གངས་རྒྱན་སྒྱུ་འཕྲུལ་མཐོང་གྲོལ་ཆེན་མོའི་ཕྱི་ནང་ལོ་རྒྱུས་མདོར་བསྡུས།

1488439820227602.jpeg

 ལུང་རིགས་མེ་ཆེན་སྟོང་གི་གཟི་བྱིན་གྱིས།།

མ་རྟོགས་དྲེགས་པའི་དཔུང་ཚོགས་གཏན་བཅོམ་ནས།།

ཡང་དག་ཡེ་ཤེས་སྣང་བ་སྟེར་མཁས་པའི།།

བཅོམ་ལྡན་ལྷ་ཡི་ལྷ་མཆོག་སྙིང་ནས་གུས།།

 

རྣམ་དཀར་མཛད་པའི་གསེར་འཁོར་རྩིབ་སྟོང་ཅན།།

ཆེ་དགུ་རལ་བའི་གཙུག་ན་མངོན་མཐོ་བ།།

གང་ཞིག་དད་པས་དངོས་གྲུབ་ཀུན་སྟེར་བའི།།

དཔལ་ལྡན་བླ་མ་རྣམས་ལ་གུས་ཕྱག་བགྱི།།

 ཞེས་མཆོད་བརྗོད་བཀྲ་ཤིས་རྟགས་ཀྱི་རྐང་གྲངས་དང་མཉམ་པས་མདུན་བསུས་ནས་དེ་ལ་འདིར་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་གྱི་གངས་རྒྱན་སྒྱུ་འཕྲུལ་མཐོང་གྲོལ་ཆེན་མོའི་ཕྱི་ནང་གི་བཞེངས་བསྐྲུན་ཡོངས་སུ་གྲུབ་ཟིན་པའི་དུས་བཟང་འདིར་རྟེན་འདིའི་ཕྱིའི་བཀོད་ཁྱབ་དང་ཁྱད་པར་ནང་རྟེན་གང་བཞུགས་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་དགོས་ངེས་དང་བསྟུན་ནས་ཚིག་ཉུང་གོ་བདེའི་ལམ་ནས་གསལ་བཤད་ཅུང་ཟད་བགྱི་བ་ལ། ཐོག་མ་ཕྱིའི་བཞེངས་བཀོད་རང་ལུགས་ལོ་ཆེན་མཆོག་གི་དགོངས་བཞེད་བཞིན་མཛེས་བཀོད་དང་ཐིགས་རྩ་སོགས་ཚུལ་བཞིན་བྱས་ཡོད་ལ།    གསེར་ཏོག་ནས་བརྩིས་ན་ཐོག་བརྩེགས་བརྒྱད་ཅན་རྒྱུ་སྤུས་ཆེས་ཚད་ལྡན་ཁོ་ན་ལས་གྲུབ་པ།  སྟེང་འོག་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་གཉིས་སུ་ཞི་ཁྲོ་དམ་པ་རིགས་བརྒྱའི་སྐུ་རྟེན་ཆ་ཚང་གཟུངས་གཞུག་སྤུས་དག་རང་དགོན་གྱི་ཆོ་ག་ཚད་ལྡན་གྱིས་ཕུལ་བ། དེའི་སྒོར་ཟུར་ནས་དུར་ཁྲོད་བརྒྱད་ཀྱི་བཀོད་པ་དང་དབང་ཕྱུག་ཉེར་བརྒྱད་ཀྱི་སྐུ་བརྙན་ཤིན་ཏུ་མཛེས་པས་རྒྱན་པ།    དེའང་མེ་རིའི་ཟུར་ནས་མཇལ་ཐུབ་ཅིང་སྟེང་དུ་ཤེལ་ཁེབས་ཀྱིས་མཛེས་པ། བརྩེགས་གསུམ་པའི་སྦུག       