་སྲས་ནམ་མཁའ་རྡོ་རྗེ། རྒྱལ་སྲས་འོད་གསལ་ཀློང་ཡངས། རྫོགས་ཆེན་པ་བསོད་ནམས་རིན་ཆེན། བྱ་ཁྱུང་ངག་དབང་པདྨ། རྫོགས་ཆེན་པ་བསོད་ནམས་དབང་པོ། 

6a83d661g8f42e8912fdc&690.jpeg

ལྷ་བཙུན་ཀུན་བཟང་འཇིགས་མེད། རྫོགས་ཆེན་པ་ཀློང་རྫོགས་མཐའ་བྲལ། གྲུབ་ཐོབ་རྫོགས་ཆེན་པ་པདྨ་རིག་འཛིན། དཔོན་སློབ་ནམ་མཁའ་འོད་གསལ། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ། ཆོས་རྗེ་དབང་རྒྱལ་རྒྱ་མཚོ།  ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། གྲུབ་དབང་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། རྡོ་གྲུབ་དང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཀུན་མཁྱེན་ཆེན་པོའི་ཞལ་གཟིགས་ཤིང་བླ་མ་ཡང་ཏིག་གི་ཉེ་བརྒྱུད་ཀྱང་བཞུགས། དེ་ལས་མཁན་ཆེན་པདྨ་བཛྲ། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།  མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ།   དེས་བདག་ཅག་གི་རིགས་ཀྱི་བདག་པོ་ཁྱབ་བདག་བླ་མ་པདྨ་སྐལ་བཟང་ལ་གནང་བ་སྟེ། སྟོན་པ་ཕུན་སུམ་ཚོགས་པ་མཁས་བཙུན་གྲུབ་པའི་དབང་ཕྱུག་ཁྱབ་བདག་བླ་མ་རིན་པོ་ཆེ་མཆོག་གིས། དུས་ཕུན་སུམ་ཚོགས་པ་བོད་རབ་གནས་མེ་བྱ་ལོའི་སྟོན་ཟླ་འབྲིང་པོའི་ཡར་ཚེས་ལ། གནས་ཕུན་སུམ་ཚོགས་པ་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཡོན་ཏན་གནས་ཀྱི་གཙོ་བོ་ས་ལ་སྤྱོད་པའི་ཞིང་ཁམས་རུ་དམ་སྐྱིད་ཁྲམ་གྱི་ལུང་ཕུ། སྔོན་དུས་སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་གྱིས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པའི་གནས་ཀྱི་ལྟེ་བ། མཁན་ཆེན་པདྨ་བཛྲ་པས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། འཇམ་མགོན་མི་ཕམ། རྡོ་གྲུབ་བསྟན་པའི་ཉི་མ། ཨ་འཛོམས་འབྲུག་རྒན། ཉག་བླ་བསོད་རྒྱལ་སོགས་མཁས་གྲུབ་སྐྱེས་ཆེན་དུ་མ་ལ་རྒྱུད་རྒྱལ་གསང་སྙིང་སོགས་ནང་རྒྱུད་སྡེ་གསུམ་གྱི་སྨིན་ཁྲིད་ཀྱིས་རྗེས་སུ་བཟུང་སྟེ་འོད་གསལ་ཐེག་མཆོག་གླིང་ཞེས་མཚན་དུ་གསོལ་བ། འཇམ་མགོན་བླ་མ་མི་ཕམ་པས་པདྨ་བསམ་གཏན་བདེ་ལྡན་གླིང་ཞེས་བསྔགས་པ། དེང་གི་དུས་ན་གངས་རིའི་ལྗོངས་ཀྱི་གསང་ཆེན་སྙིང་ཐིག་བསྟན་པའི་བསྟི་གནས་སྒྲུབ་སྡེ་ལུང་རྟོགས་པདྨའི་དགའ་ཚལ་ཞེས་ཡོངས་སུ་གྲགས་པའི་གནས་མཆོག་ཁྱད་པར་ཅན་དུ། འཁོར་ཕུན་སུམ་ཚོགས་པ་དགེ་འདུན་འདུས་པའི་སྡེ་ཁྲི་ཕྲག་ལ་ཉེ་བར། ཆོས་ཕུན་སུམ་ཚོགས་པ་ཡང་གསང་སྙིང་ཐིག་ཡ་བཞིའི་སྨིན་དབང་རྒྱས་པའི་ལུགས་དང་། མཁའ་འགྲོ་ཡང་ཏིག་གི་ཁྲིད་ཡིག་རིན་ཆེན་གསེར་ཕྲེང་རྒྱས་འགྲེལ་བཅས་སྨིན་ཁྲིད་སྦྲག་མ་བཀའ་དྲིན་ཆེན་པོས་ཉེ་བར་བསྩལ་བ་ཐོབ་པའི་སྐལ་བ་བཟང་པོ་མངོན་དུ་གྱུར་པའོ།  བཀའ་གཏེར་སྙིང་ཐིག་སོ་སོའི་ཉེ་རིང་གི་བརྒྱུད་པའི་རིམ་པ་དང་བླ་མ་བརྒྱུད་པའི་རྣམ་ཐར་རྒྱས་པ་སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོར་གསལ་བས་གཟིགས་ཆུབ་ཞུ།།  བསྟན་འཛིན་ལུང་རྟོགས་ཉི་མས་བློ་དམན་ལ་དག་ལ་ཕན་ཕྱིར་བརྒྱུད་ཡིག་ཚིག་ཉུང་དུ་སྤེལ་བ་དགེ། 

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།