སྐུ་འབུམ་དགོན་པ།

u=4208689873,1012618346&fm=200&gp=0.jpg

     སྐུ་འབུམ་བྱམས་པ་གླིང་ནི་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་སྤྱི་ལེ་ཉེར་ལྔའི་སར་ཡོད། དགོན་པ་འདི་ཉིད་ཐོག་མར་རྗེ་ཙོང་ཁ་པ་དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཕེབས་སྐབས་རབ་བྱུང་དྲུག་པའི་ས་རྟ་༡༣༧༨་ལོར་མ་ཡུམ་གྱིས་རང་ཉིད་སྐུ་ན་བགྲེས་པ་དང་བཅས་རང་ཡུལ་དུ་མཇལ་ཕྲད་ལ་ཕེབས་དགོས་པའི་ཞུ་ཡིག་དང་དབུ་སྐྲ་དཀར་པོར་སོང་བའི་ལན་བུ་བཅས་བསྐུར་གནང་མཛད་པར། རང་ཡུལ་ཕྱོགས་སུ་ཕེབས་རྒྱུ་དགོས་པ་ཆུང་བར་གཟིགས་ཏེ་ཡུམ་དང་གཅེན་མོ་གཉིས་ལ་འདྲ་ཐང་རེ་དང་། ཕག་བྲིས་རེ། རྒྱལ་བ་སེང་གེ་ང་རོའི་སྐུ་དཔར་གཅིག   བདེ་མཆོག་གི་བུམ་སྐུ་བཅས་བསྐུར་གནང་མཛད་པ་བཞིན་དེའི་ཕྱི་ལོ་ཡུམ་གྱིས་ཐུགས་ཁུར་བཞེས་ཤིང་དད་ལྡན་མང་པོས་རོགས་རམ་བས་ཏེ། རྗེ་ཙོང་ཁ་པ་ཆེན་པོ་སྐུ་འཁྲུངས་ནས་ལྟེ་ཁྲག་འཕོས་སའི་ས་གནས་དེར་ཤིང་ཙནྡ་གྱི་སྡོང་པོ་ཞིག་སྐྱེས་པ་དེ་ཉིད་སྙིང་པོར་བཞུགས་ཤིང་། རྒྱལ་བ་སེང་གི་ང་རོའི་སྐུ་བཪྙན་འབུམ་གཅིག་དཔར་དུ་བཏབ་པ་གཟུངས་པུ་ཕུལ་བའི་མཆོད་རྟེན་པད་སྤུངས་པ་ཞིག་བཞེངས་པའི་མཐའ་བསྐོར་དུ་རྡོ་རྩིག་གི་ར་བས་བསྐོར་བ་བཅས་ཡོད་པའི་སྟེང་དུ་ལྷ་ཁང་རྫ་གཡམ་གྱི་ཐོག་བཀབ་པ་གསར་བཞེངས་གནང་། རབ་བྱུང་བཅུ་པའི་མེ་གླང་༡༥༧༧་ལོར་སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་གྱིས་ཐུགས་ཁུར་བཞེས་ཏེ་རྒྱལ་བ་བམས་པའི་སྐུ་བཪྙན་ཆེན་པོ་ཞིག་བཞུགས་པའི་བམས་ཁང་གསར་བཞེངས་གནང་བ་བཅས་ལྷ་ཁང་སྔ་རྗེས་གཉིས་ཀྱི་གནས་གཞི་ལ་བརྟེན་ནས་སྐུ་འབུམ་བམས་པ་གླིང་ཞེས་མཚན་དུ་གྲགས། རབ་བྱུང་བཅུ་པའི་ཆུ་ལུག་༡༥༨༣་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཐེངས་རྗེས་མའི་སྐབས་ཞིང་སྐྱོང་ནང་སོས་གནས་འདིར་གདན་དྲངས་པ་བཞིན་ཕེབས་ཏེ་ཉིན་ཤས་རིང་སྐུ་མཚམས་སུ་བཞུགས་པའི་གཟིམས་ཁང་ཞིག་ཀྱང་བཞེངས་ཤིང་། སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་དང་། ཚོ་པ་ལྔའི་ནང་སོས་གཙོས་པའི་སྦྱིན་བདག་རྣམས་ལ་ཙོང་ཁའི་ཡུལ་གྱི་ལྟེ་གནས་འདིར་དགོན་སྡེ་ཞིག་ཚུགས་