
༄༅། །ཨེ་མ་ཧོ། ངོ་བོ་བློ་འདས་འོད་གསལ་ཆོས་ཀྱི་སྐུ། །རང་བཞིན་མ་འགགས་གསལ་སྣང་ལོངས་སྤྱོད་རྫོགས། །ཐུགས་རྗེའི་རིག་རྩལ་གང་འདུལ་སྤྲུལ་བའི་སྐུ། །སྐུ་གསུམ་དབྱེར་མེད་བླ་མ་པདྨ་འབྱུང་། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བདེ་བ་ཆེ། །མ་ཧ་གུ་རུ་པདྨ་སཾ་བྷ་ཝར། །གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །འཆི་མེད་རྡོ་རྗེའི་སྐུ་བརྙེས་མཚོ་སྐྱེས་རྗེ། །སྐུ་ལྔ་མཚན་བརྒྱད་རྣམ་འཕྲུལ་བཅུ་གཉིས་སོགས། །བསམ་ཡས་ཞི་དང་ཁྲོ་བོའི་རོལ་གར་སྟོན། །གནས་གསུམ་མཁའ་འགྲོ་རྒྱ་མཚོའི་མེས་པོ་ཆེ། །བདག་གི་སྐྱབས་གཅིག་གུ་རུ་པདྨ་རྗེ། །བུ་ཡི་གདངས་དབྱངས་ཉམ་ཐག་འདིར་གཟིགས་ལ། །ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་རིན་པོ་ཆེ། །བོད་འབངས་སྐྱོབ་པའི་གཉེན་གཅིག་ཁྱོད་ཉིད་ལ། །ཁྱོད་ཀྱི་ཐུགས་རྗེས་ཡལ་བར་འདོར་བཟོད་དམ། །འབྱུང་བ་གཡོ་འཁྲུགས་ནད་མཚོན་མུ་གེ་སོགས། །སྡུག་བསྔལ་དུ་མས་འགྲོ་རྣམས་མནར་ལ་གཟིགས། །བདུད་རིགས་འབྱུང་པོའི་ཆུ་གཏེར་རབ་འཁྲུགས་པས། །བསྟན་འཛིན་སྐྱེས་བུ་རྣམས་ནི་ཞིང་གཞན་གཤེགས། །ལུང་རྟོགས་བཤད་སྒྲུབ་བསྟན་པ་མར་ལ་འགྲིབ། །ལྷ་མིན་ཆར་སྤྲིན་ནག་པོ་མཁའ་ལ་གཏིབ། །ལོག་རྟོག་ལྕེ་འཁྱུག་སྡིག་པའི་ན་བུན་འཐིབ། །ལྟ་ངན་འབྲུག་སྒྲ་སྒྲོག་ཅིང་ལས་ངན་གྱི། །ཐོག་སེར་འབེབས་པས་བསྟན་འགྲོའི་བདེ་སྐྱིད་བཅོམ། །འདི་འདྲའི་དུས་ན་གུ་རུའི་ཐུགས་རྗེ་ཡི། །འཐོར་རླུང་དྲག་པོས་བདུད་ཀྱི་ཆུ་འཛིན་གཏོར། །ཀ་དག་ཆོས་སྐུའི་མཁའ་དབྱིངས་ཡངས་པོའི་རྫོགས། །བཤད་སྒྲུབ་ཉི་ཟླ་ཟུང་གཅིག་སྣང་བར་མཛོད། །བསྟན་དང་བསྟན་འཛིན་དབུ་འཕང་མཐོ་བ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྩོལ། །བུ་ཡི་སྐྱབས་གནས་གུ་རུ་རིན་པོ་ཆེར། །རྩེ་གཅིག་མོས་གུས་གདུང་བས་གསོལ་འདེབས་ན། །ཕ་ཡིས་ཐུགས་རྗེ་ཕྱག་གིས་མ་བཏང་ཀྱེ། །བྱིན་རླབས་དབང་བསྐུར་མཆོག་ཐུན་དངོས་གྲུབ་སྩོལ། ཉམས་རྟོགས་རིག་པའི་རྩལ་ཆེན་སྤར་བ་དང་། །གུ་རུ་རྗེ་དང་རྣམ་དབྱེ་མེད་པར་ཤོག །འདི་ནས་ཚེ་འཕོས་རྔ་ཡབ་དཔལ་གྱི་རིར། །པདྨ་འོད་ཀྱི་ཕོ་བྲང་ཆེན་པོ་དེར། །རིག་འཛིན་མཁའ་འགྲོའི་ཚོགས་དང་དགྱེས་རྒུར་སྤྱོད། །ལྷན་གཅིག་ཐེག་ཆེན་ཆོས་ལ་སྤྱོད་པ་དང་། །ཚོམ་བུ་གཅིག་ཏུ་མངོན་པར་བྱང་ཆུབ་ཤོག །
ཅེས་པའང་ས་འབྲུག་ཟླ་ཚེས་ལ་ཆོས་ཀྱི་བློ་གྲོས་པས་པདྨ་ཤེལ་ཕུག་གི་གུ་རུ་བདེ་བ་ཆེན་པོའི་སྣང་བརྙན་ཡེ་ཤེས་པ་མངོན་སུམ་བཞུགས་པའི་མདུན་རྩེ་གཅིག་གསོལ་བ་བཏབ་པ་འདིས་ཀྱང་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ།། །།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།