རྫོགས་ཆེན་དགོན་གྱི་འཛིན་སྐྱོང་སྤྲུལ་སྐུའི་ལམ་སྲོལ་ནས་དམངས་གཙོར་བསྒྱུར་མཛད་པ།

༄༅།། སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པ་རྩ་བའི་གདན་ས་ཆོས་བརྒྱུད་དང་བཅས་པའི་བསྟན་འཛིན་མཁན་སྤྲུལ་འདུས་སྡེ་ལྷ་འབངས་དང་བཅས་པ་ཡོངས་ལ་གསོལ་དོན།


གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིག་འཛིན་མཆོག་དགུང་ན་མཐོན་པོའི་དུས་དབུས་ནས་མདོ་ཁམས་སུ་ཕེབས་ཏེ་རྫོགས་ཆེན་གདན་ས་ཐོག་མར་ཕྱག་བཏབ་པ་ནས་ད་ལྟའི་བར་མདོ་དབུས་ཁམས་གསུམ་དུ་དགོན་ལག་ཆོས་བརྒྱུད་མང་དུ་འཕེལ་ཞིང་། སློབ་དང་ཡང་སློབ་མཁས་གྲུབ་ཀྱི་ཚང་ཆེན་པོ་བརྡོལ་བས་མདོ་ཕྱོགས་གཞི་གསུམ་གྱི་ཕྱག་བཞེས་ནས་གཞུང་ཆེན་གྱི་འཆད་ཉན། སྔགས་ཕྱོགས་ནང་རྒྱུད་སྡེ་གསུམ་གྱི་བཤད་སྒྲུབ་ཕྱག་བཞེས་ཡོངས་དང་ཁྱད་པར་མན་ངག་རྫོགས་པ་ཆེན་པོ་བཅས་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་ཆ་ཚང་བ་ཕྱོགས་སུ་སྤེལ་བས་ལོ་ངོ་སུམ་བརྒྱའི་རིང་གངས་རིའི་ལྗོངས་ཀྱི་ཆོས་རིག་སྤྱི་དང་། 

WechatIMG2018.jpeg

སྔ་འགྱུར་རྙིང་མའི་བསྟན་པ་རྣམ་པ་གསར་པའི་དར་ཞིང་རྒྱས་པར་ཤུགས་རྐྱེན་ཐེབས་ངེས་ཀྱི་ཐུགས་བསྐྱེད་མཛད་འཕྲིན་བསྐྱངས་པ་ནི་བསམ་པའི་ཡུལ་ལས་འདས་པ་སྟེ། ཅི་སྟེ་གྲུབ་དབང་པདྨ་རིག་འཛིན་ཁམས་ཕྱོགས་སུ་མ་ཕེབས་ཤིང་རྫོགས་ཆེན་དགོན་ཕྱག་བཏབ་མེད་པ་དང་། མཁས་གྲུབ་སྐྱེས་ཆེན་སློབ་དང་ཡང་སློབ་ཕྱོགས་སུ་འཕེལ་བ་དག་བྱུང་མེད་ཚེ་དེ་རིང་གི་དུས་འདིར་སྔ་འགྱུར་བའི་བསྟན་པ་བོད་མདོ་ཁམས་གཉིས་གཙོར་གྱུར་འཛམ་གླིང་གང་སར་འཕེལ་ཞིང་རྒྱས་པ་མི་སྲིད་པ་རྒྱུ་འབྲས་ཀྱི་རིགས་པས་གྲུབ་པས་འདས་དོན་གྱི་ལོ་རྒྱུས་ལས་མཛད་རྗེས་ཀྱི་འོད་སྟོང་ནུབ་མེད་འཕྲོ། དུས་རབས་གོང་མར་གངས་རིའི་སྣོད་བཅུད་ཆོས་རིག་ལ་རྒུད་པ་བདོ་བ་སྤྱི་མཚུངས་དང་གདན་ས་འདིའི་སྣོད་བཅུད་ལ་དམིགས་བསལ་དོན་རྐྱེན་གྱིས་སོར་ཆུད་དཀའ་བའི་གཏོར་བཅོམ་ཚབ་ཆེན་ཐེབས། 

WechatIMG59.jpeg

WechatIMG535.jpeg

ཡང་དར་བསྟན་པ་སླར་གསོའི་སྐབས་ཤུལ་ལུས་བླ་སྤྲུལ་རྣམས་ཀྱིས་གཙོས་གྲྭ་བ་རྒན་རབས་པ་དག་གིས་དུས་ཡུན་རིང་པོར་བསམ་པའི་རེ་བཞག་ཕྱི་ལ་བཅང་བའི་ཞོར་དུ་ལྷག་བསམ་ཆེར་བསྐྱེད་དང་རྟེན་གཞི་སླར་གསོ་ལ་ཆེ་ཐང་དུ་འབད་ཀྱང་མཐུན་རྐྱེན་ཞན་པའི་ཁོར་ཡུག་ཁྲོད་སྤུས་དག་མཐའ་ཐུབ་ཞིག་འགྲུབ་པ་མ་བྱུང་ཞིང་དངོས་དོན་དང་མི་མཐུན་པའི་རེ་བའི་རྨི་ལམ་རྣམས་རིམ་པས་འཇའ་ལྟར་ཡལ། 

WechatIMG2019.jpeg

སྟབས་ལེགས་པ་ཞིག་ལ་རང་ལུགས་དབང་ལུང་མན་ངག་ཕྱག་བཞེས་ཀྱི་རྒྱུན་གང་འཚམ་སྤེལ་ཞིང་ཐོས་བསམ་འཆད་ཉན་གྱི་གྲྭ་གསོས་པས་ཕྱི་རབས་བསྟན་རྒྱུན་སྐྱོང་བའི་མཁན་སྤྲུལ་མི་སྣ་བསྐྱེད་སྲིང་བྱུང་བའི་མཛད་རྗེས་ཇི་སྲིད་བར་ཉམས་མེད་བྱུང་། ཉེ་བའི་ལོ་ངོ་བཅུ་ཕྲག་ལྷག་སྔོན་ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་བརྡ་ལུང་ལ་རྗེ་བཙུན་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོས་དགོངས་ཉམས་ཀྱིས་གསལ་བ་ལྟར་ངོས་རང་ལ་རྫོགས་ཆེན་བདུན་པའི་མཚན་གསོལ་མཛད་ཅིང་འཕགས་ཆེན་དམ་པའི་བཀའ་ལུང་གིས་མངོན་པར་བསྟོད་པར་མཛད་ནའང་། རང་ངོས་ནས་སྐྱབས་རྗེ་བླ་མ་དག་གི་དགོངས་གཞི་ཅན་གྱི་གསུང་ཙམ་ལའང་བཟློག་འགལ་མ་ཕོད་པ་དང་དུས་ཀྱི་མར་ཤམ་འདིར་སྤྱི་བྱེའི་བསྟན་པ་སླར་གསོའི་ལས་སྨོན་བདེན་མཐུ་ཆུད་མི་ཟ་བའི་རེ་སྨོན་བཅས་གླེང་བརྗོད་སྣ་ཚོགས་པའི་ཁྲོད་ཁྲི་སྟོན་རྟེན་འབྲེལ་དང་ལེན་ཙམ་བྱས་མོད་ཀྱང་། དུས་རབས་ལས་ཡོལ་བའི་མཚན་གནས་དང་དགོན་རྙིང་གི་ཆག་གྲུམ་ཆེན་མོ་ཞིག་ཇི་སྲིད་བར་ཁུར་དུ་ལེན་པའི་སྤོབས་སེམས་དང་ཉམས་དགའི་ཚོར་སྣང་སྐྱེ་བ་མ་མྱོང་ལ། སྐབས་དེ་དུས་ནས་ཚད་བརྒལ་གྱི་རེ་འདུན་འཇོག་པ་ཅིས་ཀྱང་མི་འོས་ཞེས་གོང་འོག་ཡོངས་ལ་ཡང་ཡང་གསལ་བརྗོད་བྱས། དེ་ནས་ད་ལྟའི་བར་ཉམས་ཆུང་ཆོས་མཐུན་གྱི་བསམ་སྤྱོད་རྒྱུན་འཁྱོངས་ངང་སྤྱི་དོན་ཁུར་དུ་ཁྱེར་བའི་ལྷག་བསམ་སྟོབས་སུ་བསྐྱེད་དེ་ལོ་ངོ་བཅོ་བརྒྱད་རིང་རང་གིས་འབད་པས་སྒྲུབ་ཅིང་གཞན་ལ་བསྐུལ་འདེད་སྣེ་ཁྲིད་མཐུན་འགྱུར་རྒྱབ་སྐྱོར་འོག རྫོགས་དགོན་བཤད་གྲྭ་དང་བཅས་པའི་ཕྱི་ནང་འཛིན་སྐྱོང་རྟེན་བཞེངས་བཅས་བསྒྱུར་བཅོས་དར་རྒྱས་མྱུར་ཚད་ལྡན་པ་བྱུང་བས་ཕྱི་ནང་མི་སྣ་ཀུན་གྱིས་ད་སྟེ་འདི་ཉིད་རྒྱུན་སྐྱོང་ཐུབ་ན་ཆོག་རབ་ཏུ་འདུག་ཅེས་པའི་ཚད་དུ་སླེབ། 