རྟེན་རྙིང་ལྷ་ཁང་སྟེ་དེའི་ནང་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་གུ་རུ་བདེ་བར་གཤེགས་པའི་སྐུ་བརྙན་འབྱོན་བསྒྲོས་ཤིན་ཏུ་ལེགས་པ་ཅན་རྟེན་གཙོར་བཞུགས་སུ་གསོལ་བ་ལས།       སྔོན་བྱོན་མཁས་གྲུབ་དུ་མའི་ཕྱག་བརྒྱུད་ནས་ཐོན་པའི་སྐུ་གསུང་ཐུགས་རྟེན་གྱི་རྟེན་རྙིང་རྣམས་དང་།     ཕྱག་ན་པདྨོ།       ས་སྐྱ་གོང་མ་རིན་པོ་ཆེ།    ཀརྨ་པ་བཅས་ཀྱིས་གནང་བའི་རྟེན་སྐལ་བྱིན་ཅན་རྣམས་དང་། དེའི་མ་ཚད་ལྷ་སའི་ཇོ་ཁང་དང་པོ་ཏ་ལ་གཉིས་ཀྱི་ནང་ནས་གནང་བའི་རྟེན་སྐལ་བཅས་བཞུགས།  དེའི་གཡས་གཡོན་ངོས་ཡོངས་སུ།  ཀུན་ཏུ་བཟང་པོ་    འོད་དཔག་མེད།   སྟོན་པ་ཐུགས་རྗེ་ཅན།      སངས་རྒྱས་སྨན་བླ།  གུ་རུ་སྣང་སྲིད་ཟིལ་གནོན།    ཚེ་དཔག་མེད།     སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས།      འཇམ་པའི་དབྱངས།     སྤྱན་རས་གཟིགས།       རྡོ་རྗེ་སེམས་དཔའ།    ཛམ་བྷ་ལྷ་བཅས་ཀྱི་སྐུ་ཁྲི་ཕྲག་རེ་དང་གཞན་ཡང་མཆོད་རྫས་སྣ་ཚོགས་ཀྱིས་རྣམ་པ་རྒྱན་ཅིང་མཛེས་ཤིང་ཡིད་དུ་འོང་བར་བྱས་པ།དེའི་མདུན་དུ་མགོན་ཁང་།      བཀའ་སྲུང་མ་བཟའ་རྡོར་གསུམ། གནོད་སྦྱིན་ཙིའུ་དམར་པོ།    གྲི་བཙན་རྡོ་རྗེ་དགྲ་འཇོམས་རྩལ།    བཙན་རྒོད་ཇག་པ་མེ་ལེ།      བསྟན་སྲུང་ཚེ་རིང་མ།    གེ་སར་ནོར་བུ་དགྲ་འདུལ་བཅས་དམ་པ་ཆོས་སྐྱོང་པའི་ལྷ་ཚོགས་རྣམས་ལ་གཏོར་མ་དང་མཆོད་རྫས་སྣ་ཚོགས་ཀྱིས་མཛེས་པར་རྒྱན་ནས་བཞུགས་སུ་གསོལ་བ།  བརྩེགས་གཉིས་པ་གཙུག་ལག་ཁང་ཆེན་གྱི་ནང་དུ་ཞིང་ཁམས་ཀྱི་བཟོ་བཀོད་བཞིན་ཐོགས་བརྩེགས་གསུམ་ཅན་གྱི་ཁང་བཟང་མཛེས་པའི་ནང་རྟེན་གྱི་གཙོ་བོ་ཇོ་བོ་རིན་པོ་ཆེའི་སྐུ་བརྙན་བཟོད་བཀོད་ཕུན་སུམ་ཚོགས་པ་ཅན། གཡས་སུ་གུ་རུ་སྣང་སྲིད་ཟིལ་གནོན།     