རྫོགས་ཆེན་ཤྲཱི་སེངྷ་ཕྱག་འདེབས་དུས་ཀྱི་ལོ་ཚིགས་སོགས་ལ་དཔྱད་པ་སྐལ་བཟང་ཀུན་ཏུ་དགའ་བའི་གཏམ།

微信图片_20250907111449_7.jpg


༄༅། །རྫོགས་ཆེན་ཤྲཱི་སེངྷ་ཕྱག་འདེབས་དུས་ཀྱི་ལོ་ཚིགས་སོགས་ལ་དཔྱད་པ་སྐལ་བཟང་ཀུན་ཏུ་དགའ་བའི་གཏམ། 


དེ་ཡང་འཇམ་མགོན་བླ་མ་མི་ཕམ་རྒྱ་མཚོས། "ཐེག་གསུམ་སྒྲ་སྒྲོག་པའི་ཆོས་སྡེ་ཆེན་མོ་རྫོགས་ཆེན་ཤྲཱི་སེང་ཧ། "ཞེས་པ་དང་། "ལུང་རིགས་སེང་གེའི་ང་རོ་སྒྲོག་པ་ཁམས་རྫོགས་ཆེན་གྱི་སློབ་གྲྭ "ཞེས་ཡང་ཡང་བསྔགས་པའི་གདན་ས་ཆེན་མོ་འདི་ཉིད་ཐོག་མ་ཕྱག་འདེབས་པ་པོ་དང་། ཕྱག་འདེབས་དུས་ཀྱི་ལོ་ཚིགས། ཕྱག་བཏབ་ནས་ད་ལྟའི་བར་བསྟན་རྒྱུན་ཇི་ལྟར་བསྐྱངས་པའི་ཚུལ་དང་བཅས་པ་ཚིག་ཉུང་དོན་འདུས་དང་ཁུངས་བཙུན་ཁ་གསལ་གྱི་ཚུལ་དུ་ནག་འགྲོས་སུ་བྱ་བར་འདོད་དོ།


དེ་ཡང་ཆོས་སྡེ་རང་དང་འབྲེལ་ཡོད་ཀྱི་སྔོན་བྱོན་མཁས་གྲུབ་དག་གི་རྣམ་ཐར་དང་ལེགས་བཤད་གསུང་གི་མཛད་བྱང་བཅས་སུ་གསལ་བའི་ལོ་དུས་སོགས་ལ་དཔྱད་ཅིང་བསྡུར་བ་ནི། དངོས་ཡོད་ལ་ཉེ་ཞིང་རང་ནུས་དང་འཚམས་པའི་ཐབས་ལམ་ཡག་ཤོས་སུ་སྙམ། སྤྱིར་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་དུས་བན་ཆུང་མི་བདེན་ཡིག་ཆུང་རང་བདེན་པ་ཡིན་ཕྱིར། གྲྭ་སའི་དབུ་ཚད་ཀྱི་རིགས་པས་མཐའ་བཀག་པ་དང་ཚིག་ལ་འཆེལ་བ་ནི་ལོ་རྒྱུས་རིག་པའི་དཔྱད་ཞིབ་བྱེད་སྟངས་ཤིག་མིན་པར་སེམས། 

དེ་ལ་དོན་མཚན་དང་པོ་ཆོས་སྡེ་དངོས་སུ་ཕྱག་འདེབས་པ་པོ་ནི། གྲུབ་དབང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། དེ་ལ་མཐུན་འགྱུར་ཕྱག་རོགས་གཙོ་བོར་མཛད་མཁན་ཀུན་མཁྱེན་བླ་མ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཡིན་ཚུལ། བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་པའི་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་རྣམ་བསྡུས་ལས་གྲུབ་དབང་བཞི་པའི་འཁོར་ལོ་གསུམ་གྱི་མཛད་པ་སོ་སོར་བགྲངས་པའི་སྐབས་སུ།ལྷག་པར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཀུན་མཁྱེན་བླ་མ་གཞན་ཕན་མཐའ་ཡས་དང་བཀའ་འགྲོས་ཏེ། དམ་པའི་ཆོས་འདུལ་བའི་ཕྱག་བཞེས་ཕྲ་ཞིབ་ཏུ་གཏན་ལ་ཕབ་ནས་གཞི་གསུམ་སོགས་ཀྱི་ཕྱག་བཞེས་མིང་ཙམ་དུ་མ་སོང་བའི་གཞན་འགྲན་བྲལ་བ་གསར་འཛུགས་དང་འབྲེལ་བར། ཀུན་མཁྱེན་པྲཛྙཱ་རསྨིའི་གསུང་རབ་མདོ་སྔགས་སྨོན་ལམ་དང་། སུམ་རྟགས་སོགས་རྒྱ་ཆེར་བཤད་པས་བློ་གྲོས་ཀྱི་སྒོ་ཕྱེས་ནས། ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ་གོང་འོག་གི་གསུང་རབ་རིན་པོ་ཆེའི་མཛོད། ཡོན་ཏན་མཛོད་དང་། པཎ་ཆེན་པདྨ་དབང་རྒྱལ་གྱི་སྡོམ་གསུམ་སོགས་ཉེར་མཁོའི་གཞུང་སྙིང་པོར་དྲིལ་བ་དང་། དབུ་ཕར་འདུལ་མཛོད་ཀྱི་གཞུང་ཆེན། དཔལ་གསང་བ་སྙིང་པོ་སོགས་མདོ་སྔགས་ཀྱི་བཤད་ཉན་ཤིན་ཏུ་དར་ཞིང་། དེ་དག་གི་རྒྱུན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ་སོགས་ལ་གཉེར་དུ་སྩལ་ནས་མཁན་རབས་རྣམས་ཀྱིས་བཟུང་སྟེ་ད་ལྟའི་བར་ཤིན་ཏུ་དར་ཞིང་རྒྱས་པར་མཛད་པའི་ཕྲིན་ལས་འདི་ཁོ་ནའང་སྙིགས་དུས་བསྟན་པའི་ཉི་མ་གཅིག་པུར་བསྔགས་པའི་མེ་ཏོག་མཁས་དང་འཕགས་པའི་ཚོགས་ཀྱིས་ཉིན་བཞིན་དུ་འགྲེམ།ཞེས་གསུངས། དེས་ན་ཆོས་སྡེ་འདི་མི་ཡུལ་དུ་འཁྲུངས་པའི་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་གཉིས་སུ་ཡོད་པའི་དང་པོ་ཉེར་ལེན་གྱི་རྒྱུ་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ནི། ཚེ་ལུས་གཅིག་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐའ་རུ་ཕྱིན་པའི་ཆོས་ཟད་ནམ་མཁའི་རྣལ་འབྱོར་མཚུངས་ཟླ་དཔེ་ཡིས་དབེན་པ་ཞིག་ཡིན་པར་མ་ཟད། མདོ་ཁམས་ཀྱི་ལྗོངས་འདིར་རིས་སུ་མ་ཆད་པའི་འདུལ་བ་གཞི་གསུམ་གྱི་ལག་ལེན་དང་། མདོ་སྔགས་འཆད་ཉན་གྱི་ལམ་སྲོལ། བཀའ་གཏེར་སྨིན་གྲོལ་གྱི་འཆད་སྤེལ། འོད་གསལ་རྫོགས་ཆེན་གྱི་ཉམས་ཁྲིད་སོགས་རྩལ་འདོན་མཛད་དེ། སྔ་ན་མེད་པའི་རིས་མེད་བསྟན་པའི་ཤིང་རྟ་བ་ཆེན་པོར་རྩོད་མེད་དུ་གྱུར་ནས་ཕྱིས་སུ་ཡུལ་མདོ་ཁམས་ལྗོངས་ཀྱི་མཁས་ཤིང་གྲུབ་པ་བརྙེས་པའི་རིས་མེད་བསྟན་པའི་སྤྱི་དཔལ་ཐམས་ཅད་ཀྱི་སྤྱན་ལྟོས་སུ་གྱུར་པ་ཞིག་ཡིན་ཚུལ། འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་པའི་རྗེ་འདིའི་རྣམ་བསྡུས་ལས།རིས་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལས་ཆོས་འབྲེལ་ཅི་རིགས་པ་གསན་པས་གསན་རྒྱ་ཤིན་ཏུ་ཆེ་བ་གསན་ཡིག་པོད་ཆེན་ལས་གསལ་བ་དང་། དེ་ལྟར་གསན་པ་རྣམས་ཀྱང་བཀའ་གཏེར་གལ་ཆེ་བ་རྣམས་ལན་མང་འཆད་སྤེལ་དང་ཚར་རེ་མ་འཆད་པ་མེད་པ་ལྟ་བུས་སྐུ་ཚེ་རིལ་པོར་འཆད་ཉན་རླབས་པོ་ཆེ་གནང་བའི་གྲུབ་འབྲས་བརྒྱུད་འཛིན་ཞལ་སློབ་ནམ་མཁའི་སྐར་ཚོགས་ལྟར་ཚད་བཟུང་མེད་པར་འཕེལ།ཞེས་པ་དང་།མདོར་ན་དུས་དེར་བོད་ཆེན་སྡེ་དགེའི་ཕྱོགས་གཙོར་གྱུར་མདོ་སྨད་ཀྱི་སྔ་འགྱུར་རིང་ལུགས་འཛིན་པ་དང་། གྲུབ་མཐའ་རིས་བྲལ་གྱི་སྐྱེས་ཆེན་མཆོག་ཕལ་རྣམས་ཀྱིས་རྗེ་འདིའི་ཞལ་མཇལ་ཆོས་འབྲེལ་མ་ནོས་པ་འགའ་ཡང་མེད་པ་ལྟ་བུར་གྱུར་པས་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་དགོན་ཡུལ་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པས་བརྗོད་པའི་ཡུལ་ལས་འདས་པ་དང་། མདོར་ན་ལུགས་གཉིས་ཀྱི་སྒོ་ནས་ཕྱི་མའི་དུས་འདིར་རྗེ་འདི་ཁོ་ན་ཕྲིན་ལས་རླབས་ཆེ།ཞེས་པ་ལྟར་དང་པོ་རིས་སུ་མ་ཆད་པའི་བཤེས་གཉེན་བརྒྱ་ཕྲག་ལ་ཉེ་བ་ཙམ་གྱི་དྲུང་ནས་གསན་བསམ་ཕྱོགས་མེད་དུ་མཛད་པ་དང་། བར་དུ་གང་ཞུས་ཐམས་ཅད་ཞུས་ལོ་ཙམ་དུ་མ་བསྐྱུར་བར་བཀའ་གཏེར་སྨིན་གྲོལ་དང་མདོ་སྔགས་ཟབ་ཁྲིད་རྒྱུན་མ་ཆད་པར་གནང་སྟེ། མཐར་རིས་མེད་ཀྱི་བུ་སློབ་འཇིགས་མེད་རྒྱལ་བའི་མྱུ་གུ། སེང་ཕྲུག་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་བཛྲ། འཇམ་མགོན་མཁྱེན་ཀོང་མཆོག་གསུམ། ཀུན་མཁྱེན་མི་ཕམ་རྒྱ་མཚོ་སོགས་སྐྱེས་བུ་དམ་པའི་མཚན་གྱིས་མངོན་པར་མཐོ་བའི་མཁས་གྲུབ་གཉིས་ལྡན་གྱི་ཞལ་སློབ་རྐྱང་པའང་བརྒྱ་ཕྲག་ལས་བརྒལ་བ་བྱུང་ཞིང་། དེ་རྣམས་ཀྱིས་བླ་མའི་རྣམ་ཐར་སློབ་མའི་ཉམས་ལེན་དུ་རྩིས་ནས་བཀའ་གཏེར་སྨིན་གྲོལ་གྱི་གདམས་པ་རྣམས་ཕྱོགས་བསྒྲིགས་དང་སྤར་བརྐོས། འདུལ་བ་གཞི་གསུམ་གྱི་ལག་ལེན་དང་མདོ་སྔགས་འཆད་ཉན་གྱི་རྒྱུན་བཟང་པོ་བསྐྱངས་ནས། རིས་མེད་ཁ་ཟེར་ཙམ་དུ་མ་སོང་བར་ལག་ལེན་དངོས་ཀྱི་སྟེང་ནས་ཡུལ་མདོ་ཁམས་ཀྱི་ལྗོངས་སུ་ཆོས་བརྒྱུད་རིས་མེད་ཀྱི་ཕྱག་སྲོལ་ཡངས་པོར་ཕྱེས་པའི་བཀའ་དྲིན་ནི་འགྲན་པའི་ཟླ་དང་ཡོངས་སུ་བྲལ་བ་ཞིག་གོ  