ན་འཕྲལ་ཕུགས་ལེགས་ཚུལ་གྱི་བཀའ་སློབ་གནང་བ་ལྟར་དང་ལེན་ཞུས་ཤིང་། རྒྱལ་བ་རང་ཉིད་ཀྱི་འདྲ་ཐང་དང་། ལྷ་མོ་དམག་ཟོར་མའི་རྟེན་ཐང་། གནས་ཆུང་ཆོས་སྐྱོང་གི་རྟེན་ཐང་བཅས་གནང་ནས་རབ་གནས་སྩལ། ཟི་ན་ཀླུ་རྒྱའི་སྡེ་པའི་ཁྱིམ་རྒྱུད་ལ་གནས་ཆུང་ཆོས་སྐྱོང་ཁོག་ཕེབས་དགོས་པའི་དམ་བསྒྲགས་མཛད་པ་བཞིན་དེ་ནས་མི་རབས་བཅུ་གསུམ་གྱི་བར་དུ་ཁོག་ཕེབས་བྱུང་། རབ་བྱུང་བཅུ་པའི་ས་བྱི་༡༥༨༨་ལོར་རྒྱལ་དབང་མཆོག་གི་བཀའ་བཞིན་གསེར་སྡོང་བང་ཆུབ་མཆོད་རྟེན་གྱི་དབྱིབས་སུ་བསྒྱུར་བ་སོགས་སྐབས་བབས་ཀྱི་དགོས་པ་དམིགས་བསལ་ཅན་ལ་བརྟེན་བཟོ་དབྱིབས་འགྱུར་བ་བཏང་ཞིང་། ཕྱོགས་མཐའི་ཉེ་སྐོར་དང་། ཐག་རིང་སོག་ཡུལ་བཅས་ནས་སློབ་གཉེར་ཕེབས་མི་ཇེ་མང་དུ་སོང་སྟེ་གྲྭ་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་བར་བརྟེན་རིམ་བཞིན་མཚན་ཉིད་གྲྭ་ཚང་དཔལ་ལྡན་བཤད་སྒྲུབ་གླིང་དང་། རྒྱུད་པ་གྲྭ་ཚང་གསང་བསྔགས་བདེ་ཆེན་གླིང་། དུས་འཁོར་གྲྭ་ཚང་གཞན་ཕན་ནོར་བུའི་གླིང་། དུས་འཁོར་གྲྭ་ཚང་རིགས་ལྡན་བློ་གསལ་གླིང་། འཆམས་པ་གྲྭ་ཚང་བཅས་གྲྭ་ཚང་ལྔ་བྱུང་། ཚོགས་ཆེན་འདུ་ཁང་ཡང་ཁྲི་ཐོག་བཅུ་དྲུག་པ་ཨ་ཀྱ་ཤེས་རབ་བཟང་པོའི་སྐབས་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ༡༦༨༩ལོར་ཀ་བ་བརྒྱད་ཅུའི་བར་རྒྱ་སྐྱེད་བཏང་ཞིང་། དེ་ནས་རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ༡༧༧༦ལོར་ཨ་ཀྱ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དང་། ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ། ལཱ་སར་ཏཱ་བླ་མ་བློ་བཟང་ཆོས་དར་བཅས་ཀྱིས་མཐུན་རྐྱེན་སྦྱོར་གནང་གིས་སྔར་ཡོད་ཚོགས་ཆེན་འདུ་ཁང་ལ་ཀ་བ་བདུན་ཅུ་དོན་བཞི་གསར་དུ་ཁ་སྣོན་མཛད་དེ་ཀ་བ་བརྒྱ་དང་ལྔ་བཅུ་ང་བཞི་ཡོད་པ་ཞིག་ཏུ་རྒྱ་སྐྱེད་གནང་ཞིང་། གཡས་གཡོན་རྒྱབ་མདུན་རྣམས་ཀྱི་ལྷ་ཁང་དང་། གཟིམས་ཁང་གོང་འོག   གྲྭ་ཚང་ཁག་གི་འདུ་ཁང་། བཙན་ཁང་། སྤྱི་སོ་ཁང་། དཔར་ཁང་བཅས་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་སྟོང་ཕྲག་འགའ་ཡོད། 

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།