WechatIMG25.jpegདུས་མཚམས་འདི་ནས་བླ་མ་རྣམ་པའི་བཀའ་དགོངས་དང་རེ་ལྟོས་ཅན་དག་གི་དམིགས་འདུན། རང་ཉིད་ཀྱི་ལྷག་བསམ་བྱས་པ་གང་འཚམ་གྲུབ་ཟིན་པ་དང་མི་ཚེ་རིང་ཚད་བྱས་ཀྱང་ཚེ་ཕྱེད་ལྷག་ཕྱིན་པའི་དུས་སུ་སོན་པ། ཆེན་པོའི་མཚན་དང་མཐོན་པོའི་ཁྲི་དང་ཐོབ་ཐང་སོགས་ཆོས་བརྒྱད་ལ་ཞེན་པ་རྩད་ནས་ཆོད་པ་མི་སྲིད་ཀྱང་ཞེན་ཆགས་སྤྲོ་བ་ཧ་ཅང་མི་ཆེ་བ། འབྱུང་འགྱུར་བསྟན་པ་འཛིན་སྐྱོང་ལ་མཁྱེན་ནུས་ལྡན་པའི་མཁན་སྤྲུལ་བཟང་ལ་མང་བ་བཞུགས་པ་ལོ་བཞིའི་བསྟན་བདག་ཁྲི་བ་དང་མཁན་ཆེན་ཁྲི་བའི་མཚན་འགན་དམངས་གཙོའི་འདེམས་སྲོལ་ཚུགས་པ་འདི་བཞིན་རྒྱུན་འཁྱོངས་བྱས་ཏེ། ཐུགས་འགན་ཆེད་བཞེས་པ་ལ་མཆོག་ཕལ་ཡོངས་ནས་ཕྱར་གྲུ་མཉམ་འདེགས་མཛད་ན་མི་ནུས་མི་འཇོན་པ་མེད་པ་སོགས་སྒོ་ཀུན་ནས་བསམ་གཞིག་སྔོན་སོང་བཅས། ན་ལོར་ངོས་ནས་རྫོགས་ཆེན་བདུན་པའི་མཚན་དོན་གཉིས་ཆར་ནས་དགོངས་ཞུས་བྱེད་རྒྱུ་འདུས་པའི་ཚོགས་སུ་ནན་བརྗོད་སྤེལ། འོན་ཀྱང་སྲོལ་རྒྱུན་གྱི་བསམ་བློ་དང་དད་འདུན་རྣལ་མ་ལྡན་པ་དག་གི་བློ་ངོར་མ་འཚམ་པ་དང་རྒྱུ་མཚན་གསལ་བཤད་ལ་གོ་བ་མ་ལོན་པའི་དོགས་འདྲི་བྱུང་བས་ད་ལམ་ཡིག་ཐོག་ཏུ་དྲིས་ལན་སྤེལ་བ་སྟེ། རྗེ་བཙུན་བླ་མ་དག་གི་དགོངས་ལུང་ལ་འཁྲུལ་བ་མི་མངའ་ཞིང་མི་མཁྱེན་མ་གཟིགས་པ་མེད་པའི་ཡིད་ཆེས་ང་ལའང་ལྡན་ཞིང་བཀུར་འདེབས་བཟློག་འགལ་བྱེད་པ་ག་ལ་སྲིད། འོན་ཀྱང་དགོངས་གཞི་དགོས་པ་ཅན་གྱི་དྲང་དོན་གྱི་གསུངས་སམ་ངེས་དོན་ལྟར་ནའང་ཕྱི་མཐར་གཟིགས་པའམ་སྦས་པའི་ཚུལ་ལས་ང་ཡིན་འདི་རེད་ཀྱི་བསྟོད་བཀུར་འུད་སྒྲོག་བྱེད་པའི་དགོས་དོན་ངེས་པ་མ་མཆིས་ཤིང་། རང་ངོས་ནས་སྤྱི་བྱེའི་བསྟན་པ་ལ་ལྷག་བསམ་ལས་སྨོན་ཆུང་དུས་ནས་མི་དམན་ཁར་ད་བར་ཞུས་དོན་གང་འཚམ་བྱས་ཟིན་ལ། ཕྱིན་ཆད་ཀྱང་ལྷག་བསམ་སྨོན་འདུན་རྒྱུན་འཁྱོངས་ངང་རང་གི་ཉམས་ལེན་དང་བསྟུན་བསྟན་རྒྱུན་ཆོས་རྒྱུན་ལ་སྨན་པའི་ཆོས་སྤྱོད་ཅི་ནུས་སྒྲུབ་པ་དང་ཁ་བ་རི་བའི་ཆོས་རིག་སྤྱིའི་ལ་རྒྱུར་ཕན་པའི་ལྷག་བསམ་དམ་བཅའ་ལྷོད་པ་མི་སྲིད་ཅིང་། 