微信图片_20250907111449_6.jpg


གཉིས་པ་ཆོས་གྲྭ་ཕྱག་འདེབས་པ་ལ་ལྷན་ཅིག་བྱེད་རྐྱེན་དང་མཐུན་འགྱུར་ཕྱག་རོགས་གཙོ་བོར་མཛད་མཁན་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ནི གྲུབ་དབང་རྫོགས་ཆེན་པའི་ཕྲིན་ལས་དུས་བབས་ཀྱི་སྐྱེས་བུ་ངོ་མཚར་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་ཡིན་ཏེ། དེ་ཡང་རྗེ་རང་ཉིད་ཀྱི་རང་རྣམ་ཚིགས་བཅད་མ་ལས།རྗེ་གཞོན་ནུ་ཆོས་ཀྱི་བློ་གྲོས་དེ། །ཆོས་སྒོ་སྐྱེལ་ཚུལ་དུ་ཡུལ་དེར་ཕེབས། །མི་བདག་ལ་དམིགས་ཀྱིས་བཀར་ནས་སུ། །ཁྱེད་གྲུབ་དབང་བླ་མ་མཇལ་དགོས་དང་། །གནས་རྫོགས་ཆེན་དགོན་དུ་འགྲོ་དགོས་སོགས། །གསུངས་བདུད་རྩིས་དབུགས་དབྱུང་གཟེངས་བསྟོད་ནས། །མི་ཁྱོད་ཀྱི་བདག་པོ་ངེད་ཡིན་ཞེས། །ཁྲི་མཐོན་པོར་མངའ་གསོལ་དང་བཅས་མཛད། ཅེས་གཞོན་ནུ་ཆོས་ཀྱི་བློ་གྲོས་སམ་རྡོ་བླ་འཇིགས་མེད་སྐལ་བཟང་མཆོག་གིས། ཆོས་རྗེ་གཞན་ཕན་པའི་ཚེ་རབས་ལས་ཀྱི་བླ་མ་རྡོ་གྲུབ་འཇིགས་མེད་འཕྲིན་ལས་འོད་ཟེར་ཡིན་པ་དང་། སྔོན་སྨོན་ཐུགས་བསྐྱེད་ཀྱིས་འབྲེལ་བའི་ཕྲིན་ལས་དུས་བབས་ཀྱི་གདན་ས་རྫོགས་ཆེན་རུ་དམ་ལུང་ཡིན་ཕྱིར་དུས་ལས་མ་ཡོལ་བར་བླ་མ་མཇལ་བ་དང་། གདན་ས་འཛིན་པར་ཕེབས་དགོས་པའི་ལུང་བསྟན་གསུང་བསྐུལ་གནང་བ་དང་། རྡོ་གྲུབ་རིན་པོ་ཆེས་ཀྱང་། དེའི་ཕྱིར་ན་རུ་དམ་དབེན་པར། །འདུ་འཛི་ཡི་སྤྲོས་པ་བཅད་བཞིན། །བསྐྱེད་རྫོགས་ལ་བརྩོན་པ་བསྐྱེད་ན། །གཟུགས་ཅན་དང་གཟུགས་མེད་འགྲོ་བ། །ཕལ་མོ་ཆེ་གདུལ་བྱར་འགྱུར་ཞིང་། །རང་གཞན་གྱི་དོན་གཉིས་ལྷན་ཅིག །འགྲུབ་ངེས་པ་པདྨའི་བཀར་མཚུངས། །ཞེས་ཆོས་རྗེ་གཞན་ཕན་པའི་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའི་གདན་ས་རྫོགས་ཆེན་རུ་དམ་ཨྱོན་བསམ་གཏན་ཆོས་གླིང་ཡིན་པས་དེར་ཕེབས་ན་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བ་ལུང་བསྟན་པ་ལྟར་དགུང་གྲངས་ཉེར་གཉིས་བཞེས་པ་ལྕགས་སྦྲུལ་ལོ་ཙམ་ལ་གདན་ས་རྫོགས་ཆེན་རུ་དམ་ལུང་དུ་ཞབས་པད་བཀོད། རྗེ་འདིས་སྤྱིར་གསར་རྙིང་རིས་མེད་ཀྱི་བཤེས་གཉེན་ཤིན་ཏུ་མང་པོ་བརྟེན་ཅིང་། ཡང་སྒོས་ཁྱད་པར་དུ་གདན་ས་རང་གི་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་གྲུབ་མཆོག་སྦས་པའི་རྣལ་འབྱོར་མཁན་ཆེན་དམ་པ་སེང་ཕྲུག་པདྨ་བཀྲ་ཤིས་གཉིས་ཀྱིས་གཙོས་པའི་མཁས་གྲུབ་རྣམས་ཀྱི་ཞབས་པད་གཙུག་ཏུ་བཀུར་ནས་སོ་བྱང་སྔགས་ཀྱི་དམ་སྡོམ་དང་བཀའ་གཏེར་སྨིན་གྲོལ་གྱི་གདམས་ཁྲིད་འཛད་མེད་དུ་བཞེས་པའི་ཚུལ། རྗེ་ཉིད་ཀྱི་རང་རྣམ་ཚིགས་བཅད་མ་ལས།ཁྱད་པར་དུ་རུ་དམ་དབེན་གནས་སུ། །མགོན་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི། །སྐུའི་སྐྱེ་སྲིད་བཞི་བའི་ཞབས་རྡུལ་དང་། །རྗེ་མཁན་ཆེན་པདྨ་མངྒ་ལ། །ཁོང་གླིང་སྲས་གཏེར་ཆེན་འགྲོ་འདུལ་རྩལ། །མགོན་དེ་སོགས་དམ་པ་དུ་མའི་ཞབས། །གནས་བདེ་ཆེན་འཁོར་ལོར་བསྟེན་བྱས་ནས། །ཆོས་བཀའ་གཏེར་གདམས་པའི་མཛོད་ཀུན་བླངས། ཞེས་གསུངས། དེ་ལྟར་ཞུས་པ་རྣམས་ཀྱང་ཞུས་ལོ་ཙམ་དུ་མ་བཞག་པར་གདན་ས་རང་ནས་ཐེངས་དང་པོ་སྔ་འགྱུར་བཀའ་མ་བསྡུ་བསྒྲིགས་དང་འཆད་སྤེལ་སྤར་བརྐོས་བཅས་གནང་ཚུལ། རང་རྣམ་ཚིགས་བཅད་མ་ལས།རྗེ་ཁྲི་ཆེན་སངས་རྒྱས་ཀུན་དགའ་སོགས། །བསྟན་འགྲོ་ལ་ཕན་བཞེད་ཆེ་རྣམས་ཀྱི། །བཀས་བསྐུལ་དོན་ཇི་བཞིན་སྔ་འགྱུར་གྱི། །གཞུང་ཕྲིན་ཆོག་རྒྱུན་བཟང་བཞུགས་སོ་འཚལ། །ཕྱོགས་གཅིག་ཏུ་བསྡུས་ནས་སྤར་དུ་བསྒྲུབས། ཞེས་གསུངས། གཞན་ཡང་བོད་དུ་འགྱུར་རོ་ཅོག་གི་བཀའ་བསྟན་གཉིས་ཀྱི་ཁྲིད་ལུང་གི་རྒྱུན་གང་བཞུགས་ཐམས་ཅད་ཤིན་ཏུ་འབད་པ་ཆེན་པོས་བཙལ་ནས་ཁམས་དབུས་ཀུན་ཏུ་ཁྱབ་པར་སྤེལ་བའི་ཚུལ། རང་རྣམ་ཚིགས་བཅད་མ་ལས།དགའ་ལྡན་དང་ས་རྙིང་བཀའ་བརྒྱུད་ཀྱི། །ཁོང་མཁས་གྲུབ་དུ་མའི་ཞབས་ལ་གཏུགས། །བཀའ་བསྟན་འགྱུར་གྱིས་མཚོན་ཆོས་མང་ཞུས། །དེ་ཀུན་ཀྱང་ཞུས་ལོ་ཙམ་མིན་པར། །དབུས་གཙང་དང་ཁམས་ཕྱོགས་ཀུན་ཏུ་སྤེལ། ཞེས་གསུངས། ཁྱད་པར་དུ་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས། རྗེ་འདིའི་ཕྲིན་ལས་དུས་ལ་བབས་པར་དགོངས་ནས། ད་ཕྱིན་གདན་ས་འདིར་གཏན་བཞུགས་མཛད་དེ། དབུས་ལྷ་ལྡན་ཕྱོགས་ཀྱི་གྲྭ་ས་ཆེན་མོ་རྣམས་ལྟ་བུའི་འདུལ་བ་གཞི་གསུམ་གྱི་ལག་ལེན་དང་མདོ་སྔགས་འཆད་ཉན་གྱི་ལམ་ལུགས་ཚད་ལྡན་ཡོད་པའི་ཀློག་པ་ཐོས་བསམ་གྱི་སྡེ་ཞིག་དགོན་ལས་ལོགས་སུ་འཛུགས་དགོས་འདུག་པས། དེའི་ཕྱི་ནང་གསང་བའི་བགྱི་བ་ཐམས་ཅད་ཀྱི་ཐུགས་འགན་གཙོ་བོ་ཉིད་ཀྱིས་བཞེས་དགོས་པའི་གནང་བཀའ་བསྩལ། ཆོས་རྗེ་གཞན་ཕན་པས་ཀྱང་རིང་ནས་གོམས་པའི་ཐུགས་སྨོན་དུས་སུ་སད་དེ། བླ་མའི་བཀའ་བཞིན་དགོན་ལས་རྒྱང་གྲགས་ཀྱིས་ཆོད་པའི་ད་ལྟའི་བཤད་གྲྭ་ཡོད་སའི་སྤང་ཁུག་འདིར་བཤད་གྲྭའི་ས་གཟིགས་སར་ཕེབས་པ་ན། རིག་འཛིན་རྒྱལ་པོ་མཁས་པ་ཤྲཱི་སེངྷའི་ཞལ་མངོན་སུམ་དུ་བསྟན་ཅིང་། ལེགས་པར་སྦྱར་བའི་སྐད་ཀྱི་ཐོག་ནས་གདན་ས་བྱིན་བརླབས་མཛད་པར་བརྟེན་གདན་སའི་མཚན་ལའང་ཤྲཱི་སེངྷ་ཞེས་ཐོགས། དེ་ལྟར་ཆོས་རྗེ་བླ་མ་ཡབ་སྲས་ཀྱི་ཐུགས་བསྐྱེད་སྨོན་ལམ་རྒྱུ་རྐྱེན་རྟེན་འབྲེལ་ནང་འཛོམས་པ་ལ་བརྟེན་ནས་བཤད་སྒྲུབ་བསྟན་པའི་བསྟི་གནས་འདི་བྱུང་བ་ཡིན། དེའི་ཚུལ་ཡང་རང་རྣམ་ཚིགས་བཅད་མ་ལས།སྒོས་རུ་དམ་བསམ་བསྟན་ཆོས་གླིང་གི །རྟེན་བརྟེན་པའི་མཐུན་གྲོགས་གང་འོས་བསྒྲུབས། ཞེས་པ་དང་གཞི་གསུམ་གྱི་ལག་ལེན་གྱིས་མཚོན་པའི། །མདོ་ཕྱོགས་དང་རྒྱུད་ཀྱི་བཤད་སྲོལ་བཙུགས། ཞེས་གསུངས། ཆོས་གྲྭ་ཕྱག་བཏབ་པ་ནས་མཐར་དགོངས་པ་གཞན་དུ་མ་གཤེགས་ཀྱི་བར་དུ། དབང་ལུང་ཁྲིད་ཀྱི་རྒྱུན་བཞེས་ས་དང་། གསུང་རབ་འཚོལ་བསྡུ་དང་གནས་འབྲེལ་མཆོད་མཇལ་བཅས་ཀྱི་སླད་དུ་ཕྱོགས་ཕེབས་ཐེངས་ཁ་ཤས་གནང་བ་ལས་གཞན་གདན་ས་རང་དུ་གཏན་བཞུགས་མཛད་ནས་བླ་མའི་བཀའ་དགོངས་དང་། རང་གི་ཐུགས་བཞེད་མཐར་ཕྱིན་པར་མཛད་པའི་ཚུལ། རང་རྣམ་ཚིགས་བཅད་མ་ལས། སོ་བྱང་དང་སྔགས་ཀྱི་དམ་སྡོམ་ཀུན། །རང་གང་ནུས་སྲུང་བ་གཞིར་བཞག་ནས། །གཞན་རྣམས་ཀྱང་སྡོམ་པ་གསུམ་ལ་བསྐུལ། །ཞེས་གསུངས། སྐབས་ཤིག་ལ་དཔལ་སྤྲུལ་རིན་པོ་ཆེས་ཆོས་རྗེ་གཞན་ཕན་པ་ལ་སྐུ་རྩེད་ཀྱི་ཚུལ་དུ་ཞུས་པའི་ཉམས་མགུར་ལས། ཀུན་འཇིགས་དུས་ཀྱང་འཇིགས་པར་བྱེད་པའི། །དུས་དགྲའི་དབང་པོའི་ཕོ་བྲང་དེ་ན། །གྲུབ་གཉིས་ནོར་བུའི་མཛོད་ཀྱི་སྒོ་འཕར། །ཐབས་མཆོག་སྡེ་མིག་ཁྱེད་ལ་ཡོད་སྐད། །ཅེས་ཀུན་འཇིགས་དུས་ཀྱང་འཇིགས་པར་བྱེད་པའི་དུས་དགྲའི་དབང་པོའི་ཕོ་བྲང་སྟེ་རྫོགས་ཆེན་གཤིན་རྗེ་སྒྲུབ་ཕུག་ཏུ་མཆོག་ཐུན་དངོས་གྲུབ་ཡིད་བཞིན་དུ་སྟེར་བའི་ཟབ་གསང་གཏེར་གྱི་སྒོ་འཕར་ཡངས་པོར་འབྱེད་པའི་ལས་འཕྲོ་གཏེར་གྱི་ལྡེ་མིག་ཆོས་རྗེ་གཞན་ཕན་པ་ཁྱེད་ལ་ཡོད་པར་བླ་མ་རྣམས་ཀྱིས་མ་གསུངས་སམ་ཞེས་བསྙེལ་གསོས་ཞུས་པ་དང་། ཡང་དེ་ཉིད་ལསནམ་མཁའི་རྡོ་རྗེ་རྒྱ་གྲོལ་རྣལ་འབྱོར། །བླ་མའི་གསུངས་ལ་རང་འདོད་གར་ཡོད། །གྲྭ་སའི་བརྫུ་བག་རྫུན་གྱི་བསླུ་བྲིད། །དེ་ལ་གསན་པ་ཐུགས་དགོངས་ཆུང་ངམ། ཞེས་གནས་ངེས་མེད་དུ་འགྲིམས་ནས་གྲུབ་པའི་བརྟུལ་ཞུགས་མི་བསྐྱང་བར། རྒྱ་གྲོལ་ནམ་མཁའི་རྣལ་འབྱོར་གྲུབ་དབང་བཞི་པའི་བཀའ་དགོངས་བཞིན་དུ་གདན་ས་འདི་ཁོ་ནར་གྲྭ་སའི་འཛིན་སྐྱོང་གི་འདུ་འཛི་དང་འདུལ་བ་གཞི་གསུམ་གྱི་ལག་ལེན། ཐོས་བསམ་འཆད་ཉན་གྱི་བསྟན་རྒྱུན་ཙམ་ལ་ཐུགས་རྩེ་གཏད་ནས་བཞུགས་པ་ནི་ཐུགས་དགོངས་ཆུང་བ་མ་ཡིན་ནམ་ཞེས་སྐུ་རྩེད་ཀྱི་ཚུལ་དུ་ཞུས་པ་དང་། གཞན་ཡང་།ཐར་མཆོག་ཐར་པ་གང་ལ་བསྟེན་ན། །ཐར་ལམ་འདི་ཞེས་ལག་རྩེར་གཏོད་པའི། །པད་ཅན་དྲྭ་བའི་པདྨ་རྣམ་རྒྱས། །མཆོག་སྦྱིན་ལྷ་མོའི་སྒུགས་ཡུན་མ་བསྲིངས། །ཐུགས་བསྐྱེད་བརྟན་ཀྱང་གཞན་རྒྱུད་ཐུལ་དཀའ། །སྒྲོ་བསྐུར་གཡབ་མོས་གཡབ་འདོར་ལགས་ན། །དབྱིངས་ཕྱུག་མཁའ་འགྲོ་དབྱིངས་ནས་ཁྲེལ་ཏེ། །རེག་འཇམ་དཀར་པོའི་དར་ལམ་བརྐྱང་འོང་། །ཕ་གཅིག་པདྨའི་ཚོམ་བུའི་ཚོགས་སུ། །སྨོན་ལམ་མཐུན་པའི་སྤྱོད་པའི་བོགས་འབྱིན། །བརྒྱུད་པ་ཀུན་ལ་བགོ་སྐལ་ལགས་ན། །སྟོན་མོའི་རང་སྐལ་ད་ནི་བཞེས་རན། ཞེས་སོགས་ཚིགས་སུ་བཅད་པའི་ཤོ་ལོ་ཀ་བཞི་བཅུ་ཙམ་སྐུ་རྩེད་ཀྱིས་ཚུལ་དུ་བྱས་ནས། རིག་སྔགས་འཆང་བའི་བརྟུལ་ཞུགས་མཛད་ན་སྐུ་ཚེ་མཛད་པ་མཐར་ཕྱིན་ཡོང་ཚུལ་སོགས་ཀྱིས་སྐུལ་མ་དང་། མདོ་བརྩེ་སྐྱེས་བུ་རྡོ་རྗེས་ཀྱང་དེ་བཞིན་ནན་བསྐུལ་མཛད་ཀྱང་མ་གསན་པར། ཁོ་བོ་སྟོན་པ་བཀའ་དྲིན་ཅན་གྱི་བརྟུལ་ཞུགས་ཀྱི་རྗེས་སུ་བསླབ་པར་ཁས་བླངས་ནས་བསྟན་པ་ལ་ཞུགས་པ་ཡོངས་སུ་རྫོགས་པའི་དགེ་སློང་གི་དངོས་པོ་བཞེས་ཟིན་པས། ད་རེས་ཀྱི་རྟེན་འདི་མ་འགྱུར་བར་ཤི་ནུས་ན་རང་དོན་དུ་འགྱོད་པ་གང་ཡང་མེད་ལ། གཞན་དོན་དུ་ཕྱོགས་གང་ཐད་ནས་བསྟན་པའི་བྱ་བ་འདིའི་འཕྲོ་མཐུད་དེ་བརྩོན་པ་མི་ལྷོད་པ་རེ་སྨོན་ལམ་གྱི་དབང་གིས་འོང་གསུངས་ནས། སྐུ་མྱ་ངན་ལས་འདའ་བའི་ནུབ་མོ་ཁོ་ནར་དེ་བཞིན་གཤེགས་པ་ལ་གནང་བ་ཞུས་ཏེ། སྐུ་ཆིངས་དཀྲོལ་ནས་དྲན་བཞིན་ཤེས་བཞིན་མལ་དུ་གཟིམས་པ་ལས། གཞན་དུས་རྒྱུན་སྐུ་ཆིངས་ཙམ་ཡང་མི་དཀྲོལ་བར་སྦྱངས་པའི་ཡོན་ཏན་ལ་གཅིག་ཏུ་གནས་པར་མཛད་དོ།


