འབའ་ཡུལ་སེང་ཁྲི་ཆོས་གྲྭ་ཆེན་མོ།

དོན་གཉིས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས།།

ཞི་བ་ཆགས་བྲལ་འགོག་ལམ་དམ་པའི་ཆོས།།

རིག་གྲོལ་ཡོན་ཏན་དཔལ་གྱིས་ཕྱུག་པའི་སྡེ།།

བསླུ་མེད་མཆོག་གསུམ་དམ་པས་ཤིས་པ་སྩོལ།།

གསང་ཆེན་སྔ་འགྱུར་སེང་ཁྲི་ཆོས་གྲྭ་ཆེན་མོའམ་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཆོས་འཁོར་གླིང་འདི་ནི་རྐ་འབའ་སུམ་མདོ་གྲོང་རྡལ་ནས་ཤར་ལྷོའི་མཚམས་ལེ་དབར་བཅུ་དགུའི་སར་རྐ་ཆེ་ཆུང་གི་ཆུ་བོ་གཉིས་ཀྱི་འདྲེས་མདོའི་ནུབ་ངོས་ཏེ། ཡུལ་ལྷའི་རྒྱལ་བོ་གོ་ཆེན་ཞེས་ཡིད་ལྷུང་ལྷ་རི་སྨུག་པོའི་རི་རྒྱུད་དུ་ཡུལ་འདིའི་སྐྱེ་བོའི་ངག་རྒྱུན་ལ་གྲགས་པ་ནི། ས་ལ་བཀྲ་ཤིས་རྟགས་བརྒྱད་རི་མོ་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་གནས་པ་ལས། རྒྱབ་རི་བཀྲ་ཤིས་གདུགས་ལ་བརྟེན་ཅིང་ཕྱོགས་བཞི་སའི་སྲུང་བ་ལྷུན་གྱིས་གྲུབ་པའི་གནས་འདིར་། རྫོང་སྔོན་སྐུ་ཕྲེང་གསུམ་པ་འཇིགས་མེད་བདེ་ཆེན་རྡོ་རྗེ་ཁོང་ཁམས་རྫོགས་ཆེན་དུ་གྲྭ་སར་ཕེབས་དུས་རྗེ་ཉིད་ཀྱིས་རྫོགས་སྤྲུལ་རིན་པོ་ཆེ་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཨ་ཁྲ་གཏེར་སྟོན་རིན་པོ་ཆེ་རྣམས་དང་། ཁྱད་པར་རྫོགས་ཆེན་ཨ་བུ་ལྷ་སྒོང་ངམ་པདྨ་ཐེག་མཆོག་བློ་ལྡན་མཆོག་ལ་མདོ་སྨད་འབའ་ཡུལ་འདིར་སྔ་འགྱུར་རྙིང་མའི་བཤད་གྲྭ་ཞིག་བཙུགས་ན་ཅི་འདྲ་འདུག་ཅེས་སྙན་ཞུ་ཕུལ་དུས། རྫོགས་ཆེན་ཨ་བུ་ལྷ་སྒོང་གི་ཞལ་ནས། རྨེ་བའི་མཁན་ཆེན་ཚེ་དབང་རིག་འཛིན་གདན་དྲངས་ན་བཤད་གྲྭ་འཛུགས་ཐུབ་ཚུལ་དང་།  བཤད་གྲྭ་འཛུགས་སའི་གནས་ཀྱང་ས་འདིར་ལུང་བསྟན་གནང་བ་མ་ཟད། རྫོགས་སྤྲུལ་རིན་པོ་ཆེ་དང་། ཨ་བུ་ལྷ་སྒོང་རྣམ་གཉིས་ནས་མཁན་ཆེན་ཚེ་དབང་རིག་འཛིན་བཤད་གྲྭ་འཛུགས་པར་འབྱོན་དགོས་ཚུལ་ཕྱག་ཡིག་བཅས་ཕུལ་བ་བསྣམས་ནས་རྫོང་སྔོན་ཚང་བླ་མ་ཚེ་དབང་རིག་འཛིན་ཤར་དུང་རི་ན་སྐུ་མཚམས་ལ་བཞུགས་སར་བྱོན་ནས་རྒྱུ་མཚན་རྣམས་ཞུས་དུས་ཁོང་འབྱོན་པར་ཞལ་བཞེས་གནང་། 

