༄༅། །རླུང་རྟའི་གསེར་སྐྱེམས་ཀུན་དགའི་དཔལ་སྟེར།

WechatIMG1180.jpeg

༄༅། །རླུང་རྟའི་གསེར་སྐྱེམས་ཀུན་དགའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།

ཧོ། ཆོས་དབྱིངས་བདེ་བ་ཆེན་པོའི་ངང་ཉིད་ལས། །མ་འགགས་རོལ་བའི་ཕྲིན་ལས་ཀུན་ཏུ་ཁྱབ། །ཡེ་ཤེས་འཇིག་རྟེན་ཡོངས་ཀྱི་འཁོར་ལོས་བསྒྱུར། །སྐལ་ལྡན་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཚེ་བསོད་དཔལ་འབྱོར་དབང་ཐང་སྙན་གྲགས་ཀྱི། །རླུང་གི་རྒྱལ་མཚན་སྲིད་རྩེར་བསྒྲེངས་མཛད་པའི། །སྣང་ལ་རང་བཞིན་དངོས་པོ་མ་གྲུབ་པ། །དྭངས་བའི་མཚོ་ནང་ཟླ་གཟུགས་ཤར་བ་བཞིན། །དབུས་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན། །རྫུ་འཕྲུལ་རྐང་པ་བཞི་ལ་མངའ་བརྙེས་པ། །སྟོང་གསུམ་སྐད་ཅིག་ཡུད་ལ་བགྲོད་པར་བྱེད། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །རླུང་གི་རྩལ་ལྡན་སྤྲིན་གྱི་ཤུགས་ལྡན་རྟ། །མཛེས་པའི་གཟུགས་འཆང་སྟོང་གསུམ་གང་བར་བྱེད། །མདོག་སྔོན་ཨིནྡྲ་ནི་ལའི་ལྷུན་པོ་ལ། །རྟ་བདུན་བདག་པོའི་འོད་ཀྱིས་འཁྱུད་པ་བཞིན། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བ། །རྔོག་མ་ལྕང་ལོ་གཡས་སུ་འཁྱིལ་བ་ལས། །རྣམ་མང་རིན་ཆེན་སྣ་ཚོགས་ཆར་བ་འབེབས། །སྟེང་དུ་ཡིད་བཞིན་ནོར་བུ་བསམ་འཕེལ་ནི། །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །འོད་དང་འོད་ཟེར་ཉི་མ་འབུམ་ལས་ལྷག །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །རྟག་ཏུ་མུན་པའི་སྣང་བ་གསལ་བར་བྱེད། །འོད་ཟེར་ཕོག་པས་འགྲོ་བའི་ནད་རྣམས་སེལ། །དྲོ་ན་བསིལ་ཞིང་གྲང་ན་དྲོ་བར་བྱེད། །འདོད་རྒུའི་ལོངས་སྤྱོད་དངོས་གྲུབ་ཆར་པ་འབེབས། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །གསེར་གྱི་ཉ་མོ་དུང་གི་གཤོག་པ་མཛེས། །བུམ་པ་བཟང་པོ་དཔག་བསམ་ནོར་བུའི་རྒྱན། །མ་ཆགས་སྐྱོན་བྲལ་མདངས་ལྡན་པདྨའི་ཚལ། །དྲི་མེད་དཀར་གསལ་ཡིད་འོང་གཡས་འཁྱིལ་དུང་། །དཔལ་གྱི་བེའུ་བཀྲ་ཤིས་དཔལ་གྱི་མཆོག །བདུད་བཞི་གཡུལ་ལས་རྒྱལ་བའི་རྒྱལ་མཚན་བསྒྲེངས། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་སོགས། །ཡིད་འོང་རིན་ཆེན་བཀྲ་ཤིས་རྟགས་བརྒྱད་ཀྱི། །གཟུགས་ཀྱི་རྣམ་འགྱུར་ཕྱོགས་བཅུར་ཀུན་ནས་བཀྲ། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །མྱུར་མགྱོགས་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །སྙན་པའི་བ་དན་སྲིད་པའི་རྩེར་མོར་བསྒྲེངས། །གྲགས་པའི་འབྲུག་སྒྲ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