微信图片_20250907111449_8.jpg

དོན་མཚན་གཉིས་པ་ཆོས་གྲྭ་ཕྱག་འདེབས་དུས་ཀྱི་ལོ་ཚིགས་ནི། དེ་ཡང་ན་ནིང་སྟེ་ཁྲོ་མོ་ཤིང་འབྲུག་ལོར་གྲུབ་དབང་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མས་གདན་སའི་འདུས་པ་སྤྱི་ལ་མཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མཛོད་ཆེན་སྣ་ལྔའི་ཡ་གྱལ་གདམས་ངག་མཛོད་ཀྱི་བཀའ་ཁྲིད་བཀའ་དྲིན་སྩལ་སྐབས་སུ། མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་རྣམ་ཐར་ལ་མཇལ་ཡོང་ན་ངས་སྔར་རྫོགས་ཆེན་ཆོས་འབྱུང་ནང་འཁོད་པའི་བཤད་གྲྭ་ཕྱག་འདེབས་དུས་ཀྱི་ལོ་ཚིགས་དེར་ལོ་ཁ་ཤས་ཉུང་འདུགཅེས་ཟུར་འཕྲོས་ཀྱི་ཚུལ་དུ་གསུངས་སོང་བས་གུས་པས་ཞིབ་ཏུ་མཇལ་བ་ཡིན། དེ་ཡང་མདོ་མཁྱེན་བརྩེ་སྐྱེ་བུ་ཡེ་ཤེས་རྡོ་རྗེའི་རང་རྣམ་ལས།དེར་རྫོགས་ཆེན་དགོན་དུ་རིན་པོ་ཆེ་དང་གླིང་རྗེ་དྲུང་བཅས་མཇལ་འཕྲད་ཞུས། ཐུགས་དགོངས་ཕྲན་བུ་རྣམས་རྫོགས་པར་བྱས། ཤྲཱི་སེང་ཧར་ཞག་ཤས་བསྡད་ནས་དངོས་མེད་འགྲོ་བ་ཁ་ཤས་ཀྱི་དོན་བསྒྲུབས། འབྱུང་འགྱུར་གྱི་རྟེན་འབྲེལ་བཟང་པོ་འཕྲོ་ཅན་དུ་བཞག་ནས་ཡར་ཐེག ཅེས་གསུངས། ཤྲཱི་སེང་ཧ་ནས་ཆིབས་ཐོན་གྱིས་རིམ་པར་སྡེ་དགེའི་སྟོང་སྐོར་ཟིལ་གནོན་དུ་ཕེབས་འཆར་གྱིས་ལམ་ཞོར་གསེར་ཁ་དྲུག་མདོར་ཞག་གཅིག་གཟིམ་པའི་ཐོ་རངས་རྣལ་ལམ་དུ་མཁའ་འགྲོས་ལུང་བསྟན་པའི་མགུར་ལས། ཤིང་ཁམས་བྱ་སྤྲེལ་ལོ་ཡི་བར་མཚམས་༼ཕྱི་ལོ་༡༨༢༤་དང་༡༨༢༥གཉིས་ཀྱི་བར༽འདིར། །ཁྱོད་ཀྱི་ཚེ་འཕྲང་བདུན་གྱི་ཆེ་ཤོས་ཡིན། །བྱང་ཕྱོགས་ཙཱ་རི་ཊ་ཡི་ཟོ་དོར་དང་། །ཏཱ་རིའི་སྨོན་ལམ་ལས་གཞན་བཟློག་ཐབས་བྲལ། ཞེས་པ་ལྟར་ཤིང་སྤྲེལ་ལོ་དེར་སྡེ་དགེའི་རྒྱལ་ས་དང་རྫོགས་ཆེན་གདན་བཅས་ལ་ཕེབས་གྲུབ་ནས་ལོ་མཇུག་མགོ་ལོག་ཏུ་ཕེབས་ནས། རྡོ་རྗེ་རྫོང་དུ་བསྙེན་སྒྲུབ་ལ་བཞུགས་ནས་ལོ་ཀེག་བསལ་ཚུལཉེ་བར་གནས་པ་རྣམས་ཀྱིས་ཉིན་མཚན་གཡེལ་བ་མེད་པར་སྙིང་སྟོབས་དྲག་པོ་བསྐྱེད་ཅིང་ལོ་དེའི་ཚེ་ཀེག་བཟློག །དེ་ནས་ཌཱཀྐའི་ལུང་བསྟན་ལྟར་བྱ་ལོ་༼ཕྱི་ལོ༡༨༢༥༽ཟླ་བ་དང་པོར་རྨ་ཡུལ་པདྨ་རི་མཐོར་ངེད་ཅག་མིང་སྲིང་གྲྭ་འཁོར་བཞི་ཙམ་བཅས་སོང་།ཞེས་པ་སོགས་ཀྱི་ལོ་ཚིགས་ལ་བརྟགས་ན། གོང་དུ་ཤྲཱི་སེང་ཧར་ཞག་ཤས་བཞུགས་པར་གསུངས་པའི་དུས་ཚོད་དེ་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ཕྱི་ལོ་༡༨༢༤་ལ་ཁེལ་འདུག །དེས་ན་ད་སྔོན་ཡོངས་གྲགས་རྩོད་མེད་ཀྱི་ཤྲཱི་སེང་ཆོས་གྲྭའི་མཚན་ཐོགས་ཚུལ་གྱི་བཤད་སྲོལ་ལྟར་བྱས་ན། ཐོག་མར་ཕྱག་འདེབས་དུས་ཀྱི་ལོ་ཚིགས་ནི་རབ་བྱུང་བཅུ་བཞི་པའི་ཉི་མ་ཞེས་པ་ཆུ་མོ་ལུག་གི་ལོ་སྟེ་ཕྱི་ལོ་༡༨༢༣་ལོ་ཙམ་ལ་ཁེལ་བར་བསྙོན་མེད་དུ་སྙམ་ཡང་།དངོས་མེད་འགྲོ་བ་ཁ་ཤས་ཀྱི་དོན་བསྒྲུབས་ནས་འབྱུང་འགྱུར་གྱི་རྟེན་འབྲེལ་བཟང་པོ་འཕྲོ་ཅན་དུ་བཞགཅེས་པའི་ཚིག་ནུས་དང་ཐོག་མར་ཆོས་གྲྭའི་ས་འདུལ་མཛད་མཁན་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ཡིན་པའི་བཤད་ཚུལ་ཀྱང་ཡོད་པས། དེ་དུས་ས་འདུལ་ཙམ་མཛད་ནས་འབྱུང་འགྱུར་མཁས་པའི་ཚང་ཆེན་བརྡོལ་བའི་རྟེན་འབྲེལ་བསྒྲིགས་པ་མིན་ནམ་སྙམ་པའི་དོགས་པ་རེ་ཡང་འབྱུང་སྲིད་ན།ཤྲཱི་སེང་ཧར་ཞག་ཤས་བསྡད།ཅེས་གསུངས་པས་ཤྲཱི་སེང་ཧ་ཞེས་པའི་མཚན་དང་བཞུགས་སའི་གནས་ཁང་དང་བཅས་པ་མཚན་དོན་གཉིས་ཀ་སྐབས་དེར་གྲུབ་ཟིན་འདུག་པས། དེ་ནས་རྩིས་པའི་ཕྱི་ལོ་༢༠༢༥ལོ་འདིར་ཆོས་གྲྭ་ཕྱག་བཏབ་ནས་བགྲང་བྱ་ཧྲིལ་པོ་བརྒྱ་ཕྲག་གཉིས་དང་བཅུ་མེད་གཉིས་ཙམ་སོང་ཟིན། 