1489465997818120.jpeg

རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་སྤྱི་ལོ་༡༩༥༡ ལོར་རྫོང་སྔོན་རིན་པོ་ཆེའི་ཐུགས་བཞེད་བཞིན་དེའུ་རྒན་དགོན་པའི་སྔགས་པ་ཁ་ཤས་མཁན་རིན་པོ་ཆེ་གདན་འདྲེན་ཞུ་བར་སོང་ནས་གདན་འདྲེན་ཞུས། འབྱོན་པའི་ལམ་བར་དུ་ཧོར་ཚོ་བཞིའི་དཔོན་ཆེན་བ་རྒྱ་ནས་ཇ་ཐབ་དང་ཆིབས་བསུས་བསུ་མ་བྱས། སྐབས་དེར་དཔོན་པོ་བ་རྒྱས་བཤད་གྲྭའི་འཛུགས་སྐྲུན་ལ་ཕྱོགས་གང་ཐད་ནས་བདག་གིས་རོགས་རམ་བྱེད་ཅེས་ཁོང་ལ་སྙན་གསན་ཕུལ་དུས་རྗེ་ཉིད་ཀྱི་ཞལ་ནས། འོ་རྟེན་འབྲེལ་ཤིན་ཏུ་ལེགས་སོང་། བོད་ཡུལ་དུ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་རྒྱལ་བའི་བསྟན་པ་ཉིན་མོའི་དཔལ་ལྟར་རྒྱས་པའི་རྟེན་འབྲེལ་དེ་དེ་རིང་འདིར་ངེད་དང་།  རྫོང་སྔོན་སྤྲུལ་སྐུ། ཚོ་དཔོན་བ་རྒྱ་གསུམ་ལ་འཛོམས་འདུག་པས་བསྟན་པ་ཤིན་ཏུ་མཐའ་རྒྱས་ཤིག་འབྱུང་འོང་གསུངས་ཤིང་། ལོ་དེའི་ལོ་སྨད་ཙམ་ནས་བཤད་གྲྭ་གསར་འདེབས་མཛད་པའི་དབུ་བཟུང་། ཚོ་དཔོན་བ་རྒྱ་གཙོས་ཧོར་ཚོ་བཞི་ཤ་སྦྲང་ཚོ་དྲྭག་དགོན་གོང་མ་སོགས་ཡུལ་སྡེ་དུ་མའི་ཚོ་དཔོན་མང་ཚོགས་མང་པོས་མཐུན་རྐྱེན་སྦྱར་ཏེ། གཙུག་ལག་ཁང་ཆུང་ངུ་གྱན་ཉི་ཤུ་ཅན་སྟེང་དུ་རྒྱ་ཕིབས་དང་བཅས་པ་དང་སློབ་གཉེར་གྲྭ་བའི་འདུག་ཁང་ཁང་མིག་བཞི་བཅུ་ལྷག་བཞེངས། འདུལ་བ་གཞི་གསུམ་ཆོ་ག་ཕྱག་བཞེས་མ་ཉམས་པར་བཙུགས་ཏེ་བསྟན་རྩ་འདུལ་བའི་སྡེ་གྲྭ་གཞོན་བདུན་བཅུ་ལྷག་ལ་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་རྒྱ་ཆེར་མཛད་ནས་བསྟན་པའི་གཞི་བཟུང་།  སྐབས་ཤིག་རྫོང་སྔོན་ཚང་གློ་བུར་དགོངས་པ་རྫོགས་ཤིང་བླ་མ་ཚེ་དབང་རིག་འཛིན་ཁོང་དང་པོ་གནས་འདིར་ཕེབ་སྐབས་ལོ་ལྔའི་རྗེས་ཕྱིར་རྨེ་ཡུལ་དུ་འབྱོན་རྒྱུར་ཡུལ་མི་དགོན་སྡེ་བཅས་པས་རེ་བ་ནན་གྱིས་བཏོན་པར།  རྗེ་ཉིད་ནས་ཞལ་བཞེས་མཛད་པའི་དུས་བཅད་ལ་སླེབ་སྟེ་རྨེ་ཡུལ་ནས་བསུ་མར་ཐོན། སྐབས་དེར་ཁོང་གིས་བདག་གནས་འདིར་ཐོན་ཏེ་བཤད་སྒྲུབ་ཀྱི་སྡེ་འདི་ལྟ་བུ་ཞིག་དབུ་ནི་བཟུང་ཚར།  ད་ལྟ་རྫོང་སྔོན་སྤྲུལ་སྐུའང་མི་བཞུགས། གལ་ཏེ་བདག་ཅིས་ཀྱང་འགྲོ་དགོས་ཤར་ན་དཀོན་མཆོག་རིན་ཆེན་ཁྱེད་ཀྱིས་བཤད་གྲྭ་འདི་སྐྱོང་དགོན། ད་ཐེངས་བསུ་མི་རྣམས་དང་ལྷན་ཅིག་བདག་རྨེ་བར་སོང་ནའང་ཡར་ཨེ་ཐོན་མི་གོ་ཞེས་གསུངས་སྐབས་བསུ་མི་རྣམས་ཀྱིས་ཀྱང་ནན་ཞུ་བྱེད་མ་ཕོད་པར་རང་སར་ལོག  རབ་རྒྱལ་ས་ཁྱི་༼  སྤྱི་ལོ༡༩༥༨ ༽ ལོའི་དབྱར་ཁར་གློ་བུར་དུས་འགྱུར་དབང་གིས་དགོན་གཞི་རྟེན་དང་བརྟེན་པར་བཅས་ཁ་འཐོར་སོང་ཞིང་།  ལོ་དེའི་དབྱར་ཁར་དགོན་པ་གྲྭ་ཚང་ཡོངས་ཀྱེ་ཕུར་རྫ་རྒྱུད་དུ་རི་འགོར་བྲོས་བྱོལ་བྱས་ཏེ་སྡོད་སྐབས་བླ་མ་ཚེ་དབང་རིག་འཛིན་ཁོང་གི་ཞལ་ནས་མ་འོང་དགོན་གཞི་བསྐྱར་གསོ་བྱེད་པའི་དུས་ཤིག་སླེབ་འོངས་སྐབས་ཁྱེད་ཀྱིས་བསྐྱར་གསོ་བྱེད་དགོས་ཞེས་གསུངས་པའི་བཀའ་བཞིན། རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོར་རྗེ་ཉིད་ཀྱི་ཐུགས་སྲས་བུ་སློབ་ཡོངས་ཀྱི་ཐུ་བོ་སྐྱབས་རྗེ་བླ་མ་ཡིད་བཞིན་ནོར་བུ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན༧ མཁན་ཆེན་དཀོན་མཆོག་རིན་ཆེན་ནམ་ཐུབ་བསྟན་ཡིད་བཞིན་རྣམ་རྒྱལ་དཔལ་བཟང་པོ་མཆོག་གིས་དགོན་གཞི་སླར་གསོ་མཛད་པའི་དབུ་བཟུང་། སྐབས་དེར་ཡབ་རྗེ་བླ་མ་རིན་པོ་ཆེ་ཁོང་དང་ཕ་ཡུལ་གཅིག་པ་རྗེ་ཉིད་ཀྱི་གྲོགས་མཆེད་ཨ་ཁུ་བསོད་རིག་སོགས་གནས་འདིར་རྗེ་ཉིད་དང་ལྷན་དུ་འོང་།  འདི་ཕྱོགས་ནས་ཨ་ལགས་རལ་གྲི་གཙོས་གདན་ས་འདིའི་སྔོན་གྱི་གྲྭ་སྔགས་རྒན་པ་དེ་རྣམས་ཀྱིས་ཀྱང་རྗེ་ཉིད་དང་ལྷན་དགོན་གཞི་བསྐྱར་འཛུགས་ཀྱི་སྐྱིད་སྡུག་འཚོ་བའི་ཁྲོད་དཔུང་གྲལ་གཤིབ་ནས་ལས་འགན་སྣ་ཚོགས་ཕྲག་ཏུ་བཞེས། བླ་མ་ཚེ་དབང་རིག་འཛིན་གྱི་ཐུགས་སྲས་བུ་སློབ་དམ་པ་མཆོག་སྤྲུལ་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན ༧ ཡབ་རྗེ་བླ་མ་འཇམ་དབྱངས་ཤེར་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་ཀྱང་ཐུགས་ཁུར་རྒྱབ་སྐྱོར་གང་ལེགས་མཛད་ངོགས། ཐོག་མར་ཁོང་གི་ཕྱག་རྒྱུ་གང་ཡོད་ཕུད་བསྟུད་མར་ལོ་ཤས་རིང་གྲྭ་བའི་འདུག་ས་ཁང་མིག་དྲུག་བཅུ་ལྷག་བཞེངས་ཏེ་ཐོག་མར་འདུས་པའི་གྲྭ་བཙུན་བཅུ་ཕྲག་ཁ་ཤས་ལ་མདོ་རྒྱུད་གཞུང་ལུགས་མང་པོ་འཆད་ཁྲིད་རྒྱུན་མ་བཅད་པར་གནང་ཞོར་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པར་བཅས་པའི་གཙོས་དགོན་གཞི་བསྐྱར་བཞེངས་མཛད། སྐབས་འདིར་མཁན་ཆེན་ཚེ་དབང་རིག་འཛིན་གྱི་དངོས་སློབ་ཚེ་དང་སྒྲུབ་པ་སྙོམ་པའི་བྱ་བྲལ་བ་ཡབ་རྗེ་བླ་མ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧མཁན་ཆེན་ཆོས་ཀྱི་དབང་ཕྱུག་དཔལ་བཟང་པོ་མཆོག་ཀྱང་བླ་མ་རིན་པོ་ཆེ་ནས་ཁོང་ལ་རོགས་བྱེད་དགོས་པའི་བཀའ་ལུང་ནང་བཞིན་འདིར་བྱོན་ཏེ་མདོ་སྔགས་རིག་གཞུང་དང་བཅས་པའི་འཆད་ཁྲིད་ཀྱི་བཀའ་དྲིན་སྐྱོང་ཞོར་དགོན་པའི་གཙུག་ལག་ལྷ་སྐུ་རྟེན་བཞེངས་སོགས་ལ་ཞལ་བཀོད་མཛད།   

