རེབ་གོང་རྙིང་མའི་སྲོལ་འབྱེད་རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས་སྐུ་ཕྲེང་རིམ་བྱོན་གྱི་ཡིག་ཚང་གསེད་བཀྲོལ།

WechatIMG62.jpg

རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས།ཡོངས་གྲགས་སུ་ཨ་ལགས་རྒྱལ་བོ་ཞེས་པ་ཁོང་གི་སྐུ་ཕྲེང་རིམ་བྱོན་ཐད་བཤད་རྒྱུན་ཙམ་དུ་མ་སོང་བར་ཡིག་ཚང་དག་ལ་ཁུངས་བཅོལ་ནས་དཔྱད་ན། སྐུ་ཕྲེང་གཉིས་པ་རྩོད་མེད་ཡིན་ལ། གསུམ་པ་གང་ཡིན་དང་མཚན་ལ་ཅི་ཟེར་སོགས་གསལ་ཁ་མི་འདུག་པས། ཡིག་ཚང་རྣམས་བཙལ་ཏེ་ཞུས་ན། ལ་ལས་སྐུ་ཕྲེང་བཞི་བ་མཁས་དབང་དགེ་ཆོས་ཀྱི་ཡབ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་འདི་བ་སྐུ་ཕྲེང་གསུམ་པར་བགྲང་ཡོད་པས་དེ་ལྟར་ན་ལོ་ཚིགས་ཀྱིས་སྐུ་ཕྲེང་གཅིག་ཆད་འགྲོ་བ་དང་།ལ་ལས་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་༼1785-1848=དགུང་ལོ་༦3ལ་བཞུགས། ༽ ཨ་ལགས་རྒྱལ་བོ་སྐུ་ཕྲེང་གསུམ་པར་བགྲང་ཡོད་པ་ནི་སྔགས་གསར་མའམ་ཉིན་ལྟ་སྔགས་མང་གི་བཤད་ཕྱོགས་ཤིག་ལས་ཡིག་ཚང་གི་རྒྱབ་རྟེན་གང་ཡང་མེད་དོ།།ཡིན་ཡང་ད་ལྟའི་རེབ་གོང་གི་ཆོས་འབྱུང་ལོ་རྒྱུས་གང་བྱུང་དག་ན། གྲུབ་དབང་པདྨ་རང་གྲོལ་གྱིས་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་ལ་གསུང་བའི་མགུར་ཞིག་ཏུ།ང་རྣལ་འབྱོར་མི་ངན་རྣལ་འབྱོར་བཟང་།།ང་རང་བརྒྱུད་ལྡན་དམ་པའི་སྲས།།ང་རྣལ་འབྱོར་བཟང་བོའི་བྱིན་རླབས་ཀྱིས།།བུ་སྐལ་ལྡན་སློབ་མར་བཀྲ་ཤིས་ཤོག།བུ་ཁྱོད་རང་མི་ངན་ཁྱོད་རང་བཟང་།།བུ་ཁྱོད་ཡང་དཔལ་ལྡན་བཀྲ་ཤིས་ཀྱི།།སྐུའི་ཡང་སྲིད་ཡིན་པར་ཀུན་གྱིས་གླེང་།།བུ་ཕ་ལས་ལྷག་པའི་བཀྲ་ཤིས་ཤོག།[①]ཅེས་པའི་གསུང་ཟུར་འདི་ལ་བརྟེན་ནས་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་འདི་བ་ཨ་ལགས་རྒྱལ་བོ་སྐུ་ཕྲེང་གསུམ་པ་ཡིན་པར་དགོངས་ཀྱི་ཡོད་ནའང་གསུང་མགུར་འདི་ལ་ཞིབ་ཏུ་དཔྱད་ན། བུ་ཁྱོད་ཡང་དཔལ་ལྡན་བཀྲ་ཤིས་ཀྱི།།སྐུའི་ཡང་སྲིད་ཡིན་པར་ཀུན་གྱིས་གླེང་།།ཞེས་པའི་ཚིག་དུམ་བུ་གཉིས་པོ་འདི་ལ་ཐུག་འདུག དེ་ལ་བུ་ཁྱོད་ཡང་ཞེས་པའི་ཚིག་འདིས་ཡང་སྲིད་གཞན་ཞིག་ཡོད་པར་མཚོན་པ་དང་།ཀུན་གྱིས་གླེང་ཞེས་པའི་ཚིག་འདིས་སྐབས་དེར་གླེང་ཙམ་མ་གཏོགས་ཡང་སྲིད་དངོས་ཡིན་པར་ཐག་གཅོད་གནང་མེད་པའི་བཟོ་ཞིག་ངམ་གྱིས་ཐོན་ཡོད་པས།གླེང་ཕྱོགས་འདི་ཡང་དོན་གྱིས་རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་ནས་བརྒྱུད་པའི་སྔགས་གསར་མའམ་ཉིན་ལྟ་སྔགས་མང་གི་གླེང་ཕྱོགས་ཙམ་ལ་གྲུབ་དབང་པདྨ་རང་གྲོལ་གྱིས་བཀྲ་ཤིས་པའི་སྨོན་ལམ་གནང་བ་དེར་གཞི་བྱས་ནས་དེ་ལྟར་གླེང་ཙམ་དུ་ཟད་ཀྱི་རིག་འཛིན་བླ་མའི་ཡང་སྲིད་དུ་ཐག་གཅོད་མཛད་མེད་དོ།།