IMG_3452.JPG

རེ་ཞིག་བར་སྤྱི་བྱེ་བསྟན་པའི་སྲོག་རྩ་ཤྲཱི་སེང་ཆོས་གྲྭའི་འཆད་ཉན་རྒྱུན་གནས་ཆེད་འགལ་སྤོང་མཐུན་སྒྲུབ་ནས་ཐོས་བསམ་འཆད་ཉན་གྱི་ཞུས་དོན་ཅི་འགྲུབ་བྱེད་རྒྱུ། རིས་སུ་མ་ཆད་པའི་སྐྱེ་འགྲོ་སྤྱི་དང་ཁྱད་པར་དད་དམ་གྱི་འབྲེལ་པ་ཟབ་པའི་སྐྱེ་བོ་དག་ལ་རྒན་མོ་ཁྱི་སོའི་རིང་བསྲེལ་གྱི་དཔེ་ལྟར་འདི་ཕྱི་ཕན་བདེའི་ལམ་སྟོན་སེམས་བསྐྱེད་སྨོན་པའི་འདུན་པ་མི་དོར་བར་ཉམས་ཆུང་ཆོས་མཐུན་གྱིས་འཚོ་བ་ལ་ཡིད་འདུན་པའི་ཚུལ་ཞུས་པར། རྒྱུན་ལས་མཁན་སྤྲུལ་ལྷན་རྒྱས་ནས་དེ་ལྟ་ན་རྫོགས་ཆེན་རིན་པོ་ཆེའི་མཚན་གནས་འཛིན་བཞིན་སྐུ་ངལ་གསོ་བ་དང་བཤད་སྒྲུབ་ཀྱི་བགྱི་བ་གང་ཞིག་མཛད་ཀྱང་ཡི་རངས་མོས་མཐུན་ཞུ་བ་ལས་མཚན་གནས་ལས་དགོངས་ཞུས་མོས་མཐུན་བྱེད་ཐབས་བྲལ་བའི་ལབ་གླེང་གོ་བསྐོན་ནན་མོ་མཛད་ཀྱང་། ངོས་ཀྱི་མི་གཤིས་དེ་མཚན་འགན་ཞིག་ཁུར་ནས་བཟུང་བྱ་བ་ཞིག་མི་སྒྲུབ་པར་རང་ཉིད་སྡོད་སོས་མི་བདེ་བར་ཆེ་ཐང་དུ་འབད་ཅིང་། གཞན་མཚན་འགན་ཅན་ལྷོད་གཡེངས་སུ་བཞུགས་པ་ཆེན་པོ་དག་ཀྱང་མིག་ལམ་དུ་མི་བབ་པ་ཞིག་ཡིན་པས། རང་ཉིད་འདུག་ཟོན་མི་བདེ་བའི་ཁར་རེ་ཞིག་ནས་གཞན་གྱི་མཐོང་ལམ་དུ་མི་མཛེས་ཤིང་བསྟན་འགན་ཆེད་བཞེས་མཁན་དག་གིས་མང་གཙོ་ཡང་དག་པའི་ལས་དོན་སྒྲུབ་མི་བདེ་བ་སོགས་དགེ་མཚན་མེད་པའི་སྐྱོན་མང་ལྡང་ངེས་པའི་ཚུལ་གསལ་བཤད་ཡང་དུ་ཞུས། 