རྨེ་བའི་མཁན་ཆེན་ཡེ་ཤེས་དར་རྒྱས་ཀྱི་ཡང་སྤྲུལ་སྤྲུལ་རིན་པོ་ཆེ་ཚེ་དབང་རིག་འཛིན་མཆོག་གིས་ཀྱང་བླ་མ་ཡིད་བཞིན་ནོར་བུའི་ཞབས་རྡུལ་སྤྱི་བོར་བླངས་ཤིང་དགོན་པའི་འཛུགས་སྐྲུན་དང་།   གཙོ་ཆེར་སྒྲིག་ཁྲིམས་སོགས་དོན་དག་ཆེ་ཕྲ་གང་ལའང་བླ་མའི་ཞལ་གསུང་ནང་བཞིན་དཀའ་ངལ་ཁྱད་དུ་བསད་དེ་རང་གཅིག་པུས་ལས་འགན་ཡོངས་རྫོགས་ལ་ཆིག་ལྕོགས་སུ་བཞེས་ཏེ་བཀའ་དྲིན་བསྐྱངས།

མེ་བྱི་སྤྱི་ལོ་༡༩༩༦  ལོར་དགོན་གཞིའི་རྩ་བའི་བདག་པོ་འཇའ་ལུས་པ་མཁན་ཆེན་ཚེ་དབང་རིག་འཛིན་གྱི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་༧  ཐུབ་བསྟན་བསྟན་འཛིན་སྙན་གྲགས་དཔལ་བཟང་པོ་མཆོག་ཁྲི་འདོན་མཛད་ཅིང་དགོན་གཞི་ཁོང་གི་ཕྱག་ཏུ་གཏད།

1489466074984939.jpeg  

མཆོག་སྤྲུལ་ཁོང་གིས་ཀྱང་སྐྱབས་རྗེ་བླ་མ་ཐུབ་བསྟན་ཡིད་བཞིན་རྣམ་རྒྱལ་གྱི་ཐུགས་བཞེད་ཞལ་གསུང་ནང་བཞིན་དགོན་པའི་ཕྱི་ནང་གི་བྱ་བཞག་ཡོངས་ལ་འགན་ཁུར་བཞིན་ཡུལ་གྲུ་མང་པོར་གཟུངས་མཆོག་ཡི་གེ་དྲུག་མའི་ཆོས་འཁོར་བསྐོར་ཞིང་བསྟན་འགྲོའི་དོན་རྒྱ་ཆེན་མཛད།   