ཞར་བྱུང་གི་ཚུལ་དུ་དོགས་གནས་གཞན་ཞིག་བསུས་ནས་ལན་དུ་སྨྲས་ན། མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ཤྲཱི་སེང་དུ་ཞག་ཤས་བཞུགས་པ་དེ་ནས་རྩིས་པའི་བགྲང་བྱ་བཅུ་དགུའི་རྗེས་སུ་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དགུང་གྲངས་ལྔ་བཅུ་དང་། རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་དགུང་གྲངས་ཞེ་གསུམ་བཞེས་པའི་ཕྱི་ལོ་༡༨༤༢རབ་བྱུང་བཅུ་བཞི་པའི་དགེ་བྱེད་ཆུ་སྟག་ལོའི་དབྱུག་པ་ཟླ་བའི་ཚེས་དྲུག་གི་ནམ་ལངས་ཀྱི་དུས་སུ་ཧོར་ཁོག་ནས་བརྩམས་ཏེ་རུ་དམ་ལུང་ལ་ས་ཡོམ་ཤིན་ཏུ་ཆེན་པོ་ཞིག་བརྒྱབ་ནས་དགོན་གནས་ཀྱི་རྨང་གཞིའི་འཛུགས་སྐྲུན་ཐམས་ཅད་རྨིང་མེད་དུ་བཤིག །དེ་ཉམས་གསོ་སྐྱར་བཞེངས་ཇི་ལྟར་མཛད་ཚུལ། བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་པའི་གྲུབ་དབང་བཞི་པའི་རྣམ་བསྡུས་ལས།རྗེ་ཉིད་ཀྱི་ཐུགས་བཞེད་ཕྲིན་ལས་རྨད་དུ་བྱུང་བ་དང་། གཞན་དགོན་སྡེ་དང་འབྱོར་ལྡན་རྣམས་ཀྱིས་ཞལ་འདེབས་ཀྱི་གཏོང་སྒོ་རྒྱ་ཆེས་མཚམས་སྦྱར། བསྟན་པ་རིན་པོ་ཆེ་གསར་དུ་འཆར་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་གྲུབ་པ་རྗེ་རྒྱལ་བའི་སྲས་པོ་ཀུན་མཁྱེན་གཞན་ཕན་མཐའ་ཡས་ཀྱིས་ཞིབ་གཟིགས་དང་། རྗེས་སུ་ལྷོ་རི་བླ་མ་འགྱུར་མེད་བསྟན་འཕེལ་གྱིས་ཞབས་འདེགས་འཕྲོ་མཐུད་བཅས་རྟེན་དང་བརྟེན་པར་བཅས་པའི་གཙུག་ལག་ཁང་ཆེན་བླ་བྲང་དང་བཅས་སྔར་ལས་ཆེས་ཆེར་ལྷག་པའི་བཞེངས་བཀོད་དང་། ཉམས་གསོ་འགྲན་བྲལ་དུ་བཀའ་དྲིན་བསྐྱངས་པས་མཚོན་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་རྒྱས། ལྷག་པར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཀུན་མཁྱེན་བླ་མ་གཞན་ཕན་མཐའ་ཡས་དང་བཀའ་འགྲོས་ཏེ། དམ་པའི་ཆོས་འདུལ་བའི་ཕྱག་བཞེས་ཕྲ་ཞིབ་ཏུ་གཏན་ལ་ཕབ་ནས་གཞི་གསུམ་སོགས་ཀྱི་ཕྱག་བཞེས་མིང་ཙམ་དུ་མ་སོང་བའི་གཞན་འགྲན་བྲལ་བ་གསར་འཛུགས་དང་འབྲེལ།ཞེས་དགོན་གནས་གཙུག་ལག་ཁང་བླ་བྲང་དང་བཅས་པ་སྔ་ལས་ཆེས་ཆེར་ལྷག་པ་ཉམས་གསོ་བཀོད་ལེགས་བྱུང་ཚུལ་མ་གཏོགས། བཤད་གྲྭ་སྔ་ཤུལ་དུ་ཉམས་གསོ་སྐྱར་བཞེངས་མཛད་ཚུལ་ཟུར་ཡང་མ་གསུངས་པའི་ཁར་ལྷག་པར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཀུན་མཁྱེན་བླ་མ་གཞན་ཕན་མཐའ་ཡས་དང་བཀའ་བགྲོས་ཏེ། དམ་པའི་ཆོས་འདུལ་བའི་ཕྱག་བཞེས་ཕྲ་ཞིབ་ཏུ་གཏན་ལ་ཕབ་ནས་གཞི་གསུམ་སོགས་ཀྱི་ཕྱག་བཞེས་མིང་ཙམ་དུ་མ་སོང་བའི་གཞན་འགྲན་བྲལ་བ་གསར་འཛུགས་དང་འབྲེལ་ཞེས་པ་ལྟར་ན་སྐབས་དེར་རྐྱེན་ངན་གྲོགས་ཤར་གྱི་ཚུལ་དུ་སྦྱིན་བདག་དང་ཡོ་བྱད་སོགས་གང་ཅིའི་ཐད་མཐུན་རྐྱེན་ཚོགས་སྒང་ཡིན་ཕྱིར། དགོན་གནས་ཉམས་གསོ་བྱུང་ཕྲལ་ཀློག་པ་ཐོས་བསམ་གྱི་སྡེ་བཤད་གྲྭ་ལོགས་སུ་ཕྱག་བཏབ་པ་མིན་ནམ་སྙམ་ན། མ་ཡིན་ཏེ། མདོ་མཁྱེན་བརྩེས་ས་འདུལ་མཛད་པ་ནས་ལོ་བཅུ་དགུའི་བར་དུ་ལྷག་དོན་མེད་པ་དང་། སྐུ་རབས་གསུམ་པའི་དུས་ནས་ཀྱང་ཕྱག་བཏབ་ཟིན་པའི་སྒྲུབ་གྲྭ་ཡང་ཉམས་གསོ་མཛད་ཚུལ་རྣམ་བསྡུས་སུ་མ་སྨོས་ཀྱང་དེའི་གོང་དུ་མེད་མི་དགོས་པ་དང་། ཁྱད་པར་དུ་མཁན་ཆེན་པདྨ་བཛྲས་མཛད་པའི་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ལས།ལྷ་གཉེན་ཆེན་པོ་རྡོ་རྗེ་གཡུང་དྲུང་གི་རི་ཞོལ་འོག་མིན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གནྡྷོ་ལའི་ཉེ་གམ། དཔལ་སེང་གེ་རིའི་གདན་ས་འདིར། སྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་ནས་ད་ལྟའི་བར་གྱི་འདས་ལོའི་ཚུལ་ལ་བཞེད་པ་མང་དུ་སྣང་ཡང་། རང་ལུགས་ལོ་ཆེན་དྷརྨ་ཤྲིའི་རྩིས་གཞུང་ཉིན་བྱེད་སྣང་བ་ལྟར་ན། བགྲང་བྱའི་འཁོར་ལོ་ཉིས་སྟོང་དང་བདུན་བརྒྱ་དྲུག་ཅུ་རྩ་དྲུག་འདས་ཤིང་། རྗེ་ཉིད་ཀྱིས་དགུང་ལོ་བཞི་བཅུ་རྩ་གཅིག་བཞེས་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོའི་ཧོར་ཟླ་གསུམ་པ་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་དཔལ་ལྡན་ལྷ་མོ་ནག་པས་ཉ་བའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོ། གཟའ་ལྷག་པ། སྐར་མ་སྣུབས་འཕྲོད་སྦྱོར་རྒྱལ་མཚན་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་དགེ་བ་ལ་བྱ་བ་ལས་ཀྱི་འཁོར་ལོ་ཆེན་པོ་འདིར་དབུ་འཛུག་པར་མཛད་པ་ཡིན་ནོ། ཞེས་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གནྡྷོ་ལའི་ཉེ་གམ་དཔལ་སེང་གེ་རིའི་གདན་ས་འདིར་འདས་ལོ་༢༧༦༦་རབ་བྱུང་བཅུ་བཞི་པའི་ཀུན་ལྡན་ལྕགས་ཕོ་བྱི་ལོའི་ཧོར་ཟླ་གསུམ་པ། ཕྱི་ལོ་༡༨༤༠ཐམ་པ་སྟེ་ས་འགུལ་མ་རྒྱུགས་པའི་ལོ་གཉིས་ཀྱི་གོང་དུ་ཆོས་གྲྭ་ཕྱག་བཏབ་ཟིན་པར་མ་ཟད་ཆོས་གྲྭ་རང་ནས་བཀའ་མའི་སྤར་ཤིང་རྐོ་རྒྱུའང་དབུ་བཙུགས་ཟིན་པར་གསལ་པོར་གསུངས་འདུག་པས་དེར་དོགས་པའི་གནས་ཅུང་ཟད་ཀྱང་མ་མཐོང་བའི་ཕྱིར་རོ།

གཞན་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་མཁན་ཆེན་པདྨ་བཛྲ་བཅས་ཀྱི་གསུང་གི་མཛད་བྱང་ལ་དོ་སྣང་ཅུང་ཟད་རེ་བྱས་པ་ཡིན། དེ་ཡང་ཀུན་མཁྱེན་བླ་མ་གཞན་ཕན་མཐའ་ཡས་ཀྱི་གསུང་གི་མཛད་བྱང་ལ་མཚོན་ན། སྔ་འགྱུར་རྙིང་མའི་ཐེག་དགུའི་ལམ་ཁྲིད་ཀྱི་ས་བཅད་མདོར་བསྡུས་ཀྱི་མཛད་བྱང་ལས།ཅེས་སྔ་འགྱུར་རྙིང་མའི་ཐེག་དགུའི་ལམ་ཁྲིད་ཀྱི་ས་བཅད་མདོར་བསྡུས་པ་འདི་ཡང་། རང་ཉིད་ཀྱི་སློབ་བུ་རྣམ་དཔྱོད་མཆོག་ཏུ་ཡངས་པ་རྒྱལ་སྲས་ཞི་བ་བཟང་པོ་ནས་ཇི་ལྟར་བསྐུལ་བཞིན་ཆོས་སྨྲ་བའི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་པ་འོད་ཟེར་དུ་འབོད་པས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་གངས་ཁྲོད་བདེ་བ་ཆེན་པའི་ཕོ་བྲང་ནས་ཤར་མར་སྤེལ་བ་དགེ ཞེས་པ་དང་། མཎྜལ་རྣམ་བཤད་ཀྱི་མཛད་བྱང་ལས།ཞེས་པའང་རིང་མོ་ཞིག་ནས་རྒྱ་རོང་དབོན་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་མཎྜལ་རྣམ་བཤད་ཉུང་ངུ་ཞིག་བྱེད་དགོས་ཞེས་ཕེབས་ནའང་རེ་ཞིག་རྣམ་གཡེང་ངང་དུ་ལུས་ཤོར་བ་ན། སྐབས་འདིར་རུ་དམ་བསམ་གཏན་ཆོས་གླིང་གི་དགེ་བསྐོས་པདྨ་ལྷུན་འགྲུབ་ནས་ཀྱང་རྒྱ་དར་ཟབ་ཡུག་བཅས་ཀྱི་སྐྱེས་དང་བཅས་ནན་ཏན་ཏུ་བསྐུལ་བ་ལ་བརྟེན་འབྱུང་འགྱུར་ལ་ལྟོས་ནས་བཏགས་པའི་མིང་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་བས་ཆོས་གྲྭ་ཆེན་པོ་དེ་ཉིད་དུ་སུག་ལས་བགྱིས་པ་མངྒ་ལམ། ཞེས་པ་དང་། སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་འབྲུ་འགྲེལ་འཕྲུལ་གྱི་ལྡེ་མིག་གི་མཛད་བྱང་ལས། ཞེས་པའང་རྗེ་བཙུན་བླ་མ་དམ་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དང་། རང་ཉིད་ཀྱི་རྡོ་རྗེའི་མཆེད་པོ་བསོད་ནམས་རིན་ཆེན་སོགས་ཀྱི་བཀས་བསྐུལ་ངོར་ལས་དང་པོ་བ་རྣམས་ལ་ཕན་པའི་ཕྱིར། ༧གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་བཀའ་འབངས་ཀྱི་ཐ་ཤལ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་སི་ཏུའི་འགྲེལ་ཆེན་ལས་བཏུས་པ་སྟེ་འདི་ཉིད་ཤེས་ནས་སླར་གཞུང་དེ་ཉིད་ཞིབ་ཏུ་བལྟ་བ་གལ་ལོ། ཞེས་པ་ཙམ་ལས་ལོ་ཚིགས་གསལ་པོར་ཡོད་པ་མ་མཇལ། 

ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་གསུང་གི་མཛད་བྱང་ལ་མཚོན་ན། ཐེག་པ་ཆེན་པོའི་མདོ་སྡེ་མཐོང་བའི་ཕན་ཡོན་གྱི་ཚིགས་སུ་བཅད་པའི་མཛད་བྱང་ལས།ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་ཚིགས་སུ་བཅད་པ་རང་ཉིད་ཀྱི་མོས་གུས་ཀྱི་གསོས་དང༌། མཆེད་གྲོགས་འགའ་ཞིག་གིས་ཀྱང་བསྐུལ་བ་ལ་བརྟེན་ནས་གྲུབ་པའི་གནས་མཆོག་ཚེ་རིང་ཕུག་ཏུ་ཁྱི་རྒན་ཨ་བུས་རྫོགས་པར་བྱས་པ་དགེ་ཞིང་བཀྲ་ཤིས། །དགེའོ།། །།ཞེས་པ་དང་། ཀུན་བཟང་བླ་མའི་ཞལ་ལུང་གི་མཛད་བྱང་ལས།དེ་ལྟར་ཀློང་ཆེན་སྙིང་གི་ཐིག་ལེའི་ཐུན་མོངས་ཕྱི་ནང་གི་ཁྲིད་ཡིག་མཚུངས་མེད་བླ་མ་དམ་པའི་ཞལ་རྒྱུན་ལྟར་བྲིས་པ་འདི་ཡང་། སྔ་སོར་རྗེ་བླ་མའི་ཞལ་སློབ་སྡོམ་བརྩོན་དམ་པ་སྒྲོན་མ་ཚེ་རིང་ནས་ཁོང་རང་གི་ཐུགས་ལ་གང་ངེས་ཟིན་རིས་སུ་བྲིས་ནས་བྱིན་ཏེ། འདི་ལ་གཞི་བྱས་ནས་ཁྱེད་ཀྱིས་རྗེའི་ཞལ་རྒྱུན་བཅོས་མེད་ཀྱི་ཁྲིད་ཡིག་ཅིག་ཅིས་ཀྱང་བྲིས་ཤིག་ཅེས་ནན་ཏན་གྱིས་བསྐུལ་བ་དང་། ཁྱད་པར་རྗེ་བཙུན་བླ་མ་མཆོག་གི་སྨིན་གྲོལ་གྱི་བསྟན་པ་འཛིན་པའི་རྒྱལ་ཚབ་སྤྲུལ་པའི་སྐུ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྡོ་རྗེའི་ཞལ་སྔ་ནས་བྲི་གཞིའི་ཤོག་བུ་དང་བཅས་པ་གནང་ནས་ལན་གྲངས་གཉིས་གསུམ་གྱི་བར་དུ་གསུང་གིས་བསྐུལ་བ་དང་། སླར་ཡང་སྐྱབས་མགོན་བླ་མ་དམ་པའི་གདམས་ངག་གི་བརྒྱུད་པ་འཛིན་པའི་ཐུགས་སྲས་ཡོངས་ཀྱི་ཐུ་བོ་ཡོངས་རྫོགས་བསྟན་པའི་མངའ་བདག་སྐུ་ཞབས་རིན་པོ་ཆེ་གཞན་ཕན་མཐའ་ཡས་འོད་ཟེར་ནས། རྗེ་བླ་མའི་ཞལ་རྒྱུན་གསུང་སྒྲོས་ལྟར་ཡི་གེར་བྲིས་ན། བླ་མ་དྲན་པའི་མོས་གུས་ཀྱི་གསོས་སུ་འདུག་པས་ཅིས་ཀྱང་བྲིས་ཤིག་ཅེས་གསུང་གིས་དབུགས་དབྱུང་གནང་བ་དང་། གཞན་ཡང་ཇི་སྲིད་བྱང་ཆུབ་སྙིང་པོའི་མཐས་གཏུགས་པ་དེ་སྲིད་དུ་མེ་མར་གྱི་འོད་དང་སྡོང་བུ་ལྟར་འགྲོགས་པར་ངེས་པ། དཔྲལ་བའི་མིག་ལྟར་བརྩེ་བའི་རྡོ་རྗེའི་མཆེད་པོ་དུ་མས་ལེགས་སོའི་དབུགས་དབྱུང་དང་བློ་གྲོས་ཀྱི་ཟུར་གསོས་ཐོབ་པ་ལ་བསྟེན་ནས། མཚུངས་མེད་གྲུབ་བརྒྱའི་གཙུག་རྒྱན་རིག་འཛིན་བྱང་ཆུབ་རྡོ་རྗེའི་ཞལ་སྔ་ནས། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མིང་གི་ཅོད་པན་བྱིན་པ་ཡིན་ན་ཡང་། དོན་ཏུ་དུག་ལྔ་མེ་འབར་ཨ་བུ་ཧྲལ་པོར་འབོད་པའི་གདོལ་སྤྱོད་མཁན་དེ་ཉིད་ཀྱིས། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་འཇིགས་བྱེད་དུས་དགྲའི་དབང་པོའི་ཕོ་བྲང་དབེན་པའི་ཡོན་ཏན་མ་ཚང་བ་མེད་པའི་རྒྱན་གྱིས་བརྗིད་ཆགས་པར་སྤྲས་ཤིང་། དྲོད་བཅུད་ཉི་ཟེར་གྱི་འོད་སྣང་སྤྱི་བོས་ལེན་ལ། བསིལ་བཅུད་བདུད་རྩིའི་ཐིགས་པ་རྐང་པས་འཐུངས་པའི་ལྗོན་ཤིང་དང་། འཁྲི་ཤིང་དང་། ལྕུག་མ་དང་། ཕང་ཕུང་དང་། ལྡུམ་བུ་དང་། སྡོང་པོའི་བྱེ་བྲག་རིགས་མི་གཅིག་པ་དུ་མའི་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་འཕྱངས་འཕྲུལ་དྲྭ་བ་དང་། དྲྭ་བ་ཕྱེད་པར་བྲེས་པའི་ཁོང་སེང་ནས་སྔོ་བསངས་ནམ་མཁའི་བུ་མོའི་འཛུམ་ཟེར་གྱི་བདུད་རྩིས་སྙིང་ལ་སིམ་པ་ཅིར་ཡང་སྦྱིན་པའི་གནས་སུ། ལེགས་པར་གྲུབ་པར་བགྱིས་པ་འདིས་ཀྱང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལམ་མཆོག་འདི་ལ་བརྟེན་ནས་གདོད་མའི་མགོན་པོའི་གཞི་ཀློང་དུ་རྣམ་པར་གྲོལ་བའི་རྒྱུར་གྱུར་ཅིག ཅེས་པ་ཙམ་ལས་ལོ་ཚིགས་གསལ་པོ་མ་བྱུང་། 

གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཁན་ཆེན་པདྨ་བཛྲས་མཛད་པའི་གསུང་གི་མཛད་བྱང་ལ་མཚོན་ན། བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཀྱི་མཛད་ལས།ཞེས་པ་འདི་ནི་སྐྱབས་རྗེ་ཐམས་ཅད་མཁྱེན་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ༧རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་མཆོག་གི་ཞལ་སྔ་ནས་ཀྱིས་རྨད་དུ་བྱུང་བའི་ཐུགས་བསྐྱེད་རྒྱ་ཆེན་པོས་ཆོས་སྦྱིན་མི་ཟད་པའི་ཕྱི་མོ་སྤར་དུ་བསྐྲུན་སྐབས། རྗེ་དེ་ཉིད་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སློབ་འབངས་ཡོངས་ཀྱི་ཐ་ཤལ་དུ་གྱུར་པ། ཤཱཀྱའི་སྲས་པོའི་གཟུགས་བརྙན་ཙམ་འཛིན་པའི་རྨོངས་རྟུལ་སྙོམ་ལས་པ་པདྨ་དམ་ཆོས་འོད་ཟེར་དུ་འབོད་པས། སྣ་ཚོགས་དབྱིག་ཅེས་འབོད་པ་ཤིང་མོ་སྦྲུལ་གྱི་ལོའི་གྲོ་བཞིན་གྱི་ཟླ་བའི་དམར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་གྲྭ་ཆེན་པོར་གྲུབ་པར་བགྱིས་པ་འདིས་ཀྱང་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། དགེའོ།།ཞེས་པའི་ཤིང་སྦྲུལ་འདི་ཕྱི་ལོ་༡༨༨༤ཁེལ་འདུག རྒྱུན་བཤགས་ཀྱི་མཛད་བྱང་ལས།ཅེས་སྐུ་གསུང་ཐུགས་ཀྱི་རྒྱུན་བཤགས་སུ་འཁྱེར་བདེ་བའི་ཚིག་དོན་གྱི་ཟིན་བྲིས་ཉུང་ངུར་དྲིལ་བ་འདི་ནི་དགེ་ཚུལ་འཇིགས་མེད་ཆོས་དར་གྱིས་ལྷ་རྫས་དང་ཡི་གེ་བརྒྱ་པ་འབུམ་ཐེར་སྒྲུབ་པའི་དབྱར་དམ་བཅས་ནན་ཏན་གྱིས་བསྐུལ་བའི་ངོ་མི་ལྡོག་ཙམ་དུ། རྡོ་རྗེའི་ཐེག་པ་ལ་མོས་པས་སློབ་པ་པདྨ་བཛྲ་པས་དཔལ་གྱི་སེངྒེ་རིའི་ཆོས་གྲྭར་བྲིས་པས་རང་གཞན་རྣམས་ཀྱི་དམ་ཚིག་རྣམ་པར་དག་པའི་རྒྱུར་གྱུར་ཅིག། དགེའོ།། དགེའོ།། དགེའོ།།ཞེས་པ་ཙམ་ལས་ལོ་ཚིགས་མི་གསལ། རྩ་གསུམ་གསང་བ་སྙིང་ཐིག་གིས་མཚོན་པའི་ལྷག་པའི་ལྷ་རབ་འབྱམས་གང་ལའང་སྦྱར་ཆོག་པའི་བསྙེན་པའི་གསལ་བྱེད་གནད་ཀྱི་ལྡེ་མིག་གི་མཛད་བྱང་ལས།ཅེས་རིག་འཛིན་ཉི་མ་གྲགས་པས་ཁམས་སྲིན་མོ་རྫོང་ནས་སྤྱན་དྲངས་པའི་རྩ་གསུམ་གསང་བ་སྙིང་ཐིག་གི་ལས་བྱང་ཡིད་བཞིན་ནོར་བུ་ལ་བརྟེན་ནས་བསྙེན་པར་བྱེད་པའི་རྣལ་འབྱོར་པ་དག་ལ་ཉེ་བར་མཁོ་བའི་ལྷའི་རྣལ་འབྱོར་བྱེད་ཚུལ་ཉུང་ངུ་འདི་ནི། ཐམས་ཅད་མཁྱེན་པ་རྒྱལ་བའི་སྲས་པོ་གཞན་ཕན་ཕ་མཐའ་ཡས་པའི་འོད་ཟེར་ཅན་གྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སྐལ་བཟང་ཐོབ་ཀྱང་། རང་རྒྱུད་སྙོམ་ལས་དང་རྨོངས་པའི་ཁུར་གྱིས་ནོན་པའི་བཙུན་པའི་གཟུགས་བརྙན་ཙམ་འཛིན་པ་པདྨ་བཛྲ་དུ་འབོད་པས་དཔལ་གྱི་སེངྒེ་རིར་སྦྱར་བས་གསང་ཆེན་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །དགེའོ། །བཀྲ་ཤིས།།ཞེས་པ་ལྟ་བུ་མང་དུ་མཆིས་ཀྱང་ལོ་ཚིགས་མི་གསལ། 