འོ་ན་ཨ་ལགས་རྒྱལ་བོ་སྐུ་ཕྲེང་གསུམ་པ་གང་ཡིན་ནམ་སྙམ་ན། གནད་འདི་ཞབས་དཀར་ཚང་གི་ཐུགས་སྲས་ཁོང་གི་གསུང་འབུམ་བསྡུ་སྒྲིག་གནང་མཁན་ཉང་སྐྱེས་སྣང་མཛད་རྡོ་རྗེ་ཡི་རྣམ་ཐར་རིན་ཆེན་ཕྲེང་བའི་མགོ་མཇུག་བར་གསུམ་དུ་རྒྱལ་བོ་ཚང་གི་སྤྲུལ་སྐུ།སྐུ་ཕྱོགས་རྒྱལ་བོའི་སྤྲུལ་སྐུ་ཞེས་མང་དུ་བྱུང་ཞིང་།སྐུ་འཁོར་བགྲང་དུས་ཀྱང་།རྒྱལ་བོ་ཚང་གི་སྤྲུལ་སྐུ།ཨ་ལགས་མི་སྐྱོད།ཁྱུང་དགོན་སྤྲུལ་སྐུ།དམག་གསར་སྤྲུལ་སྐུ།ཨ་ལགས་པདྨ་རང་གྲོལ་སྤྲུལ་སྐུ།ཧོར་སྤྲུལ་སྐུ་སོགས་སྐབས་དེའི་རེབ་གོང་སྔགས་རྙིང་མའི་བསྟན་པའི་གདུང་འཚོབ་མང་པོ་བཞུགས་ཡོད་ཅིང་།ཉང་ཁོང་དགུང་ལོ་བདུན་སྟེང་རིག་འཛིན་རབ་འཕེལ་གླིང་དུ་རྒྱལ་བོའི་སྟོན་ཆོས་ཆད་ཡོད་པ་མཐུད་ནས། སྐུ་ཕྱོགས་རྒྱལ་བོ་ཚང་གི་སྤྲུལ་སྐུ་དང་།ཨ་ལགས་མི་སྐྱོད་ནས་ཤོག་ཁ་གསུམ་ལ་བཟུང་།སྤྲུལ་སྐུ་ལ་དབང་ལུང་གནང་ཆད་བྱས། [②]ཞེས་དང་།རྒྱལ་བོ་ཚང་གི་སྤྲུལ་སྐུ་ལ།རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་དང་།།དབྱེར་མེད་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཞབས།།གཏན་གྱི་སྐྱབས་མགོན་ཚོགས་དྲུག་རང་གྲོལ་སོགས།།དངོས་བརྒྱུད་བླ་མའི་ཚོགས་ལ་གུས་པས་འདུད།།ཅེས་པ་ནས།དེ་ལྟར་བསླབ་བྱ་ཕུལ་བའི་དགེ་བ་དང་།།རངཅག་བརྩེ་གཅིག་དད་པས་གསོལ་བཏབ་མཐུས།།བསྟན་འཛིན་ཉིད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན།།འགྲོ་དོན་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག།ཅེས་མཆོད་བརྗོད་དང་བཅས་བསླབ་བྱ་དང་རེ་བཅོལ་གྱི་གསུང་མགུར་ཞིག་གནང་བ་དེའི་ཞབས་མཆན་དུ།ཀུན་མཁྱེན་བསྟན་འཛིན་དབང་བོར།སྤྲུལ་བའི་སྐུ་ཁྱེད་ཀྱིས་ཀྱང་དམ་པ་གོང་མ་ཇི་བཞིན་གསར་རྙིང་རུས་མེད་ཀྱིས་ཆོས་ཉམས་ལེན་ལ་གཞོལ་དགོས།ཞེས་སྐུལ་མ་མཛད་ཡོད་ཅིང་།ཅེས་པ་འདི་ཡང་རྒྱལ་བོའི་སྤྲུལ་སྐུ་ཀུན་མཁྱེན་བསྟན་འཛིན་དབང་བོའི་གསུང་ཤོག་གི་ལན་དུ། སྙོམས་ལས་པ་སྣང་མཛད་རྡོ་རྗེས་ཕུལ་བ་དགེ་ལེགས། སརྦ་མངྒ་ལཾ།[③]ཞེས་ཀུན་མཁྱེན་བསྟན་འཛིན་དབང་བོ་ཞུ་བ་འདི་ཨ་ལགས་རྒྱལ་བོའི་ཡང་སྤྲུལ་ཡིན་པ་གསལ་ལ། འདི་ལས་བདེན་དཔང་འཁྲུལ་མེད་གཞན་བཙལ་མི་དགོས་སོ་སྙམ་མོ།།

གཞན་ཡང་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་འདི་བ་༼སྤྱི་ལོ1785-1848༽ཞོ་འོང་དཔོན་རུར་འཁྲུངས།དགུང་ལོ་༦3་བཞུགས།རྡོ་རྗེ་གདོང་བཞིའི་ནང་ཚན་ཀ་ཐོག་ནམ་མཁའ་རིན་ཆེན་གྱི་ཡང་སྲིད་ཡིན་ཟེར་བ་རྣམ་ཐར་ཡོངས་གྲགས།

ཡིན་ཡང་ཁ་ཅིག་འདི་བ་ཨ་ལགས་རྒྱལ་བོ་སྐུ་ཕྲེང་གསུམ་པ་ཡིན་ཟེར་པའི་དབང་དུ་བཏང་ན།ཉང་སྣང་མཛད་རྡོ་རྗེ་༼སྤྱི་ལོ1798-1879༽=77བཞུགས། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་༼སྤྱི་ལོ1785-1848༽=63བཞུགས། ཉང་དགུང་ལོ31གི་སྐབས་སུ་རྫོགས་ཆེན་དགུང་ལོ63ལ་སྐུ་གཤེགས་འདུག་པས། དེ་དུས་སྐུ་ཕྱོགས་རྒྱལ་བོའི་སྤྲུལ་སྐུར་ངོས་འཛིན་བྱས་ཡོད་ཚེ། མ་མཐའ་ཡང་གནས་ཚུལ་འདིའི་སྐོར་ཉང་གི་གསུང་ཟུར་ནས་བྱོན་དགོས་པ་ལ་ཅི་ཡང་མ་མཐོང་། ཉང་དགུང་ལོ་77་ལ་སྐུ་གཤེགས། གཤེགས་རྗེས་ཀྱང་རྒྱལ་བོ་ཚང་གི་སྤྲུལ་སྐུ་འདི་བ་སྐུ་འཁོར་ན་ཡོད་འདུག་པས་རྫོགས་ཆེན་མིན་པ་འདིས་ཀྱང་ཤེས་ཐུབ། སྐུ་འཁོར་གྱི་རྒྱལ་བོ་ཚང་གི་སྤྲུལ་སྐུ་དེ་གང་ཡིན་ཟེར་ན། རྒྱལ་བོའི་སྤྲུལ་སྐུ་ཀུན་མཁྱེན་བསྟན་འཛིན་དབང་བོ་ཟེར་བ་འདི་ལས་གཞན་ཉང་གི་གསུང་ཤོག་གང་ནས་ཀྱང་མ་བྱོན།ཡང་ན་སྐབས་དེའི་སྐུ་འཁོར་གྱི་རྒྱལ་བོ་ཚང་གི་སྤྲུལ་སྐུ་ཟེར་བ་འདི་སྐུ་ཕྲེང་བཞི་བ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་ཡིན་པའི་དབང་དུ་བཏང་ན།ཁོང་གི་སྲས་དགེ་ཆོས་དགུང་ལོ་ལྔའི་སྟེང་ཡབ་གཤེགས་པ་དང་།དེ་ལྟར་ན་སྤྱི་ལོ་1908ལོ་ཡིན་དགོས་པ་དང་།འདི་ནས་ཡར་བཏད་ན།སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་སྤྱི་ལོ་1784ལོར་གཤེགས་པའི་བར་མི་ལོ་124སོང་ཡོད་པ་ཤེས་ཐུབ།དེས་ན་ཉང་དགུང་ལོ་70སྟེང་སྐུ་འཁོར་ན་སྐུ་ཕྱོགས་རྒྱལ་བོ་ཚང་ཟེར་བ་ཞིག་འདུག་པ་ལ། འདི་བ་སྐུ་ཕྲེང་བཞི་བ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་ཡིན་མི་སྲིད་དོ་སྙམ་མོ།།