ཤིང་སྤྲེལ་སྤྱི་ལོ་༢༠༠༤ནས་བཟུང་བཤད་གྲྭའི་ཁོར་ཡུག་གི་རྒྱ་ཁྱོན་ཇེ་ཆེར་བཏང་ཞིང་བཤད་གྲྭའི་སྔར་གྱི་གྲྭ་ཤག་ཁང་པ་རྣམས་གཞི་ནས་ཞིག་གསོ་བྱས་ཏེ་ཁང་མིག་བརྒྱ་ཕྲག་ལྷག་བཞེངས། སྔར་ཡོད་སྒྲིག་ཁྲིམས་སྟེང་སློབ་སྦྱོང་ཕྱོགས་ལ་ཕན་འབྲས་ཆེ་བའི་སྒྲིག་ཁྲིམས་དག་ཁ་གསབ་མཛད་དེ་སློབ་གླིང་ཁོར་ཡུགས་ཕྱོགས་ཡོངས་ནས་སྤུས་ཀ་ཇེ་ལེགས་སུ་བཏང་།  སློབ་གཉེར་བའི་བསླབ་བྱ་གཙོ་བོ།  འདུལ་བ།  ཚད་མ།  མངོན་པ།  ཤེར་ཕྱིན།   དབུ་མ་བཅས་མདོ་ཕྱོགས་བཀའ་པོད་ལྔ་དང་།  གཞན་ཡང་སུམ་རྟགས།  སྙན་ངག  སྒྲ་རྩིས་སོགས་ཐུན་མོང་རྨང་གཞིའི་ཤེས་བྱའི་རིག་གནས་སྐོར།    བློ་སྦྱོང་རྒྱུད་སྡེ་སོགས་ཉམས་ལེན་སྔགས་ཀྱི་ཆོས་ཚན་སོགས་མདོར་ན་མདོ་སྔགས་རིག་གནས་དང་བཅས་པ་མཐའ་དག་ལ་གསན་སྦྱོང་མཛད་པའི་དུས་ཡུན་ཆེས་ཉུང་མཐའ་ལོ་ལྔར་ཐག་བཅད་མཛད། ལོ་རེའི་ལོ་སྟོད་སྨད་རྒྱུགས་ཆེན་གཉིས་དང་། རྒྱུགས་ཀྱི་རྣམ་གྲངས་ལ།   བློ་རྒྱུགས།  འཆད་རྒྱུགས།  རྩོད་རྒྱུགས།   ཡིག་རྒྱུགས།   བགྲོ་གླེང་དམ་བཅའ་དང་བཀའ་པོད་དམ་བཅའ་སོགས་དང་།   ལོ་ལྔ་ནས་ལོ་ལྔའི་སྦྱངས་འབྲས་ཁྱོན་ཡོངས་སྟེང་རབ་འབྲིང་ཐ་མའི་ཡོན་ཚད་དང་བསྟུད་མཐར་ཕྱིན་འཛིན་རྟགས་སམ་ཤེས་ཡོན་གྱི་མཚན་བཏགས་གནང་རྒྱུ་དང་།   སློབ་ཁྲིད་དང་གནང་བའི་དུས་ཚོད་ཀྱང་།  ཟླ་བ་རེ་ལ་ཉིན་གསུམ།  ལོ་གཅིག་ལ་ཟླ་བ་གཅིག་ལས་ངལ་གསོའི་དུས་ཉིན་གཅིག་ལའང་མེད་པར་སློབ་ཁྲིད་ཀྱི་བྱ་བཞག་ཁོ་ན་བྱས་ཏེ།  ཉིན་རེའི་དུས་ཚོད་གཏན་འཁེལ་ཞོགས་པའི་ཆུ་ཚོད་ལྔ་ནས་རང་སྦྱོང་བློ་འཛིན།   བརྒྱད་ནས་དགུ་བར་ནངས་ཇ།   དགུ་ནས་བཅུ་གཅིག་བར་སྔ་དྲོའི་སློབ་ཐུན་སྐྱོར་སྦྱོང་།   བཅུ་གཅིག་ནས་བཅུ་གཉིས་བར་ཁྱིམ་གྱི་རང་སྦྱོང་སློབ་ཐུན།   བཅུ་གཉིས་ནས་གཅིག་བར་དྲོས་ཇ།   གཅིག་ནས་གཅིག་ཕྱེད་བར་གུང་སེང་སྤྲོ་འཆམ། གཅིག་ཕྱེད་ནས་གསུམ་ཕྱེད་བར་ཕྱི་དྲོའི་སློབ་ཐུན་སྐྱོར་སྦྱོང་།   གསུམ་ཕྱེད་ནས་ལྔ་བར་ཁྱིམ་གྱི་རང་སྦྱོང་སློབ་ཐུན།   ལྔ་ནས་ལྔ་ཕྱེད་བར་ཕྱི་དྲོའི་ཁམས་བསང་།    ལྔ་ཕྱེད་ནས་དྲུག་བར་ཆོས་སྤྱོད་སྐུ་རིམ།   དྲུག་ནས་བདུན་བར་ཆོས་རྩོད།   བདུན་ནས་བརྒྱད་བར་ནུབ་ཇ།   བརྒྱད་ནས་བཅུ་བར་རང་སྦྱོང་བཅས་མདོར་ན་ནམ་རྒྱུན་བཤད་གྲྭའི་གླིང་གི་བྱ་བཞག་ཡོད་ཚད་ཉིན་གཅིག་གི་དུས་ཚོད་སྒྲིག་གཞི་ལས་མི་འདའ་བར་འབད་དགོས་པའི་སྒྲིག་སྲོལ་གཙུགས་ནས་སྤྱི་ལོ་༢༠༠༦ལོའི་ཟླ་བརྒྱད་པའི་ཚེས་བཅུ་ཉིན་སློབ་ཁྲིད་སྒྲིག་གཞི་གསར་བའི་བཀོད་པ་ནང་བཞིན་སློབ་འགོ་བཙུགས།     ཉིན་དེར་སྐྱབས་རྗེ་བླ་མ་ཡིད་བཞིན་ནོར་བུ་བཤད་གྲྭའི་ནང་ཕེབས་གནང་མཛད་དེ་སྙིང་ཐིག་སྔོན་འགྲོའི་ངག་འདོན་དང་འཇམ་དབྱངས་གང་བློའི་ལྗགས་ལུང་བཅས་བསྩལ་ནས་བཤད་གྲྭའི་མཁན་སྤྲུལ་གྲྭ་ཚང་ཡོངས་ལ་བཀའ་སློབ་གནང་།   ལོ་འདིར་བཤད་གྲྭ་པ་དགུ་བཅུ་གོ་དྲུག་སྟེང་ལོ་རེར་སློབ་གཉེར་བ་ཇེ་མང་ལ་སོང་།   བཤད་གྲྭའི་མཁན་པོ་ཡང་གསེར་ལྗོངས་བླ་མ་རུང་དང་རྨེ་བ་དགོན་ཆེན་ནས་གདན་ཞུས་གནང་།   ཁྱད་པར་ལོ་དུ་མར་བླ་རུང་མཁན་པོ་ལྡན་གྲོལ་དང་མཁན་ཆོས་ཀུན་རྣམ་གཉིས་ནས་བཀའ་དྲིན་ཚད་མེད་བསྐྱངས།   ཉིས་སྟོང་བཅུ་གཅིག་ལོའི་ཟླ་བརྒྱད་པར་ལོ་ལྔར་སྦྱངས་འབྲས་གཟེངས་ཐོན་གྲྭ་བཙུན་སྐོར་ཞིག་གིས་ཤེས་ཡོན་སྦྱངས་འབྲས་མཆོག་ཏུ་གྱུར་བའི་མཚན་རྟགས་བླངས།     

འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ལོ་ལྔའི་དུས་ཡུན་འདིའི་ནང་དགོན་གླིང་འདིའི་གྲྭ་བཙུན་ཡོངས་ནས་སེམས་ཁམས་སྟོང་ལྷང་ལྷང་གྱུར་བའི་ཉིན་མོ་ཞིག་སྟེ་ཉིས་སྟོང་དགུ་ལོའི་ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན་སྐྱབས་རྗེ་བླ་མ་ཡིད་བཞིན་ནོར་བུ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་ ༧ ཐུབ་བསྟན་ཡིད་བཞིན་རྣམ་རྒྱལ་དཔལ་བཟང་པོ་མཆོག་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་མཛད་དོ།།    ཉིས་སྟོང་བརྒྱད་ལོ་ནས་བཟུང་དགོན་པའི་ཐོས་བསམ་སྒོམ་སྒྲུབ་ཀྱི་འཁོར་ཡུག་སྔར་ལས་ཀྱང་རྒྱ་ཁྱོན་ཇེ་ཆེར་བཏང་སྟེ་དགོན་གླིང་འདིར་ཆོས་སྡེ་བཞི་བཙུགས།

འབའ་སེང་ཁྲི་སྐུ་གསུམ་མཁའ་འགྲོའི་འདུ་གླིང་། 


                   ࿑ སེང་ཁྲི་ཆོས་གྲྭ་བཙུགས་ནས་ད་ལྟའི་བར་བཙུན་མའི་སྡེ་མེད་པའི་རབ་བྱུང་གི་སྡེ་རྐྱང་པ་ཡིན་ཞིང་། སྤྲུལ་རིན་པོ་ཆེ་ཉིད་ལའང་དང་པོ་ནས་བཙུན་མའི་སྡེ་གསར་འཛུགས་གནང་རྒྱུའི་ཐུགས་དགོངས་མེད་པས། སྔ་གཞུག་ཏུ་རྗེ་ཉིད་ཀྱི་མདུན་བུད་མེད་རྣམས་ལས་རབ་ཏུ་བྱུང་བ་ཡིན་ཟེར་བ་མང་པོ་བྱུང་ཡང་དེ་དག་ལ་ནབ་བཟའ་གསོལ་ནས་བཟོད་བཙུན་མའི་ཆོས་སྡེ་གཞན་དུ་འགྲོར་བཅུགས། སྤྱི་ལོ་༢༠༠༨ ལོའི་བོད་ཟླ་ ༤ པར་མཆོག་སྤྲུལ་ཁོང་ཉིད་གཙོས་ཐོས་བསམ་ནོར་བུའི་སློབ་གླིང་ཐེངས་དང་པོའི་འཛིན་གྲྭ་དགེ་སློབ་ཡོངས་རེབ་གོང་འབྲོང་ལུང་དབེན་པའི་རི་ཁྲོད་དུ་བྱོན་སྐབས་ཆོས་སྡེ་བཞི་འཛུགས་རྒྱུའི་རྟེན་འབྲེལ་འགྲིགས། དེའི་ཚུལ་ནི་རྗེ་ཉིད་ཀྱི་ཞལ་ནས། ངེད་ཚོ་འབྲོང་ལུང་རི་ཁྲོད་དུ་སོང་ནས་ངས་ཉིན་བདུན་རིང་ལ་རྒྱལ་སྲས་ལག་ལེན་ཞིག་འདོན་ཁུལ་བྱས་ཏེ་མཇུག་གྲུབ་པའི་ཉིན་སྔ་དྲོ་ང་ཚོ་ཚང་མ་གླེ་ཕྱོར་ལབ་ཙེ་སྒང་དུ་ལྷ་བསང་རེ་བཏང་སྟེ་སྐྱིད་སྐྱིད་བྱེད་དུ་སོང་ནས་ཕྱི་དྲོར་ཆོས་ཐུན་མཇུག་དྲིལ་སྐབས་ཕྱི་རོལ་གྱི་སྣང་བ་སྐྱིད་ས་ཞིག་ཏུ་ཆོས་ཁྲིད་འཇུག་གྲུབ་པར་བྱེད་འདོད་ནས་སྒྲུབ་ཁང་གི་ཕྱི་རོལ་ཏུ་བུད་དུས་ཁང་པའི་རྒྱབ་ཕྱོགས་དང་ཅུང་ཐག་རིང་སར་ནགས་དང་བྲག་རི་སོགས་ཕར་བལྟས་ཚོད་ཀྱིས་གནས་ཉམས་དགའ་བ་ཞིག་ཏུ་བྱ་རིགས་མང་པོས་གཡས་སུ་ལྡིང་སྐོར་བྱེད་ཀྱིན་འདུག  དེ་ནས་གནས་དེར་འགྲོ་འདོད་ནས་བྲག་རྩར་ཕྱིན་དུས་གནས་དེའི་ས་ངོས་ཀྱི་སྲོག་ཆགས་དང་ནམ་མཁའི་བྱ་རིགས་མང་པོས་དུས་གཅིག་ཏུ་སྐད་སྙན་སྣ་ཚོགས་སྒྲོག་བྱུང་།   ང་ཚོ་གནས་འདིར་ཉིན་བདུན་སྡོད་པའི་རིང་ལ་འདི་ལྟ་བུ་མ་བྱུང་བས་ཤིན་ཏུ་ཉམས་དགའ་བའི་སྣང་བ་ཁྱད་པར་བ་ཞིག་བཅོས་མིན་དུ་སྐྱེས་སོང་།  དེ་ནས་བྲག་གསེང་དེ་ན་མི་གཅིག་གི་འདུག་སར་ཚད་དང་ལྡན་པའི་སྤང་མདོག་ཁ་དོག་སེར་པོ་ཁྲི་ལྟ་བུ་ཞིག་འདུག་པ་དེར་ང་རང་བསྡད་དེ་མདུན་ཕྱོགས་སུ་བལྟ་དུས་མདུན་ཕྱོགས་ཀྱི་ནམ་མཁའི་མཐོངས་ཡངས་ཁྲོལ་ལེར་འདུག   སྐབས་དེར་བདག་གི་སེམས་ལ་སྐྱབས་མགོན་ཚོགས་དྲྭག་རང་གྲོལ་གྱི་འབྲོང་ལུང་གནས་བསྟོད་ཅིག་ཏུ།   སྟེང་ནམ་མཁའ་ཡངས་ཤིང་ཉི་ཟླ་འཆར། །  དེ་ལྟ་སྒོམ་ཉམས་སུ་ལོན་པའི་རྟགས། །  ཞེས་པ་དེའང་ཡིད་ལ་རང་བཞིན་གྱིས་ཤར་འོང་ནས་སྤྲོ་སྣང་གི་ཉམས་ཁྱད་པར་བ་བརྟས།  སྐབས་དེར་གྲྭ་བ་རྣམས་ལས་གཞན་བཙུན་མ་གཉིས་དང་དགེ་བསྙེན་གཅིག་བཅས་ཀྱང་གནས་དེར་ཐོན་འདུག  དེ་དུས་རང་སེམས་བཅོས་མིན་སེམས་ཀྱི་འདུ་བྱེད་ལ་རྟེན་འབྲེལ་ཁྱད་པར་བ་འགྲིགས་པའི་དགའ་བ་འབུམ་གྱིས་མྱོས་བཞིན། ད་ནི་དགོན་གླིང་དུ་ཆོས་སྡེ་སྔར་ཡོད་བཤད་གྲྭ་དང་ཐོས་བསམ་ནོར་བུའི་སློབ་གླིང་གཉིས་ཀྱི་སྟེང་གཞན་བཙུན་མའི་གླིང་ཞིག་དང་དགེ་བསྙེན་གྱི་སྡེ་གསར་བཛུགས་བྱེད་དགོས་པའི་རྟེན་འབྲེལ་དུ་བསམ་ནས། འོ་ལགས་སོ་དེ་རིང་ངེད་ཅག་གི་ཆོས་ཁྲིད་མཐར་ཕྱིན་པའི་ཉིན་མོ་ཡང་ཡིན་ལ་ང་རང་ལ་ཕྱོགས་གང་ཐད་ནས་རྟེན་འབྲེལ་ཤིན་ཏུ་ལེགས་པོ་ཞིག་འདུག    