1341649674283_.pic.jpg


འཇམ་མགོན་བླ་མ་མི་ཕམ་རྒྱ་མཚོའི་གསུང་གི་མཛད་བྱང་ལ་མཚོན་ན། ཚིག་བདུན་རྣམ་བཤད་པདྨ་དཀར་པོའི་མཛད་བྱང་ལས།སྔར་གྱི་ཚིག་ཉོབ་རྣམས་དོན་བསྡུས། སྔ་ན་མེད་པའི་ཁྱད་པར་དུ་མ་བསྣན་ཏེ་སྔར་བས་ཆེས་ལྷག་ཅིང་བཟང་བར། འཕར་བ་ལྕགས་གླང་གི་ལོའི་ཧོར་ཟླ་དྲུག་པའི་ཚེས་དགེ་བར་ཐེག་གསུམ་ཆོས་སྒྲ་སྒྲོག་པའི་ཆོས་སྡེ་ཆེན་པོ་རྫོགས་ཆེན་ཤྲཱི་སེང་ཧར་གྲགས་པའི་གཟིམ་ཆུང་དུ་མི་ཕམ་རྣམ་པར་རྒྱལ་བས་ལེགས་པར་གྲུབ་པར་བགྱིས་པ་འདིས་ཚུལ་འདིར་འབྲེལ་ཚད་པདྨ་འོད་དུ་སྐྱེ་བ་དང་། རྣམ་བཤད་འདི་ཉིད་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེ་ལ་རྒྱུན་མི་འཆད་པར་འབྱུང་བར་གྱུར་ཅིག ཅེས་རབ་བྱུང་ནམ་ཡིན་མི་གསལ་ཡང་རབ་བྱུང་བཅུ་བཞི་པའི་འཕར་བ་ལྕགས་གླང་ཕྱི་ལོ་༡༨༤༡་ལ་བྱས་ན་འཇམ་མགོན་བླ་མ་ད་དུང་སྐུ་བལྟམས་མེད་པས། རབ་བྱུང་བཅོ་ལྔ་པའི་འཕར་བ་ལྕགས་གླང་ཕྱི་ལོ་༡༩༠༡ལོ་སྟེ་ཁོང་ཉིད་དགོངས་པ་མྱ་ངན་ལས་མ་འདས་པའི་ལོ་བཅུ་གཅིག་ཙམ་གྱི་གོང་དུ་ཡིན་པར་སྨོས་མེད་ལ། དབུ་མ་འཇུག་པའི་བསྡུས་དོན་གྱི་མཛད་བྱང་ལས།ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་དང་བཅས་པའི་བསྡུས་དོན་འདི་ཡང་ལུང་རིགས་སེང་གེའི་ང་རོ་སྒྲོག་པ་ཁམས་རྫོགས་ཆེན་གྱི་སློབ་གྲྭར་གཏོགས་པ་ལྔ་རིག་སྨྲ་བ་མ་ཏིས་སྡོམ་བརྩོན་སྡེ་སྣོད་འཛིན་པ་དབང་པོའི་གྲངས་ལ་དབུ་མ་འཇུག་པའི་གཞུང་རྒྱས་པར་འཆད་པའི་སྐབས་སུ་ཡི་གེར་བྲིས་པའི་དགེ་བས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་རྒྱས་པའི་རྒྱུར་གྱུར་ཅིག  ཅེས་པ་ཙམ་ལས་ལོ་ཚིགས་གསལ་བར་མ་གསུངས། 


微信图片_20250907113720_11.jpg

མཁས་འཇུག་གི་མཛད་བྱང་ལསཅེས་པའི་གཞུང་འདི་ཉིད་སྔ་མོ་ནས་བྲི་འདུན་ཡོད་པས་རྩོམ་གཞིའི་ས་ཁོངས་ཙམ་བགྱིས་ནས།  ལོ་སྐོར་གཅིག་ལྷག་བཅས་གྱི་བར་དུ་འགྱངས་ལ། ཕྱིས་སུ་ནད་སོགས་གཞན་དབང་གིས་ལུས་པར་དོགས་པ་ཡིད་ལ་བཅགས་པའི་ཚིག་སྨྲས་པ་ཐོས་ནས། རང་དང་ལྷན་ཅིག་གནས་པ་ཤེས་རབ་འོད་གསལ་གྱིས་བསམ་པ་བཟང་པོས་ནན་ཏན་བསྐུལ་བ་ལ་སྙིང་བརྩེ་བས། ནད་ཀྱིས་མནར་བ་བཟོད་པར་དཀའ་ཡང་བརྩོན་པ་བསྐྱེད་དེ་སྒ་སྟོད་བཀྲ་ཤིས་ཆོས་གླིང་དུ་ལྕགས་གླང་ནག་པ་ཟླ་བར་མཁས་བྱའི་གནས་བཅུ་ཚང་བར་གྲུབ་ཅིང་། སླར་ཡང་རུ་དམ་དུ་སླེབས་ནས་མཁྱེན་རབ་དང་ལྡན་པ་དགུ་རོང་སྤྲུལ་པའི་སྐུས་སྤར་དུ་སྒྲུབ་བཞེད་ཀྱིས་སྔ་མའི་འཕྲོས་རྩོམ་པར་བསྐུལ་བ་སོགས་ཀྱི་རྐྱེན་ལས། བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་པོ་རུ་དམ་རྫོགས་ཆེན་པ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་བླ་བྲང་རྩེར། ཕྲིན་ལས་དོན་ཡོད་ཞགས་པས་བསྟན་འགྲོའི་དགེ་མཚན་རླབས་པོ་ཆེ་སྡུད་པ་རྫོགས་ཆེན་མཆོག་སྤྲུལ་ལྔ་པ་རིན་པོ་ཆེའི་བཞུགས་གནས་ཀྱི་ཁང་བཟང་བཀྲ་ཤིས་ཉིན་མོར་བྱེད་པའི་བསྟི་གནས་སུ། མཁས་གྲུབ་རྒྱལ་པོ་བླ་མ་མཆོག་གིས་དོན་གྱི་རྒྱུ་མཚན་བཞི་དང་འབྲེལ་བར་མིང་དུ་གནང་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞེས་གྲགས་པས། རབ་དཀར་བཀྲ་ཤིས་བརྒྱད་ཀྱི་སྨེ་བས་མཛེས་པ་དགེ་བྱེད་ཆུ་སྟག་གསར་ཚེས་རྒྱུ་སྐར་བདག་པོ་ཉི་མའི་ལྷ་ལྡན་གྱིས་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པ། རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་བཟང་པོ་དང་ལྡན་ཞིང་། ཡུལ་དུས་ཀྱི་དགེ་མཚན་དུ་མ་གསར་དུ་ངོམས་པ་ལ་ཡོངས་སུ་གྲུབ་པར་བགྱིས་པ་འདིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་འཕེལ་ཞིང་རྒྱས་པར་གྱུར་ཅིག ཅེས་ཁྲོ་མོ་ཤིང་འབྲུག་གསུངས་ཀྱང་འདི་ཡང་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ཕྱི་༡༩༠༤ལོར་ཡིན་ངེས། དེས་ན་ཁོ་བོས་ཇི་ལྟར་དཔྱད་ཀྱང་ཕྱག་འདེབས་དུས་ཀྱི་ལོ་ཚིགས་མདོ་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་རྣམ་ཐར་དུ་གསལ་བ་འདི་ལ་སྒྲུབ་བྱེད་ལས་གནོད་བྱེད་ཅུང་ཀྱང་མ་མཐོང་བས་དེ་དེ་བཞིན་དུ་ཡིད་ཆེས་སོ།


དོན་ཚན་གསུམ་པ་རྗེ་ཡབ་སྲས་འདི་གཉིས་ཀྱི་བཤད་སྒྲུབ་བསྟན་པའི་རྒྱུན་བཟང་གདན་ས་རང་ནས་ཞལ་སློབ་དག་གིས་ཇི་ལྟར་སྐྱོང་ཚུལ་ནི། གཙོ་བོ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ་སོགས་མཁན་རབས་རིམ་བྱོན་གྱིས་བཟུང་ཚུལ། འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་པའི་གྲུབ་དབང་བཞི་པའི་རྣམ་བསྡུས་ལས། "དེ་དག་གི་རྒྱུན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ་སོགས་ལ་གཉེར་དུ་སྩལ་ནས་མཁན་རབས་རྣམས་ཀྱིས་བཟུང་སྟེ། ད་ལྟའི་བར་ཤིན་ཏུ་དར་ཞིང་རྒྱས་པར་མཛད་པའི་ཕྲིན་ལས་འདི་ཁོ་ནའང་སྙིགས་དུས་བསྟན་པའི་ཉི་མ་གཅིག་པུར་བསྔགས་པའི་མེ་ཏོག་མཁས་དང་འཕགས་པའི་ཚོགས་ཀྱིས་ཉིན་བཞིན་དུ་འགྲེམ།"ཞེས་གསུངས་པ་ལྟར་བསྟན་པ་སྔ་དར་གྱི་སྐབས་སུ་མཁན་རབས་གསེར་རིའི་ཕྲེང་བ་སོ་གསུམ་ཙམ་བྱོན་ནས་མདོ་སྔགས་བཤད་སྒྲུབ་ཀྱི་ཆོས་ཚུལ་ཚང་ལ་མ་ནོར་བར་དར་ཞིང་རྒྱས་པར་བྱུང་བ་ཡིན་ནོ།

