གོ་རམས་པ་བསོད་ནམས་སེངྒེའི་ཞལ་གདམས་བཞུགས་སོ།།

སོག་པོ་བཀའ་བཅུ་པ་ལ་གདམས་པ།

      བློ་ཆོས་ལ་བསྐུལ་བའི་གདམས་པ་དགོས་གསུང་བ། ཉིད་མདོ་སྔགས་ཀྱི་གཞུང་ལུགས་ལ་བབས་ཀྱི་གོ་བ་བཟང་བ་ཡིན་པས་དེའི་ཐོག་ནས་གང་ཐོན་མཛད་པས་ཁྱབ། གནད་ཕྲལ་དུ་མཁོ་བ་འགའ་ཞིག་བརྗོད་ན། ཟག་བཅས་འཁོར་བའི་འཁྲུལ་སྣང་འདི་ཉིད་ལ། །འཕྲལ་དུ་ཕུན་ཚོགས་བླང་བྱར་སྣང་བ་ཀུན། །འདུ་བྱེད་སྡུག་བསྔལ་ཉིད་དུ་རྟོགས་བྱས་ནས། །ངེས་པར་འབྱུང་བ་ཐར་ལམ་རྩ་བ་ཡིན། །མར་གྱུར་འགྲོ་བ་འཁོར་བའི་རྒྱ་མཚོ་ཆེར། །སྡུག་བསྔལ་ཆུ་སྲིན་མཆེ་རྣོན་གཙིགས་པ་ཡིས། །རྒྱུན་དུ་བཟུང་བ་འདི་དག་ཐར་འདོད་པའི། །སྙིང་རྗེ་གོམ་པ་ཐེག་ཆེན་རྩ་བ་ཡིན། །དབང་བཞི་རྫོགས་པར་བསྐུར་བའི་བླ་མ་མཆོག །སངས་རྒྱས་ཐམས་ཅད་གདན་གསུམ་ཚང་བ་ཡི། །ལྷ་ཚོགས་སུ་འདུས་གང་གི་སྐུར་མཐོང་ནས། །གསོལ་བ་འདེབས་པ་བྱིན་རླབས་རྩ་བ་ཡིན། །མ་དག་འཁོར་བའི་སྣོད་བཅུད་སྣང་བ་རྣམས། །ལྷག་པའི་ལྷ་ཡི་ངོ་བོར་རང་བཞིན་གྱིས། །རྣམ་པར་དག་ཀྱང་མཚན་རྟོག་བསལ་བའི་ཕྱིར། །ལྷ་རུ་བསྒོམ་པ་བསྐྱེད་རིམ་རྩ་བ་ཡིན། །དམིགས་བཅས་དམིགས་མེད་ཐབས་ལམ་གང་རུང་གིས། །ཡེ་ཤེས་སྐྱེས་ཚེ་དེ་ཡིས་སྣང་བ་ཀུན། །བྱིན་གྱིས་བརླབས་ནས་ཐམས་ཅད་ཡེ་ཤེས་སུ། །བསྒོམ་པ་འདི་ནི་རྫོགས་རིམ་རྩ་བ་ཡིན། །ནང་དུ་ལྟ་བ་སྤྲོས་བྲལ་རྟོགས་གྱུར་ཀྱང་། །ཡི་དམ་ལྷ་བསྒོམ་སྔགས་ཀྱི་བཟླས་པ་སོགས། །ཐབས་ལམ་ཟབ་མོ་ཁྱད་དུ་མི་གསོད་པར། །བརྩོན་པས་བསྒྲུབ་པ་དངོས་གྲུབ་རྩ་བ་ཡིན། །ཐེག་པ་གོང་འོག་ཉམས་ལེན་གནད་རྣམས་ཀུན། །གང་དུ་འདུས་པའི་རྩ་བ་རྟོགས་གྱུར་ཀྱང་། །བག་ཆགས་མཐུག་པོ་རྐྱེན་གྱིས་བསླང་བའི་ཚེ། །ཤིན་ཏུ་གཅེས་པའི་མན་ངག་དྲན་པ་དགོས། །རྙེད་བཀུར་གྲགས་པ་འདོད་པའི་བློ་སྐྱེས་ཏེ། །བདག་ནི་རྙེད་མང་བཀུར་སྟི་དང་བཅས་ཤིང་། །མང་པོ་དགའ་བའི་སྙེམས་པ་བྱུང་གྱུར་ན། །འཆི་ཚེ་འཇིགས་པ་སྐྱེ་བས་སྤོང་བ་གཅེས། །སྙིགས་དུས་ཉོན་མོངས་དྲག་པོས་གང་བ་ཡིས། །འཁོར་ཚོགས་བསྡུ་ཚེ་ལོག་སྒྲུབ་བྱུང་བ་ན། །ཁྱིམ་དུ་གཏེར་ལྟར་དགའ་བའི་བློ་སྐྱེས་ནས། །བཟོད་པས་བྱང་ཆུབ་ལམ་དུ་བསྒྱུར་བ་གཅེས། །བདག་ཉིད་མཐོ་ཞིང་གཞན་དག་དམའ་བར་ནི། །འདོད་པའི་བློ་ལ་འབྲས་བུ་བཟློག་པའི་ཕྱིར། །འགྲོ་ཀུན་སྤྱི་བོའི་ཐོད་བཞིན་ཁུར་བྱས་ནས། །རྟག་ཏུ་དམན་ས་འཛིན་པ་ཤིན་ཏུ་གཅེས། །བསམ་པས་དམན་ས་འཛིན་པར་འདོད་ན་ཡང་། །བསོད་ནམས་