དཔེར་ན་རྒྱལ་བོ་གང་ཞིག་ཕ་རོལ་ཐ་མལ་བའི་དགྲ་ལས་རྒྱལ་བར་བྱེད་པ་ལའང་འཁོར་དཔུང་ཚོགས་བཞི་ལ་བརྟེན་ནས་ང་རྒྱལ་དང་ཞེ་སྡང་གི་སེམས་སྟོབས་ཆེན་པོས་གཡུལ་ལས་རྒྱལ་དགོས་པ་ལྟར་འུ་ཅག་དྲིན་གྱིས་སྐྱོང་བའི་མ་རྒན་སེམས་ཅན་རྣམས་ཚེ་རབས་འཁོར་བ་ཐོག་མ་མེད་ནས་ད་ལྟའི་བར་ཉོན་མོངས་པའི་དགྲ་བོའི་དབང་དུ་གྱུར་ནས་འཁོར་བར་འཁྱམས་པ་ཡིན་ན་ད་ནི་ཉོན་མོངས་དགྲ་ལས་ཅིས་ཀྱང་རྒྱལ་བར་བྱེད་པ་ལ་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྙིང་སྟོབས་བསྐྱེད་དེ་འཁོར་བའི་གཡུལ་ལས་རྒྱལ་བའི་གྲོགས་སུ་དཔུང་ཚོགས་བཞིའི་ཚུལ་དུ་ཆོས་སྡེ་བཞི་བཙུགས་ནས་ཉོན་མོངས་པའི་དགྲ་ཕྱོགས་སུ་གཡུལ་དུ་ཆས་ན།  མ་འོངས་པར་དོན་འབྲས་ཉི་མ་ཤར་བ་ལྟ་བུ་ཞིག་འབྱུང་འོང་བ་ཁྱེད་རྣམས་པས་ཀྱང་ཡིད་ཆེས་རེ་སྐྱེད་དང་འདི་ནི་རྟེན་འབྲེལ་བསླུ་བ་མེད་པའི་མཚོན་རྟགས་ཡིན་ཞེས་བདག་གིས་མཛུབ་མོ་གསུམ་ཀེར་ཏེ་འདྲ་ཞིག་བརྒྱབ་དུས་འདྲ་པར་སྟེང་འོད་ཐིག་ཟླུམ་པོ་ཁ་དོག་སྔོ་ལ་དྭངས་པ་ཞིག་བབ་འདུག     དེ་དུས་ངས་ཁོ་ཚོ་ལ་བཤད་རྒྱུར་འདི་ནི་གྲུབ་རྟགས་སོགས་ཅི་ཡང་མ་རེད་འདྲ་པར་ལེན་ཕྱོགས་ཤིང་གིས་ཡིན་ཡང་རྟེན་འབྲེལ་ཁྱད་པར་བ་རེ་རེད།  ད་ནི་ཁྱེད་རང་ཚོ་ཡང་བྲག་གསེང་འདིར་གང་སར་ཐར་ཐོར་དུ་བསྡད་ནས་སེམས་རྒྱ་བསྐྱེད་དེ་ཆུ་ཚོད་སྐར་མ་འགའ་རེར་བྱང་ཆུབ་ཀྱི་སེམས་རེ་སྒོམས་ཞེས་ཕྱོགས་སོ་སོར་འདུག་ཏུ་བཅུག་ནས་ཐུན་བཅད་དེ་སྡོད་སྐབས་དེ་དག་ལ་པར་རེ་རྒྱག་ཏུ་གཞུག་དུས་དེ་དག་གི་སྟེང་དུའང་འཇའ་འོད་ལྟ་བུའི་རྣམ་པ་མང་པོ་དོད་འདུག   དེ་དུས་ངས་ཁོ་ཚོ་ལ་ད་ནི་རྟེན་འབྲེལ་ཤིན་ཏུ་ལེགས་པོ་འདུག་ང་ཚོ་བླ་མ་འཇའ་ལུས་པའི་ཆོས་བརྒྱུད་དྲི་མ་མེད་པ་འདིར་ཆོས་དང་དམ་ཚིག་རྣམ་པར་དག་པས་འབད་ན་མ་འོང་གྲྭབ་འབྲས་མངོན་དུ་གྱུར་པའི་རྟགས་མཚན་རེད་འདུག   སྤྱིར་འབྲོང་ལུང་དབེན་རི་འདིར་བདག་གི་བསྟན་འགྲོ་ལ་ཕན་པའི་བྱ་གཞག་མཐའ་དག་དང་ཁྱད་པར་ཕྱོགས་གང་སར་མ་ཎི་དགེ་བསྐུལ་བྱེད་རྒྱུའི་རྟེན་འབྲེལ་སོགས་ཚང་མ་གནས་འདི་ནས་འགྲིག་པ་ཁོ་ན་ཡིན། དེ་རིང་ཡང་ཆོས་སྡེ་བཞི་འཛུགས་རྒྱུའི་རྟེན་འབྲེལ་འགྲིགས་པ་སོགས་ལ་བསམ་བློ་བཏང་ན་གནས་འདི་འཕགས་པ་ཐུགས་རྗེ་ཆེན་པོའི་གནས་རི་ཞིག་ཡིན་པ་ཐེ་ཚོམ་མི་འདུག་འདི་ལ་ཁྱེད་ཚོས་ཡིད་ཆེས་བྱོས། བདག་གིས་སྔོན་ཆད་ཞབས་དཀར་པའི་གནས་བསྟོད་དུ།གནས་འདི་འདྲ་ཡུལ་ཕྱོགས་གཞན་ན་དཀོན། ། ཟེར་བ་སྔོན་ནས་མཇལ་མྱོང་ཡང་དེ་ནི་ཚིག་ཡག་ཡག་གི་བསྟོད་ཚིག་ཁོ་ནས་གནས་ཡག་པོ་སྐྱིད་པོ་དཀོན་ཟེར་བ་ཡིན་འདུག་བསམ་ཀྱང་རང་གི་ནོར་འཁྲུལ་རེད། ངོ་མ་གནས་འདི་ལ་གཞན་དང་མི་མཚུངས་པའི་དཀོན་པའི་ནུས་པ་ཁྱད་པར་ཅན་ཞིག་ཡོད་འདུག  