་ནུས་པ་རླུང་གི་མེ་བཞིན་སྦར། །འགྱུར་མེད་རླུང་གི་དཔལ་ཡོན་རབ་སྒྲུབ་ནས། །ཆོས་སྲིད་ལེགས་ཚོགས་ཕྱོགས་བཅུར་རྒྱས་པར་མཛོད། །ཤར་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན། །འཇིགས་རུང་མེ་ཡི་ཚྭ་ཚྭ་འཁྲུགས་པ་ཡི། །མེ་ཁམས་རླུང་གི་དཔལ་སྟེར་བསྐྱེད་མཛད་པ། །དཔའ་རྩལ་སྟོབས་བསྐྱེད་རྒྱ་སྟག་ཁྲ་བོ་ནི། །མདོག་དམར་དུས་མཐའི་མེ་ལྟར་འབར་བ་ལ། །མིག་སྨན་མདོག་ཅན་རི་མོ་ཀུན་ཏུ་བཀྲ། །རྔམ་པའི་སྒྲ་ཡིས་སྟོང་གསུམ་གང་བར་བྱེད། །དཔའ་སྙིང་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །ལྷོ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན། །ཆུ་ལྡན་ཆར་སྤྲིན་ཟབ་མོའི་ཀློང་ཡངས་ན། །ཆུ་ཁམས་རླུང་གི་དཔལ་སྟེར་བསྐྱེད་མཛད་པ། །ངར་སྐད་སྟོབས་བསྐྱེད་གཡུ་འབྲུག་སྔོན་མོ་སྟེ། །མདོག་ལྗང་རིན་ཆེན་མར་གད་ཞུན་མའི་མདོག །སྒྲ་ཡིས་སྲིད་པ་གསུམ་པོ་གཡོ་བར་བྱེད། །གློག་གི་ཕྲེང་བས་སྟོང་གསུམ་གསལ་བྱེད་པ། །ལག་ན་དགོས་འདོད་ཡིད་བཞིན་ནོར་བུ་བསྣམས། །སྙན་གྲགས་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །ནུབ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན། །ཤེལ་བྲག་གངས་ཆེན་ལྕགས་རིའི་ཟམ་གནས་ནས། །ལྕགས་ཁམས་རླུང་གི་དཔལ་སྟེར་བསྐྱེད་མཛད་པ། །དཔའ་རྔམས་སྟོབས་བསྐྱེད་དུང་སེང་གཡུ་རལ་ཅན། །སྟོབས་ཀྱི་རྒྱལ་པོ་སྡེར་ཆགས་ཡོངས་ཀྱི་གཙོ། །གངས་རིའི་མདངས་ལྡན་ཉི་མ་འབུམ་གྱི་གཟི། །གཡུ་ཡི་རལ་བ་སྔོན་པོ་སྤྲིན་ལྟར་གཏིབས། །སྟོབས་ལྡན་སེངྒེའི་ངར་སྐད་ལྷངས་སེ་ལྷང་། །གཟི་བརྗིད་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །ལྷོ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །དཔག་བསམ་ལྗོན་པའི་ཚལ་ན་རྒྱུ་བ་ཡིས། །ཤིང་ལ་རླུང་གི་དཔལ་སྟེར་བསྐྱེད་མཛད་པ། །སྟོབས་ཤུགས་བང་བསྐྱེད་ཁྱུང་ཆེན་འབར་བ་ནི། །གཡུ་ཡི་མདོག་ཅན་འོད་ཟེར་ཕྱོགས་བཅུར་འཕྲོ། །གཡུ་ཡི་གཤོག་པ་བར་སྣང་མཁའ་ལ་བརྐྱངས། །ཕྱོགས་བཅུར་ལྡིང་ཞིང་བང་ནི་གློག་ལས་མྱུར། །གསེར་གྱི་མིག་ལ་ནོར་བུའི་ཐོར་ཚུགས་ཅན། །ཡོན་ཏན་ལྡན་པའི་རླུང་རྟ་ཡར་ལ་བསྐྱེད། །སྟག་སེང་ཁྱུང་འབྲུག་རླུང་རྟའི་ལྷ་རྣམས་ལ། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །སྙན་པའི་བ་དན་སྲིད་པའི་རྩེར་མོར་བསྒྲེངས། །གྲགས་པའི་འབྲུག་སྒྲ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་ནུས་པ་རླུང་གི་མེ་བཞིན་སྦར། །འགྱུར་མེད་རླུང་གི་དཔལ་ཡོན་རབ་སྒྲུབ་ནས། །ཆོས་སྲིད་ལེགས་ཚོགས་ཕྱོགས་བཅུར་རྒྱས་པར་མཛོད། །ཡེ་སྨོན་རྒྱལ་པོ་གསང་བདག་རྒྱལ་མོ་གཉིས། །སྨོན་ལམ་ལྷ་ལས་རླུང་རྟ་གསལ་བ་ནི། །ལྕགས་ཟངས་ཤིང་དང་ཆུ་ཡི་མི་ཕོ་བཞི། །རང་རང་མདོག་ཅན་འཕན་དར་ལྡེམ་འཕྲུ་ཅན། །ཕྱག་བརྙན་སྤྲུལ་པ་སྤྲེལ་སྦྲུལ་སྟག་དང་ཕག །སྲིད་པའི་སྙན་གྲགས་ཕྱོགས་བཅུ་ཀུན་ཏུ་སྤེལ། །ཆིབས་སུ་སྟག་རྟ་ཀུ་ཀུ་ར་ཛ་ཆིབས། །ནུབ་ཕྱོགས་རླུང་ཁྲི་དགུ་འབུམ་བདག་པོ་ནི། །རླུང་རྟའི་སྲས་པོ་ལྕགས་ཀྱི་མི་ཕོ་ལ། །མདུང་དར་བསྣམས་ནས་སྟག་རྟ་ཁྱི་གསུམ་ཆིབས། །ཕྱག་བརྙན་སྤྲེལ་མགོ་ཡང་སྤྲུལ་ཕོ་ཉར་འགྱེད། །ནུབ་ཕྱོགས་རླུང་རྟ་བསྐྱེད་ལ་སྙན་གྲགས་སྤེལ། །ལྷོ་ཕྱོགས་རླུང་ཁྲི་དགུ་འབུམ་བདག་པོ་ནི། །རླུང་རྟའི་སྲས་པོ་ཟངས་ཀྱི་མི་ཕོ་ལ། །མདུང་དར་བསྣམས་ཤིང་ཕག་ལུག་ཡོས་གསུམ་ཆིབས། །ཕྱག་བརྙན་སྦྲུལ་མགོ་ཡང་སྤྲུལ་ཕོ་ཉར་འགྱེད། །ལྷོ་ཕྱོགས་རླུང་རྟ་བསྐྱེད་ལ་སྙན་གྲགས་སྤེལ། །ཤར་ཕྱོགས་རླུང་ཁྲི་དགུ་འབུམ་བདག་པོ་ནི། །རླུང་རྟའི་སྲས་པོ་ཆུ་ཡི་མི་ཕོ་ལ། །མདའ་དར་བསྣམས་ཤིང་བྱི་འབྲུག་སྤྲེལ་གསུམ་ཆིབས། །ཕྱག་བརྙན་སྟག་མགོ་ཡང་སྤྲུལ་ཕོ་ཉར་འགྱེད། །ཤར་ཕྱོགས་རླུང་རྟ་བསྐྱེད་ལ་སྙན་གྲགས་སྤེལ། །བྱང་ཕྱོགས་རླུང་ཁྲི་དགུ་འབུམ་བདག་པོ་ནི། །རླུང་རྟའི་སྲས་པོ་ཆུ་ཡི་མི་ཕོ་ནི། །མདུང་དར་བསྣམས་ནས་བྱ་གླང་སྦྲུལ་གསུམ་ཆིབས། །ཕྱག་བརྙན་ཕག་མགོ་ཡང་སྤྲུལ་ཕོ་ཉར་འགྱེད། །བྱང་ཕྱོགས་རླུང་རྟ་བསྐྱེད་ལ་སྙན་གྲགས་སྤེལ། །བར་སྣང་གཉན་གྱི་རླུང་རྟ་རྣམ་པ་གཉིས། །གཡས་ཕྱོགས་བར་སྣང་ཁམས་ན་གནས་པ་ཡི། །རླུང་ཁྲི་དགུ་འབུམ་མ་ལུས་ཀུན་གྱི་བདག །སྟག་གི་མགོ་ཅན་མདུང་དར་ཚེ་བུམ་བསྣམས། །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །གཡོན་ཕྱོགས་བར་སྣང་ཁམས་ན་གནས་པ་ཡི། །རླུང་ཁྲི་དགུ་འབུམ་མ་ལུས་ཀུན་གྱི་བདག །སྐྱེས་བུ་ཆེན་པོ་མདོག་དཀར་འོད་ཟེར་འབར། །བེར་དཀར་གསོལ་ཞིང་མདུང་དར་ཕྱག་ན་བསྣམས། །རླུང་གི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས། །ཡི་སྨོན་རྒྱལ་པོ་གསང་བདག་རྒྱལ་མོ་གཉིས། །རླུང་རྟ་བཞི་དང་ལྷ་སྲས་རྣམ་པ་བཞི། །ཕྱག་བརྙན་སྡེ་བཞི་ཡང་སྤྲུལ་ཕོ་ཉའི་ཚོགས། །བར་སྣང་གཉན་གྱི་རླུང་རྟ་རྣམ་གཉིས་བཅས། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །སྙན་པའི་བ་དན་སྲིད་པའི་རྩེར་མོར་བསྒྲེངས། །གྲགས་པའི་འབྲུག་སྒྲ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་ནུས་པ་རླུང་གི་མེ་བཞིན་སྦར། །འགྱུར་མེད་རླུང་གི་དཔལ་ཡོན་རབ་སྒྲུབ་ནས། །ཆོས་སྲིད་ལེགས་ཚོགས་ཕྱོགས་བཅུར་རྒྱས་པར་མཛོད། །ཕ་ལྷ་མ་ལྷ་ཞང་ལྷ་སྲོག་ལྷ་དང་། །ཡུལ་ལྷ་ལ་སོགས་འགོ་བའི་ལྷ་ལྔ་དང་། །ཚེ་སྲོག་སྐྱོབ་དང་བསྟན་པ་རྒྱས་པ་དང་། །མི་གྲངས་སྤེལ་སོགས་དགྲ་ལྷ་བཅུ་གསུམ་པོ། །མ་ལྷ་བུ་རྫི་སྐྱེས་ཀྱི་ཕྲག་ལྷ་དཀར། །ཐབ་ལྷ་ཡུ་མོ་ཁྱིམ་ལྷ་གེ་ཐུང་དང་། །རྣམ་མང་ཐོས་སྲས་ཨརྱ་ཛམ་བྷ་ལ། །ཚོང་ལྷ་ཚོགས་བདག་གླང་སྣ་མགྲོན་ལྷ་དཀར། །དགྲ་ལྷ་ཐབ་སྐྱེན་རྣ་གསང་ཆེན་པོ་དང་། །ཇག་ལྷ་དར་མ་དགྲ་ལྷ་མགོན་པོ་དམར། །ཟས་ལྷ་དམར་པོ་དགྲ་ལྷ་སྲོག་ལྷ་དཀར། །འགོ་བའི་ལྷ་ལྔ་དགྲ་ལྷའི་ཚོགས་རྣམས་ལ། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །སྙན་པའི་བ་དན་སྲིད་པའི་རྩེར་མོར་བསྒྲེངས། །གྲགས་པའི་འབྲུག་སྒྲ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་ནུས་པ་རླུང་གི་མེ་བཞིན་སྦར། །འགྱུར་མེད་རླུང་གི་དཔལ་ཡོན་རབ་སྒྲུབ་ནས། །ཆོས་སྲིད་ལེགས་ཚོགས་ཕྱོགས་བཅུར་རྒྱས་པར་མཛོད། །བྱི་བ་ལ་སོགས་ལོ་སྐོར་བཅུ་གཉིས་དང་། །ལི་ཁོན་དཱ་ཁེན་གིན་སོགས་སྤར་ཁ་བརྒྱད། །ལྔ་སེར་གཉིས་ནག་སུམ་མཐིང་བཞི་ལྗང་དང་། །དྲུག་དཀར་བདུན་དམར་ལ་སོགས་སྨེ་བ་དགུ། །ལོ་ལྷ་དོན་གཉིས་ས་བདག་ལག་ཆེན་དང་། །ས་བདག་ཉེར་གཅིག་ལྷ་མོ་བརྟན་མ་སོགས། །ལོ་འཁོར་ས་བདག་བིཥྚི་ཟིན་ཕུང་དང་། །ནུ་རུ་ལུགས་དང་རྣོ་མྱུར་དུས་མཚན་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བྱེད་པའི། །ས་བདག་མཐུ་སྟོབས་དབང་ཕྱུག་ཅན་རྣམས་དང་། །ཕན་གནོད་ལ་དབང་ཀོ་ལོང་གདུག་སེམས་ཅན། །རླུང་རྟ་ཆེན་པོའི་བཀའ་འཁོར་ལ་གནས་པའི། །ཉི་མའི་ཟེར་གྱི་རྡུལ་ལྟར་འཁྲིགས་པ་བཞིན། །སྲིད་གསུམ་གང་བར་བྱེད་པའི་ཚོགས་རྣམས་ལ། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །སྙན་པའི་བ་དན་སྲིད་པའི་རྩེར་མོར་བསྒྲེངས། །གྲགས་པའི་འབྲུག་སྒྲ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་ནུས་པ་རླུང་གི་མེ་བཞིན་སྦོར། །འགྱུར་མེད་རླུང་གི་དཔལ་ཡོན་རབ་སྒྲུབ་ནས། །ཆོས་སྲིད་ལེགས་ཚོགས་ཕྱོགས་བཅུར་རྒྱས་པར་མཛོད། །

ཅེས་རླུང་རྟའི་གསེར་སྐྱེམས་ཀུན་ཏུ་དགའ་བའི་དཔལ་སྟེར་ཞེས་བྱ་བ་འདི་ནི་རྟེན་འབྲེལ་གྱི་ལེགས་ཚོགས་འགའ་ཞིག་འགྲིགས་པའི་རྐྱེན་གྱིས་ས་ཕོ་རྟ་ལོའི་ཟླ་༣ཚེས་རེས་བཟའ་པ་སངས་ཉིན་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རུ་དམ་ཨོ་རྒྱན་བསམ་བཏན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེ་འཆི་མེད་གྲུབ་པའི་དགའ་ཚལ་དུ་བསྟན་ལ་ཕན་པའི་ལྷག་བསམ་བཟང་པོས་བྲིས་པ་དགེ །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།