ཞིང་མཆོག་དགེ་འདུན་འདུས་པའི་ཚེ། །གཙོ་བོ་བསྟན་པའི་རྒྱན་དུ་ཆེ་བའི་ཕྱིར། །གཞན་ངོར་བཀུར་སྟི་དྭང་དུ་ལེན་པ་གཅེས། །དྲན་པ་ཉེར་གཞག་གསུམ་པོ་སངས་རྒྱས་ཀྱི། །ཁྱད་ཆོས་ཡིན་ཡང་མོས་སྤྱི་བསྒྲུབ་དགོས་པས། །འཁོར་གྱི་ཆོན་ཉན་ཀུན་སྤྱོད་རྣམ་པ་གཉིས། །ཆགས་སྡང་ཁོང་ཁྲོས་དབེན་པ་ཤིན་ཏུ་གཅེས། །ནང་དུ་ཐོས་བསམ་སྒོམ་པའི་ཉམས་ལེན་དང་། །ཕྱི་རུ་འཆད་རྩོད་རྩོམ་པའི་ཕྲིན་ལས་རྣམས། །རློམ་སེམས་སྐྱེས་ན་དེ་ཉིད་ཕན་ཆུང་བས། །བྱས་ཞེས་སྙམ་པའི་རློམ་སེམས་མེད་པ་གཅེས། །དེང་སང་དམ་ཆོས་ཚུལ་བཞིན་བསྒྲུབ་པ་ལ། །དུས་ཀྱི་ཤུགས་ཀྱི་བར་ཆོད་སྟོབས་ཆེ་བས། །དེ་དག་བཟློག་ཕྱིར་མཁའ་འགྲོ་ཆོས་སྐྱོང་གི །བསྙེན་སྒྲུབ་མཆོད་གཏོར་རྒྱུན་དུ་བྱ་བ་གཅེས། །ལམ་གྱི་རྩ་བ་རྣམ་བདུན་དང་། །དེ་ལ་གཅེས་པ་རྣམ་བདུན་ལ། །བློ་ཆེན་ཁྱེད་ཀྱིས་འབད་གྱུར་ན། །འདོད་པའི་དོན་མཆོག་འཐོབ་པར་འགྱུར། །

ཞེས་ཡི་གེའི་རྟེན་མཚོན་པར་རྗེ་སེམས་དཔའ་ཆེན་པོའི་གདུང་ཐལ་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་གཅིག་དང་བདུད་རྩི་རིལ་བུ་གཅིག་ལ་རྟགས་འདི་འབྱར་བ་ཕུལ། ཧོར་ཟླ་ལྔ་པའི་ཉེར་བཞི་ལ་ཐུབ་བསྟན་རྣམ་རྒྱལ་ནས་ཕུལ་བ་དགེ་ལེགས་འཕེལ་བར་གྱུར་ཅིག  དགེའོ།། །།

གོ་བོ་སངས་རྒྱས་རྒྱལ་མཚན་ལ་གདམས་པ།

      དགེ་བཤེས་སངས་རྒྱས་རྒྱལ་མཚན་གྱི་ཕྱག་ཏུ་ཕུལ་བ། ཁྱེད་ཁམས་བཟང་པར་ཡུལ་ཕྱོགས་སུ་སླེབ་ཡོད་འདུག་པ་ལེགས། སྤྱིར་སྤྲོས་པ་ཐམས་ཅད་བཅད་ནས་དགེ་སྦྱོར་ལ་དྲིལ་བ་འཐད། འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་རྟོག་བྱུང་བའི་ཚེ་དྲན་ཤེས་བཞིན་གྱིས་ཟིན་པར་བྱས་ནས་མགོ་སྙོམས་པ་འཐད། རློམ་སེམས་བྱུང་ན་དགེ་རྩ་ཆུད་ཟོས་སུ་འགྲོ་བས་ངའོ་སྙམ་པའི་རྣམ་རྟོག་མེད་པ་འཐད། མི་སེམས་དང་བསྟུན་དྲགས་ན་གཞན་གྱི་ངོ་མི་ཟིན་པའི་སྟེང་དུ་རང་དོན་ཉམས་པས་བློ་ཐག་གཅད་པ་འཐད། ཧ་ཅང་གཞན་དང་མ་མཐུན་ན་མཐའ་མི་འཁྱོངས་པས་གཞན་དང་འགྲོགས་དུས་རང་ལུགས་སུ་གཞག་པ་འཐད། གསང་སྔགས་ཀྱི་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་ཡིན་པས་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་འཐད། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མའི་རྣལ་འབྱོར་ལ་འབད་པ་བྱེད་པ་འཐད། སྙིགས་མའི་དུས་སུ་ཆོས་ཚུལ་བཞིན་དུ་བྱེད་པ་ལ་བར་ཆད་འབྱུང་བས་མཁའ་འགྲོ་ཆོས་སྐྱོང་ལ་བསྙེན་སྒྲུབ་བྱེད་པ་འཐད། གདམས་པའི་རྒྱལ་པོ་འཐད་པ་བརྒྱད་ལྡན་འདི། །དད་ཅིང་བརྩོན་པས་ཚུལ་བཞིན་ཉམས་བླངས་ན། །གང་དུ་གནས་ཀྱང་རང་སེམས་བཤེས་གཉེན་ཡིན། །དལ་འབྱོར་ལུས་ལ་འདུན་མ་གྲུབ་པར་མཛོད། །