དེའི་ཕྱིར་དེ་རིང་ང་སྡོད་པའི་འདུག་ས་འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་ནང་རྟེན་ཅན་གྱི་གྲུ་འཛིན་ལྷ་ཁང་ཟེར་བ་ཞིག་གསར་བཞེངས་མཛད་དགོས། དེའི་རྒྱུ་མཚན་ཡང་མ་འོང་པར་གནས་འདི་ལ་གནས་མཇལ་བ་དང་སྨོན་ལམ་འདེབས་པ་རྣམས་ཀྱིས་ཀྱང་སྨོན་ལམ་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་རྟེན་སྐལ་དུ་ཡིན། ཞེས་བཤད་རྗེས་དེ་མ་ཐག་དགོན་ནང་དུ་བླ་མའི་མདུན་སར་ཁ་པར་གྱི་ལམ་ནས་གྲུ་འཛིན་ལྷ་ཁང་གསར་བཞེངས་ཀྱི་རྟེན་འབྲེལ་སོགས་ཞུས་དུས།  བླ་མའི་ཞལ་ནས།  ཤིན་ཏུ་ལེགས་པོ་འདུག་གནས་དེར་གདུགས་དཀར་དང་བསམ་ལྷུན་སྒྲོལ་མའི་དར་ཞིག་བཙུགས་ན་ལེགས་གསུངས།  སྐབས་དེར་ཡུལ་དེའི་མི་སྐྱ་མིང་ལ་གདུགས་དཀར་ཟེར་བ་ཞིག་གིས་གདུགས་དཀར་དང་སྒྲོལ་མའི་དར་ལྕོག་ཞིག་བཟུང་ནས་གནས་དེར་ཐོན་འདུག་པས་ལྷ་ཁང་ལེགས་འགྲུབ་འབྱུང་བའི་རྟེན་འབྲེལ་འགྲིགས།  རྗེས་སུ་ལྷ་ཁང་རྟེན་དང་བརྟེན་པར་བཅས་ལེགས་འགྲུབ་བྱུང་ནས་རབ་གནས་མཛད་སྒོའི་མཇུག་གྲུབ་རྗེས་དད་ལྡན་མང་ཚོགས་ཡོངས་ལ་དེ་རིང་ནི་ལྷ་ཁང་བཞེངས་ནས་མཇུག་གྲུབ་པའི་ཉིན་མོ་རེད། དེ་རིང་ངེད་ཅག་གིས་ཆོས་སྐལ་ཞིག་ལེན་དགོས།  ཆོས་ཀྱི་རྡོ་རྗེ་ཁྱོད་སོང་ལ་ཞབས་དཀར་བའི་གསུང་འབུམ་དེ་ཁྱེར་ཤོག་དེའི་ནང་ནས་ཆོས་སྐལ་ཞིག་ལོངས་ཞེས་བཤད་རྗེས།  ཆོས་ཀྱི་རྡོ་རྗེས་གསུང་འབུམ་ཁྱེར་ཡོང་ནས་དུམ་པ་གཅིག་གི་ནང་ནས་ཆོས་སྐལ་ཞིག་བླངས་དུས། མཚམས་དེར་འབྲོང་ལུང་དབེན་རི་དེ་འཕགས་པ་ཐུགས་རྗེ་ཆེན་པོའི་གནས་རི་ཞིག་ཡིན་པར་གསུངས་འདུག  དེ་དུས་ང་རང་ཉིད་ཀྱི་བསམ་ཚུལ་དང་རྟེན་འབྲེལ་གང་ཐད་ནས་འགྲིག་འདུག་པ་ལ་རང་གིས་རང་ལ་ཡིད་ཆེས་དང་བཅས་དགའ་བ་ཁྱད་པར་བ་ཞིག་དང་། ཡང་ཕྱོགས་གཞན་ཞིག་ནས་ཐོག་མཐའ་བར་གསུམ་གྱི་བྱ་བ་འདི་ལྷད་མེད་ཡང་དག་ཅིག་ཡིན་ཡང་གཞན་གྱིས་འདི་ལྟ་བུ་ལ་ཡིད་ཆེས་རྒྱུ་མ་རེད་སྙམ་པའི་དོགས་པ་ཞིག་ཀྱང་ཤར་འོང་ངོ།  ། ཞེས་གསུངས་སོ།   །དེ་ལྟར་འཕགས་པ་ཐུགས་རྗེ་ཆེན་པོའི་ནང་རྟེན་ཅན་གྱི་གྲུ་འཛིན་ལྷ་ཁང་གསར་བཞེངས་རྟེན་འབྲེལ་དང་། བསྟན་འགྲོར་ཕན་པ་མི་ཟད་པ་འབྱུང་གཞིར་ཕྱི་ནང་དགོངས་གཞི་དུ་མའི་དབང་གིས་ཆོས་སྡེ་བཞི་འཛུགས་རྒྱུའི་རྟེན་འབྲེལ་བཅས་ལྷན་དུ་འགྲིགས་ནས་དུས་བབ་མཛད་སྒོ་དུ་མ་ནས་བསྟན་འགྲོར་ཕན་པའི་ཐུགས་བསྐྱེད་རྣམ་པར་དག་པའི་གསོས་བཏབ་སྟེ། སྤྱིར་ཆོས་སྒྲུབ་རྟེན་ལུས་ཕོ་མོ་དང་རིགས་བཟང་ངན་ན་ཚོད་རྒན་གཞོན་མེད་པར་སུས་ཀྱང་ཆོས་སྒྲུབ་ལ་ལ་དེ་སྒྲུབ་སའི་ཁོར་ཡུག་བཟང་པོ་ཞིག་ལ་བརྟེན་ནས་དང་པོར་བསྒྲུབ་ལུགས་ཤེས་རྒྱུ་གལ་ཆེ་ཞིང་། ཁྱད་པར་ཡུལ་འདིར་མཚོན་ན་བུད་མེད་རྣམས་ཀྱི་ཁྲོད་ཆོས་བསྒྲུབ་འདོད་ཀྱི་བློ་སྐྱེས་པ་ལས་མི་དམན་པ་ཡོད་ཀྱང་དེ་སྒྲུབ་སའི་ཁོར་ཡུག་མཐུན་རྐྱེན་ཅུང་དཀའ་བས་རང་གར་མི་ཚེ་ཤོར་འགྲོ་བ་ཧ་ཅང་མང་།  འདིར་དམིགས་ནས་དགོས་པ་ལ་དེ་དག་ལ་ཆོས་སྒྲུབ་པའི་མཐུན་རྐྱེན་བསྒྲུབ་རྒྱུ་ནི་གལ་ཆེ་བའི་ཁར་ཕྱི་ནང་གི་རྟེན་འབྲེལ་དུ་མས་ཀྱང་རྐྱེན་བྱས་ཏེ།  