༄། མཆོག་གྱུར་མཆོག་ལ་བསྟོད་པ་དད་འདུན་ཡིད་ཀྱི་ཉི་ཟེར།

11381655178699_.pic.jpg

ལུམྦིའི་ཚལ་དུ་སྐུ་བལྟམས་ཚུལ།


མཛེས་ལྷུན་ཆགས་ཀྱི་རྩེ་ཁ་འདེད་པའི། །

གནས་མ་གྷ་ཡི་མཚུངས་མེད་ནོར་བུ། །

ཐུགས་ཡ་མཚན་གྱི་རྐང་གཉིས་གཙོ་བོ། །

དོན་སྙིང་རྗེ་ཡི་སྐྱེས་བུ་དྲན་ནོ། །


ལས་བསམ་དཀར་གྱི་ཚོགས་གཉིས་རྫོགས་པའི། །

འཛུམ་མེ་ཏོག་གི་དྲོད་ཁོལ་དབུས་ནས། །

དཔའ་སྙིང་སྟོབས་ཀྱི་ཡིད་འོང་དགྱེས་པའི། །

གཞོན་མཚུངས་མེད་ཀྱི་སྲས་པོ་དྲན་ནོ། །


རྩལ་ཐོགས་མེད་ཀྱི་དཔལ་མཛངས་ངང་ནས། །

བྱམས་སྙིང་རྗེ་ཡི་པད་དཀར་འཁྱུད་ཅིང་། །

འགྲོ་སེམས་ཅན་ལ་ཞལ་ཏས་བསྐྱངས་བའི། །

རྗེ་བདག་ཉིད་ཀྱི་ངོ་མཚར་དྲན་ནོ། །


སྐུ༵་ལྷུན་པོ་ཡི་གཟི་མདངས་ཁྲོད་ནས། །

ཕྱི་དགྲ་བོ་ཡི་སེམས་རྩ་དཀྲུགས་ཤིང་། །

ནང་གཉེན་ཉེ་ཡི་དབུ་འཕང་བསྟོད་པའི། །

བུ་དམ་ཚིག་གི་སྙིང་སྟོབས་དྲན་ནོ། །


གསུ༵ང་སྙན་འཇེབས་ཀྱི་འབྲུག་སྒྲའི་དབྱིངས་སུ། །

གུང་སྐྱིད་པོ་ཡི་གདན་ལ་བཞུགས་ནས། །

ཡུལ་དཀར་པོ་ཡི་ལྷ་ལུང་ཉིད་དུ། །

སྐྱིད་ཉི་མ་ཡི་བདག་པོ་དྲན་ནོ། །


ཐུ༵གས་འགལ་མེད་ཀྱི་ཞི་བའི་རང་མདངས། །

བྱམས་སྙིང་རྗེ་ཡི་ཡིད་དམ་ལྷ་མཆོག །

སེམས་དད་པ་ཡིས་བརྩེ་ཆེན་ཤོར་བའི། །

ཐུགས་འོད་གསལ་གྱིས་གཟིགས་པ་དྲན་ནོ། །

11351655178677_.pic.jpg

མ་ག་དྷཱ་རུ་སངས་རྒྱས་ཚུལ།


ལས་ཡ་མཚན་གྱི་ལྟད་མོའི་ཁྲོད་ནས། །

ཞེ་ཆགས་སྡང་གི་རྒྱལ་སྲིད་གཡུགས་ཅིང་། །

ཡིད་སྒྲིབ་བྲལ་གྱི་ཐར་བའི་ལམ་ལ། །

བློ་འཕྲུལ་མེད་ཀྱི་ཆོས་པ་དྲན་ནོ། །


ལུས་མཛེས་སྡུག་གི་འཇའ་ཚོན་འདྲ་བ། །

གནས་གུ་ཡངས་ཀྱི་ནི་ར་ཛཱ་ནར། །

ཟས་ཆུ་རྐྱང་གི་འཚོ་བའི་འགྲམ་ནས། །

སེམས་ཉམས་ལེན་གྱི་གྲུབ་ཐོབ་དྲན་ནོ། །


དབེན་རི་ཁྲོད་ཀྱི་འདུ་འཛི་དབྱིངས་སུ། །

ཚེ་མི་རྟག་གི་ངམ་ཁ་འཕྱུར་བཞིན། །

ནགས་རྒྱལ་རྫོང་གི་སིལ་ཏོག་ལྷན་དུ། །

སྒོམ་རྩེ་གཅིག་གི་དཀའ་ཐུབ་དྲན་ནོ། །


ཟས་ཤིང་ཏོག་གི་བཅུད་ལས་མ་འདང་། །

ལུས་དཀའ་སྤྱད་ཀྱིས་ཏིང་འཛིན་བསྙེགས་པ། །

ཡང་ཟས་བཅད་ཀྱི་ཉམས་ལེན་གཞོལ་བའི། །

དེ་འདྲ་བ་ཡི་སྒོམ་ཆེན་དྲན་ནོ། །


བསྐལ་གྲངས་མེད་ཀྱི་ས་ཆེན་གོང་ནས། །

ཆོས་རྣམ་མཁྱེན་གྱི་ཐར་བའི་གང་ཟག །

འགྲོ་རིགས་དྲུག་གི་ཆོས་ཀྱི་མངའ་བདག །

སྟོན་བསྟན་པ་ཡི་སངས་རྒྱས་དྲན་ནོ། །


ས་ཆེན་པོ་ཡི་གོ་ལའི་དཀྱིལ་ན། །

ཐུགས་འོད་གསལ་གྱི་མཁྱེན་བརྒྱ་གྲོལ་བའི། །

ལམ་ཐེག་ཆེན་གྱི་མངོན་སངས་རྒྱས་ཞིང་། །

ལུགས་ཐེག་དམན་གྱི་ཆོས་འཁོར་དྲན་ནོ། །

11331655178675_.pic.jpg

རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་འདས་ཚུལ།


ཟབ་ཆོས་ཕུང་གྱི་ཆུ་གཏེར་ཀློང་ནས། །

དོན་གདུལ་བྱ་ཡི་གྲུ་ཆེན་སྒྲོལ་ཞིང་། །

ཆོས་དགེ་འདུན་གྱི་བསྟན་པའི་སྲོག་ཤིང་། །

ཆོས་འཁོར་ལོ་ཡི་གཟི་མདངས་དྲན་ནོ། །


སྐུ་བརྗེས་པ་ཡི་ཉིན་གྱི་མཐའ་མ། །

ཞལ་འཛུམ་པ་ཡི་ཟས་ཀྱི་མཐའ་མ། །

ཕྱོགས་རིས་མེད་ཀྱི་གདུལ་བྱ་མཐའ་མ། །

མཐའ་དུས་གསུམ་ལས་འདས་པ་དྲན་ནོ། །


སེམས་ཀུན་སློང་ནི་དེ་བཞིན་འདྲོང་ལ། །

ཕྱི་བྱ་སྤྱོད་ནི་དེ་བཞིན་སྲུང་ཞིང་། །

ཚེ་ཕྱི་མ་ནི་དེ་བཞིན་བསྒོམ་པའི། །

ཚེ་མཐའ་མ་ཡང་དེ་བཞིན་གཤེགས་སོ། །

              བོད་ཟླ་༤/༡༥ཉིན་ཏེ་དུས་ཆེན་སུམ་འཛོམས་ཀྱི་ཟླ་བ་ལ་སྦྱར།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།