ཡིག་ཚང་ལ་ཁུངས་ཐུབ་དག་ལ་གཏུགས་ནས་སྐུ་ཕྲེང་རིམ་བྱོན་གྱི་ལོ་ཚིགས་རགས་ཙམ་ཞུ་ཐུབ་པ་ནི།

སྐུ་ཕྲེང་དང་པོ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས། 1688-1742

སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ། 1743-1784

སྐུ་ཕྲེང་གསུམ་པ་ཀུན་མཁྱེན་བསྟན་འཛིན་དབང་བོ། 1785-1845

སྐུ་ཕྲེང་བཞི་བ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ། 1846-1908

སྐུ་ཕྲེང་ལྔ་བ་དྲི་མེད་བློ་གྲོས། 1909-1933འདི་བ་སྐུ་གཤེགས་

ཁོང་རྣམ་པའི་སྐུའི་སྐྱེ་བ་མངོན་པར་བྱོན་པའི་ཐུགས་རྗེ་ཉི་ཟེར་ལས་བྱོན་པའི་སྨིན་གླིང་གསང་སྔགས་རྙིང་མའི་བསྟན་པ་རིན་པོ་ཆེ་མདོ་ཁམས་ཀུན་ཏུ་ཁྱབ་པ་བྱུང་ངོ།།

མདོར་ན་ལོ་ངོ་བརྒྱ་ཕྲག་འགའི་སྔོན་གྱི་བྱ་གཞག་གང་ཞིག་ཡིན་རུང་ལོ་རྒྱུས་ཡིག་ཚང་གི་རྒྱབ་བརྟེན་གང་ཡང་མེད་པར་རང་རང་གི་ཞེན་ཁ་ཙམ་རྒྱུ་མཚན་དུ་བྱས་ཏེ་སྨྲ་བ་ནི་དགེ་བ་ལས་ཉེས་པར་ཟད་པས་བདེན་དོན་ལ་མོས་པ་ཞིག་ཡིན་ན་ནི་ལུང་རིགས་ཟུང་འབྲེལ་གྱི་ལམ་འཚོལ་བ་ཤིན་ཏུ་རྨད་པའི་གནས་སོ།།

ཞེས་པ་ནི་རིག་འཛིན་བླ་མའི་གདན་ས་རིག་འཛིན་རབ་འཕེལ་གླིང་གི་ཉེ་འགྲམ་ཆུ་སྐྱེས་དཔོན་ཚང་དུ་སྐྱེས་པའི་ཆུ་སྐྱེས་དགེ་འདུན་བསམ་གཏན་དུ་འབོད་པས་ཡུལ་ལན་ཀྲུ་ནས་2022.1.15བྲིས་པ་ལ2024.4.16ལ་བསྐྱར་ཞིབ་བྱས་པའོ།།

 WechatIMG2317.jpg

[①] པདྨ་རང་གྲོལ།《གྲུབ་དབང་པདྨ་རང ་གྲོལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》མི་རིགས་དཔེ་སྐྲུན་ཁང་།2005ལོ།ཤོག་ངོས1༦ན་གསལ།

[②] ཉང་སྣང་མཛད་རྡོ་རྗེ།《ཉང་སྣང་མཛད་རྡོ་རྗེའི་གསུང་རྩོམ་ཕྱོགས་བསྒྲིགས》མི་རིགས་དཔེ་སྐྲུན་ཁང་།200༦ལོ།ཤོག་ངོས40ན་གསལ།

[③] ཉང་སྣང་མཛད་རྡོ་རྗེ།《ཉང་སྣང་མཛད་རྡོ་རྗེའི་གསུང་རྩོམ་ཕྱོགས་བསྒྲིགས》མི་རིགས་དཔེ་སྐྲུན་ཁང་།200༦ལོ།ཤོག་ངོས133-134ན་གསལ།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།