དེའི་གཡས་སུ་སྤྱན་རས་གཟིགས།      གཡོན་དུ་རྗེ་བཙུན་འཇམ་པའི་དབྱངས་དེའི་གཡོན་དུ་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་སྐུ་བཅས་ལ་རང་ལུགས་འཁྲུལ་མེད་ཀྱིས་གཟུགས་གཞུག་ཚད་ལྡན་བཅས་བཞུགས་པ།གཡས་གཡོན་ཟུར་རྣམས་སུ་ཞི་ཁྲོ་དམ་པ་རིགས་བརྒྱ་ཡི་ཐང་སྐུ་སྣ་ཚོགས་ཀརྨ་སྒར་བྲིས་ལས་གྲུབ་པའི་བཟོ་བཀོད་དང་མཛེས་རྩལ་ཕུན་སུམ་འཚོགས་པ་ཅན་གྱིས་ངོས་ཀུན་གང་བར་བྱས་པ། སྒོ་ཕྱིའི་གཡས་བསྐོར་ནས་རིམ་བཞིན་ཆོས་བརྒྱུད་རྣམས་ཀྱི་ལྷ་ཁང་སྟེ།  སྔ་འགྱུར་རྙིང་མའི་ལྷ་ཁང་དུ་རྟེན་གཙོ་མཁན་སློབ་ཆོས་གསུམ་ལས་སྔ་འགྱུར་པཎ་གྲུབ་རྣམས་ཀྱི་སྐུ་སྣ་ཚོགས་མཆོད་རྫས་སྣ་ཚོགས་ཀྱིས་རྒྱན་པ་མ་ཚད་བཀའ་བསྟན་འགྱུར་ཆ་ཚང་བཅས་བཞུགས།  བཀའ་བརྒྱུད་ལྷ་ཁང་དུ་མར་མི་དག་གསུམ་གྱིས་མཚོན་པའི་སྐུ་སྣ་ཚོགས་མཆོད་རྫས་སྤུས་ལེགས་ཀྱིས་རྒྱན་པ་དང་བཀའ་བསྟན་གྱི་གསུང་རབ་ཆ་ཚང་། ས་སྐྱ་ལྷ་ཁང་དུ་རྟེན་གཙོ་ས་ཆེན་ཀུན་དགའ་སྙིང་པོ།      ས་པཎ་ཀུན་དགའ་རྒྱལ་མཚན།    འགྲོ་མགོན་ཆོས་འཕགས་གསུམ་ལས་གཞན་སྒྲོལ་མ་གཙོ་འཁོར་ཉེར་གཅིག་བཅས་བཞུགས་དེ་ལའང་མཆོད་རྫས་སྣ་ཚོགས་དང་བཀའ་བསྟན་ཆ་ཚང་ཐང་སྐུ་སྣ་ཚོགས་བཅས་བཞུགས་པ། དགེ་ལུགས་ལྷ་ཁང་དུ་  རྟེན་གྱི་གཙོ་བོ་རྗེ་ཡབ་སྲས་གསུམ་གཞན་སྒྲོལ་དཀར་ཀྱི་སྐུ་ཉེར་གཅིག་བཅས་ལ་མཆོད་རྫས་སྣ་ཚོགས་དང་བཀའ་བསྟན་གྱི་གསུང་རབ་ཆ་ཚང་བཅས་བཞུགས་སུ་གསོལ། ཉན་ཐོས་ལྷ་ཁང་དུ་སྐུ་རྒྱུ་སྨན་ཤིང་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ།   