WechatIMG758.jpeg


དེ་ནས་ཕྱི་ལོ་༡༩༥༩ལོར་བོད་ཁམས་སྤྱི་འགྲོས་ལྟར་གྲུབ་དབང་རྫོགས་ཆེན་པའི་བཤད་སྒྲུབ་དགོན་ཡུལ་ཐམས་ཅད་གཞི་མེད་རྩ་གཏོར་དུ་ཕྱིན་པ་ཡང་དར་བསྟན་པའི་མེ་རོ་གཞི་བཞེངས་སུ་སློང་བ་ལ། ཇི་སྐད་དུ། གཡོན་རུ་གཏེར་ཆེན་པདྨ་རྣམ་གྲོལ་གླིང་པའི་འཛམ་གླིང་སྤྱི་ལུང་ལས། ཆོས་སྡེ་ཤྲཱི་སེང་ཧ་ཡི  མི་འཇིགས་སེང་གེའི་ཁྲི་མཆོག་ལ༔ པདྨའི་ཐུགས་སྤྲུལ་པདྨའི་མཚན༔ རྒྱལ་བསྟན་སྤྱི་དང་བྱེ་བྲག་གི༔ དགེ་ལེགས་ཡོན་ཏན་ཉིན་མོར་བྱེད༔ ཅེས་ཚད་མའི་ལུང་གིས་སྔགས་པ་ལྟར་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ཐུགས་བསྐྱེད་སྨོན་པའི་རང་གཟུགས་གཅིག་ཏུ་ཟློས་པ། དོན་གྱི་སླད་དུ་མཚན་ནས་ཞུས་ན་ཁྱབ་བདག་རྫོགས་ཆེན་པ་སྐྱབས་རྗེ་པདྨ་སྐལ་བཟང་ངམ་བསྟན་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས། ཕྱི་ལོ་༡༩༨༡ལོར་བཤད་སྒྲུབ་ཀྱི་བསྟན་པ་དངོས་ད་དུང་ཉམས་གསོ་བྱ་ཐབས་བྲལ་ཡང་། མཁས་པའི་གདན་ས་རང་གར་སྟོང་པར་བསྐྱུར་མ་བྲ་བར། སྔར་གྱི་མཁས་པའི་བསྟི་གནས་ཤྲཱི་སེང་ཧའི་གྱང་ཤུལ་དུ་ཐོག་མར་ཟི་ཁྲོན་བོད་ཡིག་སློབ་གྲྭ་ཐབས་ཤེས་དང་ནུས་རྒུ་རྩལ་བཏོན་གྱིས་ཚུགས་ཐུབ་པ་བྱུང་ཞིང་། དེས་བོད་ཁསམ་སྤྱི་དང་བྱེ་བྲག་གི་རིག་གནས་མྱུར་སྐྱོབ་དང་སྐྱར་དར་ལ་བཞག་པའི་བྱས་རྗེས་ནི་སེམས་ལྡན་སུས་ཀྱང་བརྗེད་མི་འོས་པའི་དྲིན་དུ་ལྕི། དེ་ནས་ཕྱིས་གུ་ཇེ་ཡངས་དང་དུས་ཇེ་བཟང་དུ་སོང་ཕྲལ། སྐུ་ལུས་བརྡབ་སྐྱོན་དྲག་པོ་ཐེབས་པ་ལ་རྨས་སྟོང་ཁྲག་རིན་དུ་སྲིད་གཞུང་གིས་དམངས་སྒོར་ཁྲི་ཚོ་ཁ་ཤས་སྟེར་བ་དེ་ཐོག་མའི་ས་བོན་དུ་བྱས་ནས། རབ་བྱུང་བཅུ་བདུན་པའི་མེ་ཕག་ཕྱི་ལོ་༡༩༨༧ལོ་ནས་བརྩམས་ཏེ་བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་པོ་འདི་ཉིད་སྔར་ལས་ལྡབ་འགྱུར་གྱིས་ལྷག་པའི་ཕྱིའི་བཞེངས་བསྐྲུན་རྒྱ་བསྐྱེད་གནང་བ་དང་བསྟུན་ནས། ནང་དུ་འདུལ་བ་གཞི་གསུམ་གྱི་ལག་ལེན་དང་མདོ་སྔགས་རིག་གནས་དང་བཅས་པའི་བཤད་སྒྲུབ་བསྟན་པའི་རྒྱུན་ལེགས་པར་གསོས་ནས། སྔར་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས། ཁོང་སྐུ་ཚེ་དེ་ཙམ་མ་ཟིན་ཀྱང་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་མ་འོངས་བསྟན་རྒྱུན་ནུབ་མེད་དུ་འཛིན་མཁན་འོང་བར་གསུངས་པའི་ལུང་བསྟན་ཇི་བཞིན་མངོན་དུ་གྱུར་པར་མཛད་ཚུལ། ཁྱབ་བདག་བླ་མ་ཉིད་ཀྱིས་མཛད་པའི་ས་འབྲུག་བཅའ་ཡིག་གི་མཛད་བྱང་དུ།ཅེས་པའང་ཡུལ་རྫ་རྒྱུད་དགེ་རྩེ་ཞོལ་མ་ཞེས་པའི་འབྲོག་མིག་སྨན་ཐིག་ལེའི་གྲོང་དུ་སྐྱེ་བ་བླངས་པ། གྲུབ་དབང་རྫོགས་ཆེན་པ་དྲུག་པའི་ཞབས་རྡུལ་སྤྱི་བོས་བླངས་ཤིང་གསུང་གི་དབུགས་དབྱུང་ཐོབ་པ་པདྨ་བཛྲའི་སྐྱེ་མིང་གསུམ་པར་སྒྲོ་བཏགས་པ། ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་མིང་གཞན་པདྨ་སྐལ་བཟང་དུ་འབོད་པ་དེས། རང་ལུས་ཀྱི་ཁྲག་དྲོན་བསྟན་སྲོག་ཉག་ཕྲ་གསོ་བའི་ཟུངས་སུ་བསྟབས་པའི་རྣམ་དཀར་གྱི་བསོད་ནམས་མི་དམན་པ་བསགས་པའི་བགོ་སྐལ་བཟང་པོ་ཐོབ་པའི་སྐབས་ཏེ། 

WechatIMG529.jpeg


བོད་བསྟན་པ་ཡང་དར་གྱི་རབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་གི་ལོར། ཤྲཱི་སེང་ཆོས་གྲྭ་གཞི་ཁྱོན་ཆེན་པོའི་གསར་འཛུགས་རྒྱ་བསྐྱེད་དང་། ཆོལ་གསུམ་བོད་ཀྱིས་གཙོས་པའི་འཛམ་གླིང་འཛིན་མའི་ཡུལ་གྲུ་མང་པོ་ནས་ཕེབས་པའི་མཁན་སྤྲུལ་དགེ་སློབ་བརྒྱ་སྟོང་མང་པོའི་ཞབས་འགྱུར་ཁུར་ལེན་སྐབས་བྲིས་པ། མིང་གཞན་ས་འབྲུག་བཅའ་ཡིག་ཏུ་འབོད་པ་འདི་ཙམ་ཉིད་ཀྱང་རྒྱལ་བསྟན་དར་བའི་གསོས་སུ་གྱུར་ཅིག ཅེས་གསུངས།

དེ་ནས་དུས་རབས་ཉེར་གཅིག་པའི་སྟོང་ལོ་གསར་པའི་འཛུམ་ཞལ་གསར་དུ་ངོམ་པའི་ཕྱི་ལོ་༢༠༠༤ལོ་ཙམ་ནས་ད་ལྟའི་བར་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་བཤད་སྒྲུབ་དགོན་ཡུལ་ཐམས་ཅད་ཀྱི་གཙོ་འགན། གྲུབ་དབང་སྐུ་རབས་བདུན་པ་པདྨ་གར་གྱི་དབང་ཕྱུག་འོད་གསལ་རིག་པའི་རྡོ་རྗེའམ་ཡོངས་སུ་གྲགས་པའི་མཚན་མཆོག་བསྟན་འཛིན་ལུང་རྟོགས་ཉི་མས་བཞེས་ཏེ། ཇི་སྐད་དུ། ཨ་སྐྱོངས་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོས་ངོས་འཛིན་གྱི་བརྡ་བྱང་ལས། རང་སྣང་ལ་ཤེལ་དཀར་ཕ་ཝང་ཞིག །ནོར་བུའི་འོད་མདངས་རྒྱས་པར་ཤར། །ལྷ་བླ་མའི་བཀའ་ལུང་བདེན་དཔང་ཡིན། །དོན་རང་ལ་དབང་བའི་ནོར་བུ་དེ། །གནད་ཆེན་གྱི་བཀུར་སྟིས་སྲུང་བ་ན། །རེ་ཞིག་ནས་བསྟན་དོན་དར་རྒྱས་ཏེ། །བསྟན་འགྲོ་ཡི་དོན་ཆེན་འགྲུབ་པར་འོང་། །དེ་སྐད་ཀྱི་ཚིག་སྣ་དུམ་ཆོད་དེ། །མ་ཏི་ས་རས་གང་ཤར་བྲིས། །ཞེས་པ་དང་། ཐམས་ཅད་མཁྱེན་པའི་ཞལ་ནས། 

དུས་ཀྱི་མཐའ་རུའང་གངས་ཅན་ཤར་ཕྱོགས་སུ། །ཡོངས་རྫོགས་རྒྱལ་བསྟན་འཛིན་ཅིང་སྤེལ་བ་ལ། །རྒྱ་ཆེན་ཐུགས་བསྐྱེད་རྨད་དུ་བྱུང་བ་ཡི། །ལུང་རྟོགས་ཆོས་ཀྱི་ཉི་མར་གསོལ་བ་འདེབས། །ཞེས་པ་ལྟར་ཐུགས་བསྐྱེད་དུས་སུ་སད་དེ་དམ་པའི་རང་གཤིས་ཚུལ་དགུའི་ཡོན་ཏན་གྱིས་མངོན་པར་མཐོ་བཞིན་ནཱ་ལེནྡྲའི་སློབ་གླིང་ཆེན་མོ་གསར་འདེབས་ཀྱིས་མཚོན། སྐུ་རབས་དང་གདན་རབས་མཁས་རབས་སྔ་མ་རྣམས་ཀྱི་མཛད་རྒྱུན་མ་ནོར་མ་འཆོལ་བར་སྐྱོང་བཞིན་པ་འདིའོ། །མདོར་ན་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་ཡབ་སྲས་ཀྱི་ཐུགས་བསྐྱེད་སྨོན་པའི་བསྟན་རྒྱུན་ཇི་བཞིན་དུ། དུས་ཀྱི་མཐའ་འདིར་ཁྱབ་བདག་བླ་མ་ཡབ་སྲས་ཀྱིས་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་ནི་མངོན་སུམ་མིག་གི་དགའ་སྟོན་དུ་བཤམས་པ་འདི་ག་ལགས་ན་མང་དུ་མ་སྨྲས་སོ།

ཞེས་པ་འདི་ཉེ་ཆར་མཁན་འཇམ་དབྱངས་ཟླ་བ་དང་སྐུ་ཞབས་གྲྭ་ཡས་སྐལ་བཟང་སོགས་ཀྱིས་ཆོས་སྡེ་ཕྱག་འདེབས་དུས་ཀྱི་ལོ་ཚིགས་སོགས་ཀྱི་ཐད་ནས་དྲི་བ་རེ་བྱུང་བ་དེའི་ལན་གྱི་ཚུལ་དུ། ཁྱབ་བདག་བླ་མ་ཡབ་སྲས་ཀྱི་བསྟན་ཞབས་སུ་སྐྱེས་ཤིང་བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་པོ་འདིའི་གྲལ་མཐར་འཁོད་པའི་ཡུལ་ཚ་སྒང་བའི་འཁྱམ་པོ་དེས་རབ་བྱུང་བཅུ་བདུན་པའི་སྣ་ཚོགས་དབྱིག་ཅེས་བྱ་བའི་ཤིང་སྤྲུལ་ལོའི་ཆུ་སྟོད་ཟླ་བའི་གནམ་གང་གི་ཉིན་གྲུབ་པར་བགྱིས་པའོ།  

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།