འཁོར་ལོའི་མགོན་པོ་སྐྱབས་རྗེ་ཐུབ་བཟང་རིན་པོ་ཆེ་སྐུ་ཞི་བར་གཤེགས་པ།

WechatIMG316 1.jpeg

འཁོར་ལོའི་མགོན་པོ་སྐྱབས་རྗེ་ཐུབ་བཟང་རིན་པོ་ཆེ་ནི། མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་རྒྱ་ཡངས་པ་བོད་ཀྱི་སྲོལ་རྒྱུན་སྤྲུལ་སྐུ་སྐྱེད་སྲིང་སློབ་གསོ་ལས་བྱུང་བའི་མཁས་པ་ཞིག་ཡིན་པར་མ་ཟད། སྨྱོ་ཤུལ་ལུང་རྟོགས་ཀྱི་ཡང་སྤྲུལ་མཁན་ཆེན་ངག་གི་དབང་པོའི་ཐུགས་སྲས་སྤྲུལ་ཨ་རྡོའི་ཞལ་སློབ་ཐུན་མིན། ངག་ཆུང་སྙན་བརྒྱུད་ཀྱི་གདམས་པའི་གསང་མཛོད་འཛིན་པ་རྫོགས་པ་ཆེན་པོའི་རྣལ་འབྱོར་གྲུབ་བརྙེས་སྐྱེས་ཆེན་ཞིག་ཡིན། ཁོང་ནི་དཔལ་ཡུལ་གདན་ས་སླར་གསོའི་བྱེད་པོ་མཚུངས་མེད་བཀའ་དྲིན་ཆེ་བ་དེ་ཡིན་པར་མ་ཟད། མི་ལོ་སུམ་ཅུ་ལྷག་རིང་སྔ་འགྱུར་བཀའ་མ་རྒྱབ་ཆོས་དང་བཅས་པའི་དཔེ་རྙིང་འཚོལ་བསྡུ་གནང་ནས་གླེགས་བམ་བརྒྱ་དང་སུམ་ཅུ་ལྷག་ཤིང་པར་དུ་བརྐོས་གྲུབ་ཅིང་སྔ་འགྱུར་བཀའ་མ་ཆེས་རྒྱས་པ་དེ་ཡིན། ཁོང་གིས་སྔ་ཕྱིར་སྔ་འགྱུར་བཀའ་མ་རྒྱས་པ་དང་། བླ་མ་དགོངས་འདུས་སོགས་བཀའ་གཏེར་དབང་ལུང་གདམས་ཁྲིད་མང་དུ་གསུངས་ནས་གདུལ་བྱ་སྨིན་གྲོལ་ལ་བཀོད་པར་མ་ཟད། ཁྱད་པར་དུ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དང་། ནུས་ལྡན་མདོ་འགྲེལ་ཆེན་མོ། སྙན་བརྒྱུད་ཀུན་བཟང་ཐུགས་ཀྱི་ཏི་ལ་ཀ་སོགས་བརྒྱུད་པ་གཙང་ཞིང་དཀོན་པའི་སྔ་འགྱུར་ཕ་ཆོས་ཟབ་མོའི་རྒྱུན་སྤེལ་བའི་བཀའ་དྲིན་གཞལ་མཐའ་བྲལ། ད་ལམ་སྐུ་ཚེ་དང་འགྲོ་དོན་མཐའ་རུ་ཕྱིན་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཀྱང་། མི་རིང་བར་གཟིགས་པ་ཕུན་སུམ་ཚོགས་པའི་སྒོ་ནས་བསྟན་དང་འགྲོ་ལ་སྨན་པའི་ཡང་སྲིད་སྤྲུལ་བའི་ཟླ་ཞལ་གསར་དུ་འཆར་བའི་གསོལ་འདེབས་དང་། འགྲོ་ཀུན་རང་རིག་བླ་མའི་ཐུགས་ཀློང་དུ་མངོན་འཚང་རྒྱ་བའི་སྨོན་ལམ་བཅས།། བསྟན་འཛིན་ལུང་རྟོགས་ཉི་མས་སྐུ་གདུང་རིན་པོ་ཆེ་མཇལ་བའི་ཕྱི་དྲོའི་ཆ་ལ་གསེར་ཞལ་ཡིད་ལ་འཁོར་བཞིན་མོས་གུས་བཅས་བྲིས་པའོ།།

WechatIMG75.jpeg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།