ཉན་ཐོས་རང་ལུགས་ཀྱི་མཆོད་རྫས་སྣ་ཚོགས་རྒྱལ་བཀའ་རིན་པོ་ཆེ་དང་གསུང་རབ་བསྟན་འགྱུར་ཆ་ཚང་བཅས་བཞུགས་པ། རྒྱ་བརྒྱུད་ལྷ་ཁང་ནང་དུ་སྐུ་རྒྱུ་སྨན་ཤིང་ལས་གྲུབ་པའི་རྟེན་གཙོ་འོད་དཔག་མེད་གཙོ་འཁོར་གསུམ་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་སྐོར་བ་ཅན་དང་གསུང་རབ་བཀའ་བསྟན་ཆ་ཚང་ལ་རང་ལུགས་ཀྱི་མཆོད་རྫས་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། གནའ་དུས་གྲུབ་དབང་རྫོགས་ཆེན་པའི་གདན་སའི་ཞི་ཁྲོའི་ལྷ་ཁང་གི་ནང་བསྟན་ཞི་ཁྲོ་དམ་པ་རིགས་བརྒྱ་ཡི་རྡོ་སྐུ་ལྷག་མོ་རྣམས་དང་ཆ་ཤས་ཁ་སྐོང་དགོས་པ་རྣམས་གསར་དུ་བཞེངས་ཏེ་དམ་པ་རིགས་བརྒྱ་ཡི་རྡོ་སྐུ་ཆ་ཚང་བཞུགས་པའི་ཞི་ཁྲོ་རྡོ་སྐུ་ལྷ་ཁང་།  རྒྱབ་ཏུ་མར་མཚོན་ལྷ་ཁང་ནང་གྲུབ་དབང་རྫོགས་ཆེན་པའི་སྒྲུབ་ཆེན་ཁག་གི་མཆོད་གཏོར་སྣ་ཚོགས་ལོ་རེ་རེ་བཞིན་སྒྲུབ་ཆེན་རེ་རེའི་མཆོད་གཏོར་ཆ་ཚང་རེ་བཞེངས་ཏེ་དད་ལྡན་ཡོངས་ལ་མཇལ་ཁ་གནང་བ།  བརྩེགས་དང་པོའི་དཀྱིལ་དབུས་སུ་འཁོར་ལྷས་དང་དེའི་ཟུར་གྱི་ཁང་མིག་ཆེ་ཤོས་རྣམས་གཉེར་དང་རྒྱན་ཁང་སྐུ་མགྲོན་ཁང་གསོལ་ཚིགས་ཁང་སོགས་ཚད་མཐུན་གྱིས་བཞེངས་ཡོད་པ།  ཕྱི་ལྟར་བློས་བསླངས་ཀྱི་ཐིགས་ཚད་ཡོངས་སུ་ཚང་ཞིང་ནང་གི་བཟོ་བཀོད་གནའ་དེང་ཟུང་འབྲེལ་གྱི་མཛེས་ཆོས་ཀྱིས་རྒྱན་ལ་ངོས་གཙང་བ་ཁོད་ཡངས་བ་སོགས་མཛེས་བརྗིད་ཕུན་སུམ་ཚོགས་པས་རབ་ཏུ་རྒྱན་པ་བཅས་དང་།  གཞན་ཇ་ཁང་དང་ཁོར་ཡུག་གི་མཛེས་བསྐྲུན་བཅས་ཆ་ཚང་ཞིང་སྤུས་དག་པའི་སྒོ་ནས་ཡོངས་སུ་བཞེངས་གྲུབ་པ་ལགས་སོ།། 

 སྣ་ཚོགས་མཆོད་རྫས་དཀྲིགས་པའི་དངོས་འབྱོར་དང་།།

མོས་པའི་བློ་ཡིས་བསྐྲུན་པའི་ཡིད་འོང་རྫས།།

འདོར་ན་སྣང་སྲིད་མཛེས་པའི་རིན་ཆེན་ཀུན།།

དད་འདུན་ཡིད་ཀྱིས་བླངས་ཏེ་གུས་པས་ཕུལ།།

 རྣམ་དཀར་བསོད་རྣམས་མེ་ཆེན་འབར་བ་འདིས།།

ཉོན་མོངས་དུ་ཁའི་དངོས་རྫས་རབ་སྲེག་ནས།།

ཕུན་ཚོགས་བདེ་བཞིའི་དཔལ་གྱིས་རྟག་ཕྱུག་པའི།།

མི་ཟད་འགྲོ་བའི་དད་དཔོན་ཉིད་གྱུར་ཤོག།



རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།