WechatIMG2715.jpeg

མདོར་ན་རྫོགས་ཆེན་དགོན་པའི་བསྟན་པ་འདི་ཉིད་འཛམ་གླིང་སྤྱི་དང་གངས་ཅན་ལྗོངས། ཁྱད་པར་སྔ་འགྱུར་རྙིང་མ་ཡོངས་དང་རྫོགས་ཆེན་ཆོས་བརྒྱུད་ལ་དགོས་གལ་ཆེ་ཞིང་ཆོས་རིག་གི་རྩ་ལག་གལ་ཆེན་ཞིག་ཡིན་ཕྱིར་འདས་མ་ད་གསུམ་ལ་ཡོད་དགོས་ཤིང་ཡོད་ན་དགེ་མཚན་ཆེ་བ་མངོན་གསལ་ལ། དམིགས་བསལ་རེ་གཉིས་ཕུད་བོད་ཀྱི་སྤྲུལ་སྐུ་སྤྱི་དང་རྫོགས་ཆེན་རིན་པོ་ཆེའི་ཡང་སྲིད་ལམ་སྲོལ་དགོས་གལ་ཡོད་མིན་ཡུལ་དུས་གནས་བབ་ལ་དཔྱད་པ་ལས། བཤད་དང་སྒྲུབ་པའི་བསྟན་པ་མེད་ཀྱང་ཆོག་ལ་ཡང་སྲིད་ངོས་འཛིན་ཁྲི་སྟོན་ལམ་སྲོལ་མེད་མི་རུང་བར་སེམས་པའི་སྲོལ་རྒྱུན་རྙིང་ཞེན་བསམ་བློ་ལས་གྲོལ་ན་ཅིས་མི་ཆོག སྐབས་དོན་རྫོགས་ཆེན་ཆོས་བརྒྱུད་དང་བཅས་པའི་བསྟན་པའི་གཙུག་རྒྱན་སྲོག་འཛིན་སུ་ལ་བབ་འོས་ལྡན་པ་ཆོས་བརྒྱུད་དང་བཅས་པའི་མཁན་སྤྲུལ་རྣམས་ལས་ཚུལ་དགུའི་ཡོན་ཏན་གྱིས་ཕྱུག་པ་ཞིག་གནའ་དུས་དགའ་ལྡན་ཁྲི་བ་དང་། ཉེ་དུས་ཇོ་ནང་རྒྱལ་ཚབ་བསྐོས་པ་ལྟ་བུའི་ལམ་སྲོལ་དུ་ཕྱིན་ན་ལུགས་གཉིས་གང་ཐད་ནས་དགེ་མཚན་ཆེ་བ་མཐོང་བས་དེ་བཞིན་མངོན་དུ་འགྱུར་བ་སྒེར་ངོས་ནས་འབོད་བསྐུལ་གྲོས་གཞི་འདོན་བཞིན་ཡོད་ཅིང་། ལམ་སྲོལ་དེས་བོད་ཀྱི་སྤྲུལ་སྐུ་སྤྱི་དང་རྫོགས་ཆེན་རིན་པོ་ཆེ་ཕྱིས་འབྱོན་པའི་ཐུགས་བསྐྱེད་སྨོན་པའི་མཛད་པ་སྒོ་བཀག་པར་མི་འགྱུར་ཏེ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པས་སྦས་པའི་ཟོལ་གྱིས་བསྟན་འགྲོའི་དོན་མཛད་ཆོག་པ་དང་། གལ་ཏེ་ཆ་རྐྱེན་འཛོམས་ཤིང་མོས་འཐད་ལྡན་ཚེ་སྤྲུལ་སྐུའི་ཚོགས་ཀྱང་ཆེས་མཐོའི་བསྟན་བདག་འོས་འདེམས་སུ་ཞུགས་ཆོག་ཅིང་མངའ་གསོལ་ཆོག་པ་ཡིན། ལམ་སྲོལ་འདི་ལ་རྣམ་དཔྱོད་ལྡན་ཞིང་བློ་རྒྱ་ཡངས་པོས་གཞལ་ཚེ་རྫོགས་ཆེན་དགོན་པ་ཙམ་མིན་པར་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་དགོན་སྡེ་ཆེ་ཕྲ་ཡོངས་ཀྱིས་མའོང་པར་གཙོ་འཛིན་བསྟན་བདག་བསྐོ་བའི་ཐབས་ལམ་མིག་རྒྱང་རིང་ལ་དཔེར་འོས་པ་ཞིག་ཀྱང་ཡིན་པར་སེམས། དེས་ན་དོན་འདིར་འབྲེལ་ཡོད་ཡོངས་ནས་སེམས་ཚོར་ཆགས་སྡང་གི་རྗེས་སུ་འབྲངས་ཏེ་གླེང་བརྗོད་རང་གར་དུ་མི་སྤེལ་བར་བློ་རྣལ་དུ་ཕབས་པས་རྒྱུ་མཚན་ཡང་དག་ལ་གོ་བ་ལེན་པ་དང་། སྤྱི་བྱེའི་བསྟན་པ་འཕྲལ་ཡུན་ཀུན་ཏུ་དར་ཞིང་རྒྱས་པའི་ཐབས་ལམ་འཚོལ་བར་བློ་རྒྱ་བསྐྱེད་ཅིང་མིག་རྒྱང་རིང་པོའི་རྣམ་དཔྱོད་རྩལ་དུ་འདོན་པའི་རེ་སྨོན་བཅས། །

བསྟན་འཛིན་ལུང་རྟོགས་ཉི་མས་ས་ཕག་ཧོར་ཟླ་བཅུ་པའི་ཚེས་དྲུག་ཉིན་སྤེལ་བ་དགེ།

WechatIMG2024.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།