རྫོགས་ཆེན་དམར་ཐོ་མ།

སྐུ་བརྙན་འདི་ཉིད་ཀྱི་པར་ཀོང་ནི་བསྟན་པ་སྔར་དར་སྐབས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་སྐབས་སྐུ་དངོས་ཀྱིས་བྱིན་བརླབས་རབ་གནས་སྨོན་ལམ་གཏད་རྒྱ་མཛད་དེ་གཏེར་དུ་སྦས།  ཕྱི་དུས་སུ་རྫོགས་ཆེན་པདྨ་རིག་འཛིན་གྱི་ཐུགས་སྲས་ཉི་ཟླ་སྐར་གསུམ་ལས་སྤྲུལ་བའི་གཏེར་ཆེན་རིག་འཛིན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏི་སེ་ནས་ཟབ་གཏེར་དུ་བཞེས་ཏེ་གྲུབ་ཐོབ་པདྨ་རིག་འཛིན་ལ་ཕུལ།  དེ་ནས་བཟང་གྲུབ་རྫོགས་ཆེན་རིམ་བྱོན་གྱི་རྟེན་སྒམ་དུ་བཞུགས་ཤིང་གྲངས་ཚད་མང་པོ་མི་སྤར་བའི་བཀའ་རྒྱ་མཛད།  སྐྱེ་བོ་སུ་ཞིག་གི་ལུས་ལ་སྐུ་བརྙན་འདི་འཆང་ཚེ་གྲི་མཚོན་གྱིས་གནོད་མི་ཚུགས་པའི་དངོས་བྱུང་གཏམ་རྒྱུད་མང་བས་གནའ་དུས་བོད་ཡུལ་ཀུན་ཏུ་རྫོགས་ཆེན་དམར་ཐོ་མ་ཞེས་བྱིན་བརླབས་ཀྱི་གྲགས་པ་འབར།  བར་ལམ་དུས་འགྱུར་གོ་ཆགས་ཁྲོད་རྫོགས་ཆེན་རྟེན་སྒམ་གྱི་རྟེན་རྫས་གང་སར་འཐོར་འཁྱར་སོང་ཕྱིར་པར་ཀོང་འདི་ཉིད་མི་ལག་འགའ་བརྒྱུད་རྗེས་སྡེ་དགེ་སྒ་ལེན་སྟེང་གི་མི་རྒན་ཞིག་གི་ལག་ཏུ་འབྱོར་བས་ཉར་ཚགས་བྱས། ལས་སྨོན་བདེན་སྟོབས་ཆུད་མི་ཟ་བའི་རྟེན་འབྱུང་གིས་ཕྱི་ལོ་ཉིས་སྟོང་བཞིའི་ལོ་སྟེ་ཤིང་སྤྲེལ་ལོར་རྫོགས་ཆེན་དགོན་དུ་ཕུལ་ཞིང་དེང་གི་ཆར་སྔར་བཞིན་རྟེན་སྒམ་དུ་བཞུགས་སུ་གསོལ། པར་ཀོང་འདི་ཉིད་ལས་བྱུང་བའི་སྐུ་བརྙན་དང་སྔར་གྲུབ་དབང་ལྔ་བ་དང་དྲུག་པའི་ཕྱག་བྱུང་སྐུར་བརྙན་རྣམས་ཞིབ་བསྡུར་བྱས་པས་ཚྭ་ཚྭ་དང་རྐོར་ཕོར་གྱི་དཔེ་ལྟར་འཁྲུལ་མེད་དུ་ངེས་ཤེས་རྙེད་པ་བྱུང་།   སྤྱིར་གནའ་དུས་ནས་གུ་རུ་དམར་ཐོ་མ་ཆུང་བ་དང་ཆེ་བ་རིགས་འདྲ་བའི་སྐུ་ཀོང་ཡོད་དར་ཞེས་རྒན་པོ་དག་ལ་ཤོད་སྲོལ་འདུག་ཅིང་དེང་སང་ཡང་ཅི་རིགས་སྣང་མོད་ཅི།   གཏེར་ཆེན་ཉི་མ་གྲགས་པའི་གཏེར་བྱོན་རྫོགས་ཆེན་དམར་ཐོ་མ་གྲགས་པའི་སྐུ་ཀོང་གཅིག་ཁོ་ན་ལས་མེད་འདི་མངོན་སུམ་ར་འཕྲོད་བྱུང་བས།   ད་ལམ་སྐུ་ཀོང་འདི་ཉིད་ལས་བྱོན་པའི་སྐུ་བརྙན་བྱིན་བརླབས་གཞན་འཚུངས་དང་བྲལ་ཁ་སྐུ་རྒྱུ་རྟེན་འདུས་སྨན་འདམ་ལས་གྲུབ་པ་དང་།   རྫོགས་ཆེན་སིདྷིའི་བུམ་སྒྲུབ་ཆེན་མོ་སོགས་སྒྲུབ་ཆེན་ཁག་གི་དཀྱིལ་འཁོར་དུ་བྱིན་བརླབས་རབས་གནས་ཚད་ལྡན་གྲུབ་པས།  སྐུ་ཚབ་གུ་རུ་བདེ་བ་ཆེན་པོའི་སྐུ་བརྙན་འདི་ཉིད་ཡིད་བཞིན་གྱི་ནོར་བུ་ལྟར་དད་དམ་མཁྱེན་སྤྱོད་དགེ་བས་གཙིགས་སུ་འཛིན་པར་ཞུ་ཞེས།   ༧སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་ནས་མེ་སྤྲེལ་ལོ་སྤེལ་བ་དགེ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།