སྤྱི་ལོ་༢༠༠༨ལོའི་ཟླ་༥བའི་ཡར་ཚེས་ལ་དགོན་གླིང་དང་ཅུང་བར་ཐག་རིང་བའི་ནུབ་བྱང་མཚམས་བཙུན་མའི་བཤད་གྲྭ་གསར་འདེབས་མཛད་རྒྱུའི་དགོངས་བཞེད་ལྟར། དེ་སྔོན་རྗེ་ཉིད་ཀྱི་མདུན་ནས་རབ་ཏུ་བྱུང་བའི་བཙུན་མ་བཅུ་གསུམ་གྱི་གཞི་བྱས། དུས་དེར་གསར་ཞུགས་བཙུན་མ་རྣམས་དང་བཅས་ས་དེར་སྦྲ་གུར་བརྒྱབ་ནས་དབུ་བཙུགས། ལོ་འདིའི་དབྱར་ཐོག་སྦྲ་གུར་འཚོ་བས་བསྐྱལ་ནས་ལོ་དེའི་ཟླ་དགུ་བའི་ཚེས་བཅོ་བརྒྱད་ལ་གྲྭ་ཤག་ཁང་མིག་ཉི་ཤུ་ལྷག་འཛོམས་པའི་ནང་སྤོར་སྐབས་བཙུན་མ་བཞི་བཅུ་ནས་རིམ་བཞིན་ཉིས་བརྒྱ་ལྷག་དང་ལྷན་ཏུ་སོན།  གླིུང་འདིར་བཤད་སྒྲུབ་གཉིས་ལས་ཀྱང་སྒྲུབ་པ་གཙོ་བོར་བྱེད་དགོས་པའི་འཆར་གཞིའི་སྟེང་། བཙུན་མ་སུ་ཡིན་གསར་དུ་ཞུགས་པ་ནས་ཨྱོན་སྨིན་གྲོལ་གླིང་བའི་བཅའ་ཁ་ཕྱག་ལེན་འདོན་རྟ་དབྱངས་གསུམ། ཀློང་ཆེན་སྙིང་ཐིག་ཆོས་སྤྱོད་ཉམས་བཞེས་རང་བཞིན་རྩ་གསུམ་དང་། བསྐང་གསོལ། ཞི་ཁྲོ། ཐུགས་ཆེན། སེང་གདོང་། ཕུར་བ་སོགས་ཚོགས་འདོན་དང་། འབུད་རྡུང་སོགས་བྱང་ཆུབ་པར་བྱས་རྗེས་ད་གཟོད་ཉམས་ལེན་བློ་སྦྱོང་ཆོས་ཚན་ནས་རིམ་བཞིན་དབང་ལུང་གདམས་ངག་སྨིན་ཁྲིད་སོགས་རྫོགས་པར་བྱས་རྗེས་རང་སར་ཉམས་ལེན་ལེགས་པོ་རེ་ལ་སྦྱང་དགོས་སོ།། མདོར་ན་ཉིན་རེའི་བྱ་བཞག་ཡོངས་དུས་ཚོད་དང་བསྟུན་ཕྱིར་གླིང་འདིའི་ཉིན་རེའི་དུས་ཚོད་སྒྲིག་གཞི་ཡང་། ནངས་པར་ཆུ་ཚོད་ལྔ་ཕྱེད་ནས་ཡར་བཞེངས། ལྔ་ཕྱེད་ནས་བདུན་ཕྱེད་བར་བློ་སྦྱོང་རྩ་བ་བློ་འཛིན། བདུན་ཕྱེད་ནས་དགུ་བར་ནངས་ཇ། དགུ་ནས་བཅུ་གཅིག་ཕྱེད་བར་ཆོས་ཐུན། བཅུ་གཅིག་ཕྱེད་ནས་བཅུ་གཉིས་བར་རྩ་འདོན་རེས་མོས། བཅུ་གཉིས་ནས་གཉིས་ཕྱེད་བར་དྲོས་ཇ། གཉིས་ཕྱེད་ནས་བཞི་བར་བསྐྱར་སྦྱོང་། བཞི་ནས་བཞི་ཕྱེད་བར་བར་གསེང་། བཞི་ཕྱེད་ནས་བདུན་བར་ཆོས་སྤྱོད་རིམ་གྲོ་དང་གསོལ་ཁ། བདུན་ནས་བརྒྱད་ཕྱེད་བར་དགོངས་ཇ། བརྒྱད་ཕྱེད་ནས་དགུ་བར་སྒོམ་ཐུན། དགུ་ནའ་བཅུ་ཕྱེད་བར་བསྐྱར་སྦྱོང་། བཅུ་ཕྱེད་ནས་གཟིམས་བརྡ། ཟླ་བ་རེའི་ཚེས་བཅོ་ལྔ་དང་གནམ་གང་ཉིན་ཁྲུས་ཆོག་དང་། ཡར་ངོས་ཚེས་བཅུ་དང་མར་ངོས་ཚེས་ཉེར་ལྔ་ཉིན་ཧྲིལ་བོར་ཚོགས་བསྐང་། ངལ་གསོའི་དུས་ཡུན་ཟླ་བ་རེར་ཉིན་གསུམ་ལས་སྤོང་ཀློག་གི་ལས་ཁོ་ནར་བརྩོན་བཞིན་པ་ཡིན་ནོ།།   །།

འབའ་སེང་ཁྲི་བདེ་ཆེན་ལྷུན་འགྲུབ་གླིང་། 

 ࿑ བཙུན་མའི་གླིང་དང་ལྷན་ཅིག་ཉིན་དེར་དགོན་པའི་བྱང་ཕྱོགས་སུ་ཁྱིམ་པའི་རྟེན་ལ་དགེ་བསྙེན་གྱི་སྡོམ་པ་གང་རུང་བླངས་ཏེ་དུས་རྒྱུན་དུ་མཚམས་བསྙེན་སྒྲུབ་བྱེད་པ་རྣམས་ཀྱི་སྡོད་གནས་སུ་དགེ་བསྙེན་གྱི་སྡེ་བཙུགས་ཤིང་དེང་སང་དགེ་བསྙེན་ཁྱིམ་པ་སུམ་ཅུ་ལྷག་རྒྱུན་དུ་བཞུགས་བཞིན་པ་བཅས་སོ།།  །།

ཟབ་མོ་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད།།

ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས།།

འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར།།

མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།