དད་པའི་རྟེན་དུ་སེམས་དཔའ་ཆེན་པོའི་གདུང་ཐལ་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་དངུལ་གྱིས་བརྒྱན་པ་གཅིག་ཡོད། ཁྱི་ལོ་ཧོར་ཟླ་ལྔ་པའི་ཚེ་བཅུ་ལ་ཐུབ་བསྟན་རྣམ་རྒྱལ་ནས་ཕུལ། དགེའོ།། །།


གྲུང་ཆེན་ཀུན་སྤངས་པ་ལ་གདམས་པ་སོགས།

      ན་མོ་གུ་ར་ཝེ། མཐའ་ཡས་འགྲོ་ལ་དམིགས་པའི་ཐུགས་རྗེ་དང་། །མཐའ་བྲལ་ཡང་དག་ལྟ་བའི་གོམ་སྟབས་ཀྱིས། །མཐའ་མེད་འཁོར་བའི་ཕ་མཐར་བགྲོད་མཁས་པ། །དེད་དཔོན་མཚུངས་མེད་རྗེ་བཙུན་བླ་མ་རྒྱལ། །གང་ཞིག་རྟོགས་ཤིང་གོམས་དང་ལེགས་སྤྱད་ན། །འཁྲུལ་མེད་ལམ་གྱི་ཐེམ་སྐས་ལེགས་འཛེགས་ནས། །རྣམ་གྲོལ་ཐར་པའི་ཁང་བཟང་རྩེར་སོན་པའི། །ལྟ་སྒོམ་སྤྱོད་པའི་གདམས་པ་བཤད་པར་བྱ། །ཉིན་པར་བག་ཆགས་གཉིད་ཀྱིས་བསླད་པ་ལས། །རྨི་ལམ་འཁྲུལ་སྣང་བྱུང་བ་དཔེར་བྱས་ནས། །ཇི་ལྟར་སྣང་བ་འདི་དག་ཐོག་མེད་པའི། །བག་ཆགས་ལས་བྱུང་སེམས་སྣང་ཡིན་པར་སྤྱད། །རྫས་སྔགས་ཀྱིས་ནི་སྣ་ཚོགས་སྒྱུ་མ་ཡི། །རྣམ་འཕྲུལ་ཇི་སྙེད་འབྱུང་བ་དཔེར་བྱས་ནས། །སེམས་སྣང་འདི་དག་ལས་ཀྱི་རྒྱུ་རྐྱེན་གྱིས། །སྣང་བ་ཙམ་ཡིན་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོས་སྟོང་པའི་རང་སེམས་ཡོད་མེད་དང་། །བདེན་དང་མི་བདེན་རྟག་ཆད་སྐྱེ་འགག་སོགས། །གཉིས་འཛིན་སྤྲོས་པའི་མཐའ་ཀུན་དང་བྲལ་བ། །ཐོས་བསམ་ཚུལ་གྱིས་རྟོགས་བྱའི་ལྟ་བ་ཡིན། །ལྟ་བ་དེ་ཉིད་དབང་དང་རིམ་གཉིས་ལས། །བྱུང་བའི་ཡེ་ཤེས་བླ་མའི་བྱིན་རླབས་ཀྱིས། །ནང་ནས་འཆར་བའི་ཉམས་མྱོང་ལ་བརྟེན་ནས། །རྟོགས་ཚུལ་འདི་ནི་རྡོ་རྗེ་ཐེག་པའི་ལུགས། །དེ་ཉིད་གཡོ་བ་མེད་པའི་ཞི་གནས་ཀྱིས། །བྱིང་རྒོད་ལ་སོགས་སྐྱོན་རྣམས་སྤང་བྱས་ནས། །གཟུང་འཇུག་གསལ་དང་རྒྱུན་ཆད་མེད་པར་ནི། །དབེན་པའི་གནས་སུ་གོམས་པ་སྒོམ་པ་ཡིན། །ལྟ་བའི་གནས་ལུགས་རྟོགས་པའི་ཡན་ལག་ཏུ། །སྡོམ་པ་གསུམ་གྱི་བསླབ་བྱའི་དམ་ཚིག་རྣམས། །རྒྱལ་བའི་གསུང་བཞིན་བླང་དོར་མ་ནོར་བར། །ཚུལ་བཞིན་བསྲུང་བ་དང་པོའི་སྤྱོད་པ་ཡིན། །དེ་ལྟར་གོམས་པས་མཉམ་པར་གཞག་པའི་ཚེ། །ཆོས་བརྒྱད་མགོ་སྙོམས་ཉོན་མོངས་བཟློག་པ་ན། །བསླབ་དང་དབང་དང་གྲོལ་བའི་སྤྱོད་པ་ཡིས། །བླང་དོར་མེད་པ་སྤྱོད་པའི་མཆོག་ཡིན་ནོ། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་གྱུར་པའི་ཚེ། །ཤེས་བྱ་ཀུན་ལ་རང་སྣང་ཡེ་ཤེས་ཀྱིས། །སྲིད་དང་ཞི་བ་མཉམ་ཉིད་མངོན་གྱུར་པ། །འདི་ནི་རེ་དོགས་མེད་པ་འབྲས་བུའི་མཆོག །ཚེ་འདིར་སྲེད་ན་འཆི་བ་མི་རྟག་བསྒོམ། །རང་དོན་གཉེར་ན་བདག་གཞན་བརྗེ་བ་བསྒོམ། །བར་ཆད་བྱུང་ན་བླ་མའི་རྣལ་འབྱོར་བསྒོམ། །འདི་དག་སྔར་གྱི་ལམ་གྱི་ཡན་ལག་ཡིན། །ལྟ་སྒོམ་སྤྱོད་འབྲས་ལམ་གྱི་ཡན་ལག་བཅས། །ཉམས་ལེན་གནད་ཀྱི་གདམས་པ་དང་ལྡན་ལ། །ཚུལ་བཞིན་སྦྱིན་པའི་དགེ་ཚོགས་ཅི་མཆིས་པ། །མཁའ་མཉམ་འགྲོ་བས་བྱུང་ཆུབ་འཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་འཇིག་རྟེན་གྱི་བྱ་བ་སྤངས་ནས་ལམ་མཆོག་སྒྲུབ་པ་ལ་དད་པ་དང་ལྡན་པ་དྲུང་ཆེན་ཀུན་སྤངས་པ་ལ། ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་ཕུལ་བའོ། །དགེའོ།།མདོ་ཁམས་ལ་འབུལ་སྡུད་རྫོང་དུས་ཀྱི་ཡི་གེ ཨོཾ་སྭ་སྟི། གསུང་རབ་ཀུན་གྱི་རྒྱ་མཚོར་གནས་བཅས་ཤིང་། །དགའ་བཞིའི་ནོར་བུས་རིམ་གཉིས་སྤྱི་བོར་མཛེས། །ཕྲིན་ལས་བཟང་པོའི་ནོར་ལ་དབང་འབྱོར་པ། །རྗེ་བཙུན་བླ་མ་གདེངས་ཅན་དབང་པོ་རྒྱལ། །ཉེས་པའི་དགྲ་ཚོགས་འདམ་བུའི་གྲོང་ཁྱེར་བཅོམ། །སྲིད་ཞིའི་དཔལ་འབྱོར་གསེར་གྱི་དྲྭ་བས་སྤྲས། །ཟུང་འཇུག་བདེ་བའི་ཡན་ལག་བདུན་ལྡན་པ། །སྟོན་པ་གླང་པོ་དེ་ལ་གུས་ཕྱག་འཚལ། །གང་ཞིག་ཐོས་ན་མུ་སྟེགས་རི་དྭགས་བུ། །སྐྲག་མཛད་བདག་མེད་སེང་གེའི་སྒྲ་བསྒྲོགས་ཤིང་། །སྐལ་བཟང་གདུལ་བྱའི་གངས་རི་ཉེར་མཛེས་པ། །དམ་ཆོས་སེང་གེའི་སྒྲ་དབྱངས་དེ་ལ་འདུད། །བདུད་དཔུང་བྱེ་བས་སྐེམ་པར་མི་ནུས་ཤིང་། །རྣམ་དག་བསླབ་གསུམ་པདྨོའི་ཕྲེང་བས་བརྒྱན། །འབྱོར་ལྡན་བསོད་ནམས་ཆུ་བོ་འདུ་བའི་གཞི། །དགེ་འདུན་པད་མཚོ་ཆེ་ལ་གུས་ཕྱག་འཚལ། །དེ་ལྟར་བླ་མ་དང་དཀོན་མཆོག་གསུམ་ལ་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ་དཔལ་ཨེ་ཝྃ་ཆོས་ལྡན་གྱི་གཙུག་ལག་ཁང་ནས་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་མདོ་ཁམས་ཀྱི་སའི་ཆར་བཞུགས་པའི་དཔལ་ལྡན་ས་སྐྱ་པའི་བསྟན་པ་འཛིན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྙན་དུ་ཕུལ་བ། རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་མིའི་གཟུགས་སུ་སྤྲུལ་པ་དེས། བདེ་བར་གཤེགས་པའི་བསྟན་པ་ཡོངས་སུ་རྫོགས་པའི་བཤད་སྒྲུབ་འདུས་པ་དཔལ་ལྡན་ས་སྐྱ་པའི་བཀའ་སྲོལ་མི་ཉམས་པར་བྱ་བའི་ཕྱིར་དང་། ཁམས་གསུམ་གྱི་སེམས་ཅན་ལ་ཕན་བདེ་འབྱུང་བའི་ཕྱིར་དུ་ཡི་དམ་ལྷའི་ལུང་བསྟན་བཞིན་དཔལ་ཨེ་ཝྃ་ཆོས་ལྡན་གྱི་དགོན་པ་བཏབ། རྒྱ་བོད་ཀྱི་རྟེན་བྱིན་རླབས་ཅན་ཕྱག་ཏུ་བྱུང་བ་རྣམས་དང་། གསར་དུ་བཞེངས་པ་ལམ་འབྲས་བླ་མ་བརྒྱུད་པའི་སྐུ་ཚན་པ་གསུམ་དང་། བསྟན་པའི་གཙོ་བོའི་གསེར་སྐུ་ཆེས་ཆེ་བ་ལ་སོགས་པའི་རྟེན་གསུམ་ངོ་མཚར་བ་བྱིན་རླབས་ཀྱི་དཔལ་འབར་བ་རྣམས་ཀྱི་དྲུང་དུ་མར་མེའི་ཕྲེང་བ་ལ་སོགས་པའི་མཆོད་རྫས་ཕུལ་དུ་བྱུང་བ་དང་། རྗེ་བཙུན་གོང་མ་བཞིའི་དུས་ཆེན་གྱི་རྒྱུན་འཛུགས་པར་མཛད། རྗེ་བླ་མ་བདེ་བ་ཅན་དུ་གཤེགས་པའི་རྗེས་སུ། ཆོས་རྗེ་མུས་ཆེན་དཀོན་མཆོག་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་རྣལ་འབྱོར་དབང་ཕྱུག་དང་། ས་ཆེན་གྱི་ཞལ་གཟིགས་པ་དེ་དང་། རྗེ་བླ་མ་ཡབ་སྲས་དེ་གཉིས་ཀྱིས་དུས་གསུམ་མཁྱེན་པའི་མངོན་ཤེས་ཀྱིས་རྒྱལ་ཚབ་དམ་པར་བསྐོས་པ་ཆོས་རྗེ་ཀུན་དགའ་དབང་ཕྱུག་པ་དང་དཔོན་སློབ་གཉིས་ཀྱིས་རྗེ་རྡོ་རྗེ་འཆང་ཆེན་པོའི་ནང་རྟེན་རྗེ་ཉིད་ཀྱི་སྐུ་འདྲ་དང་། སྟོན་པའི་གསེར་སྐུ་ཆེས་ཆེ་བ་དང་། ཕྱི་རྟེན་བདེ་གཤེགས་མཆོད་རྟེན་བརྒྱད། གཙང་ཁང་གི་ནང་དུ་གསེར་འབུམ་དང་བཅས་པ་བཞེངས་ཏེ་དེ་དག་གི་དྲུང་དུའང་མར་མེའི་ཕྲེང་བ་ལ་སོགས་པའི་མཆོད་རྫས་གསར་དུ་བཙུགས། ཟླ་བ་བྱུང་ངོ་ཅོག་གི་ཉེར་ལྔ་ལ་ཟླ་མཆོད་དང་། དུས་ཆེན་ལ་བདེ་དགྱེས་གསང་གསུམ་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་ལྔའི་སྒྲུབ་མཆོད་ཞག་གྲངས་མང་པོ་སྦྲེལ་བ་བཙུགས་པ་འདི་ནི་མཐོང་བ་ཐམས་ཅད་ཀྱིས་མངོན་སུམ་དུ་གྲུབ་ཀྱང་དད་ལྡན་རྣམས་ཀྱི་དད་པ་གསལ་འདེབས་པའི་ཕྱིར་བྲིས་པ་ཡིན། ངེད་ཀྱང་རྟ་ནག་རིན་ཆེན་རྩེ་ཐུབ་བསྟན་རྣམ་པར་རྒྱལ་པའི་དགོན་པར་སྡེ་སྣོད་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་བཤད་ཉན་སྟོབས་ཆེ་བ་ཚུགས་ཡོད་ནའང་། ངོར་པའི་སློབ་དཔོན་ཆེ་སྒྲེས། ལས་ཚན་གྱི་གྲྭ་པ་ཐམས་ཅད་ཀྱི་གདན་ས་བྱེད་དགོས་གསུང་བ་ནན་ཆེས་བས་བཟློག་མ་ནུས་པ་དང་། རྗེ་བླ་མ་ཡབ་སྲས་ཀྱིས་སངས་རྒྱས་གྱི་བསྟན་པ་ལ་བྱ་བ་བྱེད་ཚུལ་ཆ་ཤས་རེ་ལ་བསམས་ནའང་སྐུ་དྲིན་འཁོར་མེད་དྲན་ནས་མ་འོངས་པ་ན་འདིར་འགྱུར་གྱི་ལྷུས་ཐིངས་པ་མེད་ཀྱང་། གཞན་བྱ་ཐབས་ཀྱང་མ་རྙེད། བློས་དོར་ཡང་མ་ནུས་པས་ཡོས་ལོ་ཧོར་ཟླ་དང་པོའི་ཚེས་ལྔའི་ཉིན་ནས་གདན་སའི་ཁུར་བླངས་པ་ཡིན། ངེད་ཀྱིས་རང་སར་བབ་པའི་ཁུར་ཁུར་བ་འདི་བཞིན་དུ། དད་ལྡན་གྱི་སློབ་ཚོགས་དམ་ཚིག་གི་རྒྱན་གྱིས་མཛེས་ཤིང་རྣམ་དཔྱོད་ཀྱི་བཞིན་རས་གསལ་བ་ཐམས་ཅད་ཀྱིས་ཀྱང་རང་སར་བབ་པའི་ཁུར་ཁུར་དགོས། དེའི་དོན་སྤྱིར་དམ་པའི་ཆོས་ཀྱི་བཤད་སྒྲུབ་ལ་བརྩོན་པ་ཡིན་ནའང་། ད་ལན་སྐབས་སུ་བབ་པ་སྔར་གི་དཀོན་མཆོག་གི་མཆོད་པ་དང་། དུས་མཆོད་ཀྱི་རྒྱུན་རྣམས་མི་ཉམས་པའི་ཕྱིར་དང་། དེ་ལ་བརྟེན་ནས་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱེད་འབྱུང་བའི་ཕྱིར་དང་། འབྱོར་ལྡན་རྣམས་ཀྱི་རྒྱུ་ཆེ་ཆུང་གང་ཕུལ་ཡང་ཇི་སྲིད་དཀར་མེ་དང་། དུས་མཆོད་ཀྱི་རྒྱུན་མ་ཆད་ཀྱི་བར་དུ་རྒྱ་མཚོ་ཆེན་པོ་ལ་ཆུ་ཐིགས་ལྟར་དབྱེར་མེད་དུ་འདྲེས་པར་འགྱུར་བས་དེ་དག་ལའང་ཕན་གདགས་པའི་ཕྱིར་དུ་འབུལ་སྡུད་ལ་ས་སྐྱ་བཀའ་བཅུ་པ་སངས་རྒྱས་རྒྱལ་མཚན་དཔོན་སློབ་བཏང་ཡོད་པ་ལ་རང་རང་གི་ཕྱག་རྫས་གང་འབྱོར་འབུལ་བ། སྐབས་སུ་བབ་པའི་སྦྱིན་བདག་བསྐུལ་བ། འགྲོ་འདུག་གི་སྐྱེལ་བསུ། གྲོགས་ལྡན་གྱི་མི་གོ་ཆོད་གང་དགོས་སར་གཏོང་བ་རྣམས་མཛད་པར་ཞུ། འདུས་བྱས་ཀྱི་དགེ་རྩ་རྣམས་ཀྱི་ནང་ནས། བླ་མ་ཞལ་བཞུགས་པའི་དུས་སུ་བསྙེན་བཀུར་ཞབས་ཐོག་དང་། འདས་པའི་རྗེས་སུ་དུས་ཀྱི་མཆོད་པ་གཟུང་བ་འདི་ཉིད་བསོད་ནམས་ཆེ་བ་ཡིན་ཏེ། རྩ་རྒྱུད་བརྟག་གཉིས། གུར། བདེ་མཆོག་རྩ་རྒྱུད་དང་། གསང་བ་འདུས་པའི་རྒྱུད་ལ་སོགས་པ་རྣམས་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་བླ་མ་ལ་རག་ལས་པ་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད་པའི་བསོད་ནམས་བླ་མའི་བ་སྤུའི་ཁུང་བུ་གཅིག་ལ་མཐོང་བ་ལ་སོགས་མང་དུ་གསུངས། ཀླུ་སྒྲུབ་ཡབ་སྲས་ཀྱིས་ཀྱང་། མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །གང་གིས་བསྐལ་པ་བྱེ་བར་ནི། །བརྒྱ་ཕྲག་ཏུ་ཡང་རྙེད་དཀའ་བ། །དེ་ཉིད་སངས་རྒྱས་བརྩོན་ལྡན་ལ། །སྐྱེ་བ་འདིར་ནི་སྩོལ་བར་མཛད། །ཅེས་སོགས་མང་དུ་གསུངས། དཔལ་ལྡན་ས་སྐྱ་པཎྜི་ཏའི་ཞལ་ནས་ཀྱང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བླ་མ་ལ་འདུས་པས་བླ་མ་གཅིག་པུ་ལ་གསོལ་བ་བཏབ་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་གསོལ་བ་བཏབ་པར་འགྱུར་བའི་ཕྱིར་དང་། རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་འགྲོ་བའི་རྒྱུ་མཚན་དེ་ཡིན་ཞེས་གསུངས། དེ་ལྟར་ན་འདི་དཔོན་སློབ་ཀྱི་ལག་ཏུ་གང་འཕྲོད་ཨེ་ཝྃ་དུ་འཕྲོད་ངེས་ཡིན་པས་ཆུད་མི་ཟ། ཨེ་ཝྃ་དུ་གང་འཕྲོད་བླ་མ་སངས་རྒྱས་མཆོད་པས་ངོ་བོ་བཟང་བ་དང་། དུས་མཆོད་ཀྱི་རྒྱུན་ལ་འདྲེས་པས་ཐབས་རྒྱ་ཆེ་བར་ཤེས་པར་བྱས་ནས་རང་རང་གི་འབྱོར་པའི་སྟོབས་བཞིན་དད་པ་དང་བརྩོན་པས་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་བསྒྲུབ་པར་མཛོད་ཅིག ཟླ་གམ་དབང་གི་དཀྱིལ་འཁོར་དབུས་གནས་ཤིང་། །ཡན་ལག་རབ་རྒྱས་རིན་ཆེན་རྒྱན་ཕྲེང་ལྡན། །ཁམས་གསུམ་འདོད་པ་ཀུན་ལ་དབང་སྒྱུར་བ། །འདོད་པའི་རྒྱལ་པོས་དོན་འདི་དགེ་ལེགས་མཛོད། །འོད་ཟེར་དམར་པོའི་ཕྲེང་བས་སྲིད་གསུམ་གསལ། །ཨུཏྤལ་དམར་པོའི་མདའ་གཞུས་ཁམས་གསུམ་འགུགས། །ཁྲོ་ཆགས་བཞད་པའི་སྤྱན་ཟུར་གཡོ་བ་ཅན། །རིག་བྱེད་ལྷ་མོ་དེ་ཡིས་དགེ་ལེགས་མཛོད། །གླང་ཆེན་ཞལ་ལྡན་འཛུམ་ཁྲོའི་མཆེ་བ་གཙིགས། །གཞོན་ནུ་ལང་ཚོ་དར་དམར་ཅོད་པཎ་བཅིངས། །བཅུ་གཉིས་ཕྱག་ཅན་ཞབས་གཉིས་འགྱིང་བག་ཅན། །ཁྲོ་རྒྱལ་དེ་ཡིས་དོན་འདིའི་དགེ་ལེགས་མཛོད། །རྗེ་བཙུན་བརྒྱུད་པར་བཅས་པ་ཐམས་ཅད་ཀྱིས། །བསྟན་དང་བསྟན་འཛིན་བསྲུང་བར་བཀའ་བསྒོས་པའི། །སྲུང་མའི་དབང་པོ་བགྲང་ཡས་ཐམས་ཅད་ཀྱིས། །འགལ་རྐྱེན་བསལ་ཞིང་མཐུན་རྐྱེན་གྲུབ་པར་མཛོད། །ཡོས་ལོ་ཧོར་ཟླ་ལྔ་པའི་ཚེས་གསུམ་གྱི་ཉིན་དགེ་ཞིང་བཀྲ་ཤིས་པའི་ཡི་གེ་འདི་མདོ་ཁམས་ཤར་གྱི་ཕྱོགས་སུ་ཕུལ་བ་དགེ། །།དགེའོ།།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གྱད་གཉེར་དགེ་རུ་གསུམ་གྱི་ཡོན་བདག་རྣམས་ཀྱིས་ཐུབ་བསྟན་རྣམ་རྒྱལ་དུ་སྔར་འབྲི་འབུལ་བའི་ཆེད་མཛད་པ་རྣམས་དང་། ད་དུང་འབུལ་བར་འགྱུར་བ་རྣམས་ངོ་མཚར་ཆེ་ཞིང་རྗེས་སུ་ཡི་རང་། འཕྲལ་དུ་ངེད་འཆད་ཉན་བྱེད་པའི་མཐུན་རྐྱེན་དུ་འགྲོ་བས་ཕན་ཞིང་། ཕུགས་ཁྱེད་རང་རྣམས་ལ་ཕན་པ་ཡིན། དེའི་རྒྱུ་མཚན་ལོངས་སྤྱོད་དོན་ཡོད་པ་སྦྱིན་པ་ཡིན། ལུས་དོན་ཡོད་པ་ཕྱག་དང་བསྐོར་བ་ཡིན། ངག་དོན་ཡོད་པ་གཟུངས་སྔགས་ཟབ་མོའི་བཟླས་བརྗོད་ཡིན། སེམས་དོན་ཡོད་པ་དད་པ་དང་སྙིང་རྗེ་བསྒོམ་པ་ཡིན། དལ་འབྱོར་དོན་ཡོད་པ་ཆོས་ཚུལ་བཞིན་སྒྲུབ་པ་ཡིན། ཆོས་སྒྲུབ་པ་ལའང་ཁྱིམ་པའི་རྟེན་ལ་སྒྲུབ་པ་དང་རབ་བྱུང་གི་རྟེན་ལ་སྒྲུབ་པ་གཉིས་ལས། ཕྱི་མ་ཐོས་བསམ་སྒོམ་གསུམ་ལ་གཙོ་བོར་འབད་པ་ཡིན་ཀྱང་དེ་ཁྱིམ་པ་རྣམས་ཀྱིས་མི་ཡོང་། ཁྱིམ་པའི་རྟེན་ལ་བསྒྲུབ་རྒྱུ་དོན་ཡོད་དང་པོ་བཞི་པོ་ཡིན། ལོངས་སྤྱོད་དོན་ཡོད་པའི་སྦྱིན་པའང་སྦྱིན་པ་རྣམ་དག་ཅིག་དགོས། སྦྱིན་པ་རྣམ་དག་ཏུ་འགྱུར་བའི་ཚད་སྦྱིན་བདག་དད་པ་དང་ལྡན་པ་དང་། དངོས་པོ་བཟང་ཞིང་ཕུན་སུམ་ཚོགས་པ་དང་། ཞིང་ཁྱད་པར་དུ་འཕགས་པ་གསུམ་ཡིན་པར་མདོ་ལས་བཤད། དེའི་དང་པོ་ནི་ཁྱེད་རང་རྣམས་འབྲི་འབུལ་བའི་ཀུན་སློང་བླ་མ་དང་དཀོན་མཆོག་ལ་དད་པ་དང་། ཉེ་འབྲེལ་དུས་ལས་འདས་པ་རྣམས་འཁོར་བའི་སྡུག་བསྔལ་ལས་ཐོན་པ་དང་། རང་ཉིད་ཀྱང་ཐར་པའི་ལམ་སྣ་ཟིན་པའི་ཆེད་དུ་འབུལ་བར་བྱའོ་སྙམ་པ་དེ་ཡིན། དངོས་པོ་ཕུན་སུམ་ཚོགས་པ་ནི་དཀོན་མཆོག་གི་དཀར་མེ་དང་། དགེ་འདུན་གྱི་གསོལ་ཚའི་རྡོར་ལ་སོགས་པ་འབྱུང་བའི་གཞི་འབྲི་བཟང་པོ་ཕུལ་བ་དེ་ཡིན། ཞིང་ཕུན་སུམ་ཚོགས་པ་ནི་འཕགས་པའི་གང་ཟག་དང་། ཕ་མ་དང་། ནད་པ་དང་། ཆོས་སྨྲ་བ་ལ་ཕུལ་བའི་ཡོན་གཞལ་དུ་མེད་པར་གསུངས་པའི་ནང་ནས། འདིར་བཞུགས་པའི་དགེ་འདུན་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཆད་ཉན་འབའ་ཞིག་བྱེད་པའི་ཆོས་སྨྲ་བ་ཤ་དག་ཡིན་པས་སྦྱིན་པའི་ཞིང་ཤིན་ཏུ་བཟང་བ་ཡིན། དེ་ལྟར་སྦྱིན་བདག་དད་པས་ཀུན་ནས་བསླངས་པ། དངོས་པོ་བཟང་པོ་རང་དབང་བའི་ནོར་ཡིན་པ། ཞིང་དམ་པ་ཆོས་སྨྲ་བའི་གང་ཟག་ལ་ཕུལ་བའི་སྦྱིན་པ་འདི་ནི་ཚེ་ཕྱི་མར་ཡི་དྭགས་སུ་སྐྱེ་བ་གཅོད། མིར་སྐྱེས་ནའང་དབུལ་ཞིང་ཕོངས་པ་རྣམས་གཅོད། སྐྱེ་བ་ཐམས་ཅད་དུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ། མཐར་ཐུག་སངས་རྒྱས་པའི་ཚེ་ན་ཆོས་དང་ཟང་ཟིང་གི་སྦྱིན་པའི་སྒོ་ནས་སེམས་ཅན་མང་པོ་སྡུད་པའི་རྒྱུར་འགྱུར་བ་ཡིན་ཏེ། མདོ་བསྡུས་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་འཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཅེས་རྫོགས་པའི་སངས་རྒྱས་གདུལ་བྱ་ཐམས་ཅད་ལ་ཐུགས་བརྩེ་བ་ཅན་དེས་གསུངས་པའོ། །དེས་ན་ཡོན་བདག་རྣམས་ཀྱང་རབ་ཏུ་བྱུང་ནས་ཐོས་བསམ་བྱེད་པ་མ་བྱུང་ཡང་དལ་འབྱོར་གྱི་མི་ལུས་ཐོབ་པ་ཡིན་པས། ཆོས་བྱེད་ལུགས་མང་དུ་ཡོད་པ་ཡིན་ཏེ། བློ་ཕུགས་སྐྱབས་གནས་བླ་མ་དང་དཀོན་མཆོག་ལ་གཏོད། སྐྱབས་འགྲོ་མང་དུ་གྱིས། ཚེ་ཕྱི་མ་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ། ཚེ་འདིའི་འགལ་རྐྱེན་ཞི་བ་ཡིན། ནམ་དལ་དུས་སུ་མ་ཎི་པདྨེ་བགྲོངས། ