རྫོགས་ཆེན་དགོན་དུ་བཀའ་འགྱུར་གསེར་བྲིས་གསར་དུ་བཞེངས་པ།

WechatIMG25.jpeg

དེ་ཡང་བསིལ་ལྡན་བྷོ་ཊའི་ལྗོངས་འདིར་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསེར་བྲིས་གསར་དུ་བཞེངས་པ།

གནའ་ནས་བཟུང་གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནས་གྲུབ་དབང་རྫོགས་ཆེན་རིམ་བྱོན་དང་། གཏེར་ཆེན་ཉི་གྲགས། ཆེ་ཡོལ་རིག་འཛིན་ཆེན་མོ། དགུ་རོང་ཧོ་ཐོག་ཐུ་སོགས་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་མཁས་གྲུབ་རིམ་བྱོན་གྱིས་དུས་རབས་རིམ་པར་རྫོགས་ཆེན་རང་དགོན་དང་། ཁམས་སྡེ་དགེའི་རིག་གནས་བང་མཛོད་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་རུ། རྙིང་མ་རྒྱུད་འབུམ་གྱི་སྐོར་དང་། རོང་ཟོམ་བཀའ་འབུམ། ཀློང་ཆེན་མཛོད་བདུན། སྙིང་ཐིག་ཡ་བཞི། ངལ་གསོ་སྐོར་གསུམ། རྙིང་མ་བཀའ་མ། འཇིགས་གླིང་པོད་དགུ  དཔལ་སྤྲུལ་བཀའ་འབུམ། མི་ཕམ་བཀའ་འབུམ་སོགས་རིན་ཐང་བྲལ་བའི་གསུང་རབ་མང་པོའི་དཔེ་རྒྱུན་འཚོལ་བསྡུ་ཞུ་དག ཤིང་པར་དུ་བརྐོས་པའི་སྦྱིན་བདག་མཛད་ཅིང་ཆོས་རྒྱུན་མ་ཉམས་པ་ཕྱོགས་སུ་འཕེལ་བའི་ལོ་རྒྱུས་ལྡན། 

WechatIMG531.jpeg

རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ།  

ཐེངས་འདིར་གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གི་རྒྱ་ཆེན་ཐུགས་བཀོད་ཟབ་མོའི་བཀའ་དྲིན་དང་། མཆོག་སྤྲུལ་ཐུབ་བསྟན་རྣམ་རྒྱལ་གྱི་ཐུགས་བསྐྱེད་ལས་ཐོན་མི་གསེར་བྲིས་གླིང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་གསེར་བྲིས་གནང་བཞིན་པ་རེད།

WechatIMG1813.jpeg

WechatIMG1690.jpeg

དགོས་དོན་གཙོ་བོ་ནི།  ༡  ༽ གནའ་བོར་ཆོས་ལྡན་གངས་ཅན་བོད་ཀྱི་དགོན་ཆེན་ཁག་ཏུ་བཀའ་བསྟན་གསེར་བྲིས་བཞེངས་པའི་སྲོལ་ཡོད་ཅིང་བཀའ་བསྟན་གསེར་བྲིས་མང་ཙམ་བཞུགས་ཀྱང་དུས་དབང་གིས་ཉམས་ཆག་ཏུ་སོང་བས་ཕལ་ཆེར་མི་བཞུགས། དེ་མཚུངས་རྫོགས་ཆེན་དགོན་གྱི་རྙིང་མ་རྒྱུད་འབུམ་གསེར་བྲིས་མའང་ཉམས་ཆག་ཏུ་སོང་བ་དུས་འདིར་སླར་གསོ་ཡོང་བ་དང་། ཆོས་ལུགས་དང་། སྒྱུ་རྩལ། ལོ་རྒྱུས་བཅས་ཀྱི་རིན་ཐང་ལྡན་པའི་བོད་ཀྱི་མེས་པོའི་སྲོལ་བཟང་དེ་ཉིད་སླར་གསོའི་ཆེད་གངས་ལྗོངས་རྒྱལ་བསྟན་ཡང་དར་གྱི་སྐབས་ཐེངས་དང་པོར་བཞེངས་པ་ཡིན། 

༢   ༽

བཀའ་བསྟན་གསེར་བྲིས་བཞེངས་པའི་ཞོར་དུ་ན་གཞོན་རྣམས་ལ་བྲིས་གཟུགས་དང་། ཤོག་གུའི་ལས་བཟོ། ཐུན་མིན་གསེར་བྲིས་སྒྱུ་རྩལ།  དབུ་ལྷའི་ལྷ་བྲིས་སོགས་བཟོ་ལས་སྒྱུ་རྩལ་མང་པོ་ཞིག་ཉམས་པ་སླར་གསོ་དང་རྒྱུན་འཛིན་མི་སྣ་གསོ་སྐྱོང་ཐུབ་པ།

༣  ༽ 

ད་ཐེངས་བཀའ་འགྱུར་གསེར་བྲིས་མ་འདི་ལ་གསེར་བྲིས་ཀྱི་རིན་ཐང་ཁོ་ནའང་མ་ཡིན་པར། མ་དཔེ་སྡེ་དགེའི་བཀའ་འགྱུར་གཞིར་བཞག་སྟེ་ཡི་གེ་ནོར་ངེས་དག་དཔེ་བསྡུར་མ་ལྟར་བཅོས་རྒྱུ་དང་། ཡིག་རིགས་གཞན་དང་བཀའ་འགྱུར་གཞན་ལས་ཆོས་ཚན་ཁ་སྣོན་བྱ་འཆར་ལགས་པས་བཀའ་འགྱུར་ཆ་ཚང་ཤོས་དང་དག་ཤོས་རིག་གནས་དཔྱད་ཞིབ་ཀྱི་རིན་ཐང་ལྡན་པ་ཞིག་བཞེངས་རྒྱུ། 

༤  ༽   

རྒྱུ་སྤུས་བཟོ་རྩལ་ཚད་ལྡན་གྱིས་ལག་བཟོས་ཤོག་གུ  གསེར་དག་མ། དབུ་ལྷའི་ཚོན་གྱི་རྒྱུ་བ་སོགས་ཕྱོགས་ཀུན་ནས་མཐུས་སྒོ་ཚང་བའི་རྒྱུ་ཚེགས་དང་ངལ་བ་དང་བླངས་སྒོས་ལས་སྒྲུབ་བྱེད་བཞིན་པ་ལགས་སོ།།


WechatIMG119.jpeg

WechatIMG1696.jpeg

WechatIMG1699.jpeg

ཐོན་མི་གསེར་བྲིས་རིག་གནས་སྒྱུ་རྩལ་གླིང་ནི་སྤྲུལ་སྐུ་ཐུབ་བསྟན་རྣམ་རྒྱལ་དང་ཚོང་གཉེར་པ་བསྟན་འཛིན་དགའ་བ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཏེ་ཐོག་མར་བོད་ཁུལ་གྱི་དྷཱི་དམར་སློབ་གྲྭར་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོ་ཟླ་བཞི་བའི་ནང་དུ་དབུ་བརྩམས་པ་དང་།  ད་ཆར་སི་ཁྲོན་ཞིང་ཆེན་ཁྲིའུ་ཏུར་དགེ་སློབ་བཞི་བཅུ་ཙམ་གྱིས་ཕྱག་ལས་གཉེར་གྱིན་ཡོད། 

WechatIMG1814.jpeg

ཐོན་མི་གསེར་བྲིས་གླིང་དུ་རྟེན་གྱི་གཙོ་བོ་རྒྱལ་བའི་བཀའ་དང་མཁས་པའི་བསྟན་བཅོས་དག་བོད་ཤོག་མཐིང་ནག་གི་ཐོག་ཏུ་གསེར་གཙོས་པའི་རིན་པོ་ཆེ་རིགས་སྣ་ཚོགས་ཀྱིས་འབྲི་བཞེངས་གནང་ཡུལ་ཞིག་དང་། ཁྱད་པར་དུ་ཀརྨའི་སྒར་བྲིས་ལུགས་ཀྱི་ཐང་ག་དང་སྙེ་བྲིས་ལུགས་ཀྱི་གསེར་ཡིག་འབྲི་རྒྱུ་དང་བོད་ཤོག་དང་བོད་སྣག་བཟོ་སའི་གནས་ཤིག་ཡིན།  དེ་ཡང་ཀརྨའི་སྒར་བྲིས་ནི་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཡབ་སྲས་སོགས་ཀྱིས་སྒར་བྲིས་ཀྱི་སྲོལ་ཐོག་མར་བཏོད་དེ་སྐུ་ཚུགས་རྒྱ་གར་ཤར་ལི་དང་མཐུན་པ། ཚོན་མདངས་རྒྱ་ནག་དང་མཐུན་པ། ཡུལ་བཀོད་བོད་ཡུལ་དང་མཐུན་པའི་ལམ་སྲོལ་ཐོག་མར་ཀརྨའི་སྒར་ཆེན་ནང་དུ་གསར་གཏོད་བྱས་པས་ན་དེ་ལ་ཀརྨའི་སྒར་བྲིས་ཞེས་འབོད་སྲོལ་བྱུང་ཡོད། 


 

ད་ལྟ་ཐོན་མི་གསེར་བྲིས་གླིང་དུ་ཀརྨའི་སྒར་བྲིས་ཀྱི་རྒྱུན་འཛིན་པ་ཐང་གའི་དགེ་རྒན་ཆེན་མོ་ཀར་ཤོད་ཀརྨ་བདེ་ལེགས་དང་ཁོང་གི་སློབ་བརྒྱུད་དག་གིས་རྒྱལ་བའི་བཀའ་འགྱུར་གྱི་དབུ་ལྷ་བཞེངས་རྒྱུ་གཙོ་བོ་དང་རྡོ་ཚོན་དང་གཡུ་དང་བྱུ་རུ་སོགས་རིན་པོ་ཆེ་རིགས་འདྲ་མིན་གྱིས་རས་ཐང་དང་བོད་ཤོག་མཐིང་ནག་གི་ཐོག་ཏུ་ཚོན་སྐུ་དང་གསེར་སྐུ་སོགས་འབྲི་བཞེངས་གནང་གིན་ཡོད། 


WechatIMG1701.jpeg


རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་སྙེ་བྲིས་ནི་ཀུན་གྱིས་མཁྱེན་གསལ་ལྟར་བོད་ཡིག་གསར་གཏོད་པ་སློབ་དཔོན་ཐོན་མིའི་འཁྲུངས་གཞིས་ལྷ་ས་སྙེ་མོ་ཡུལ་ནས་དར་བའི་ཁྱུང་བྲིས་ཀྱི་བྲིས་རྒྱུན་ཞིག་ཡིན་ལ།   ད་ལྟ་བོད་ཀྱི་ཡིག་གཟུགས་བརྒྱ་སྟོང་ཁྲོད་ཀྱི་ཆེས་མཛེས་སྡུག་ལྡན་པའི་བྲིས་རྒྱུན་ཞིག་ཀྱང་ཡིན། སྙེ་བྲིས་ལ་མི་ལོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་སྔོན་ཆད་དཔར་ཤིང་དང་ཤོག་དངུལ་གསུང་རབ་གསེར་དངུལ་གྱིས་བྲིས་པ་སོགས་བོད་ཀྱི་ཡིག་གཟུགས་ཀུན་ལས་ཧ་ཅང་མཁོ་སྤྱོད་ཆེ་བ་མ་ཟད་གཞུང་བྲིས་དང་ཚད་ལྡན་གྱི་ཡིག་གཟུགས་ཀྱང་གཏན་འབེབས་བྱས་མྱོང་ཡོད་ཅིང་ད་ལྟའི་ཆར་ཡང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྣམ་གྲངས་ལྔ་བའི་ནང་དུ་ཚུད་ཡོད།


WechatIMG1696.jpeg

ཐོན་མི་གསེར་བྲིས་གླིང་དུ་རྒྱལ་ཁབ་རིམ་པའི་སྙེ་བྲིས་རྒྱུན་འཛིན་པ་སྙེ་མོ་བ་བཀྲ་ཤིས་ཕུན་ཚོགས་གཙོས་དབུས་ཀྱི་བྲིས་མཁན་དུ་མ་གདན་འདྲེན་ཞུས་ཏེ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་མ་ཚད་ཆེད་མངགས་མི་སྣ་ད་ཆར་ལས་ཐོག་དགེ་རྒན་འཇམ་དབྱངས་ཀྱིས་དབུས་ལྷ་ལྡན་དུ་བཞུགས་པའི་བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་དྲུང་ཆེ་སྙེ་མོ་བ་བློ་འདོད་རྒྱལ་མཚན་གྱི་དྲུང་ནས་ཚད་ལྡན་སྙེ་བྲིས་ཀྱི་ཐིག་ཚད་སྨྱུག་ཁམ་དང་བཅས་པ་སྦྱོང་བ་མཐར་ཕྱིན་བྱས།  ད་ལྟ་ཐོན་མི་གསེར་བྲིས་གླིང་དུ་སྙེ་བྲིས་གཙོས་པའི་བྲིས་རྒྱུན་ཚད་དང་ལྡན་པའི་ཡིག་གཟུགས་འདྲ་མིན་གྱིས་གསེར་དངུལ་གཙོས་པའི་ལྷད་མེད་པའི་རིན་པོ་ཆེ་རིགས་བཅུ་ལྷག་གིས་གསུང་རབ་འབྲི་བཞེངས་དང་རྒྱུན་འཛིན་དར་སྤེལ་གནང་གིན་ཡོད་པ་དང་། 

ད་དུང་ངེད་ལས་ཁུངས་སུ་སྙེ་མོ་བ་བཀྲ་ཤིས་ཕུན་ཚོགས་ཕ་བུ་གཉིས་དང་དགེ་རྒན་བོད་སྙུག་གཙོས་པའི་ཤོག་བཟོ་དང་སྣག་བཟོ་གཡུ་སོགས་རིན་པོ་ཆེ་དག་འདུལ་ལུགས་ལ་ཆ་རྒྱུས་དང་ཉམས་མྱོང་ཡོད་པའི་མཁས་པ་དུ་མའི་མདུན་ནས་སྲོལ་རྒྱུན་ལས་ཤེས་རིགས་ལ་ད་ཆར་ལས་ཐོག་གི་འགོ་བ་བྱམས་པ་བཟང་པོས་སྦྱོང་བ་བྱས་ཏེ་ནུབ་ལ་ཉེ་བའི་བོད་ཀྱི་ལག་ཤེས་རིག་གནས་སྤྱི་དང་བྱེ་བྲག་ལ་རྒྱུན་འཛིན་དང་དར་སྤེལ་གནངས་དང་གནང་བཞིན་ཡོད་དོ།།

WechatIMG1816.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།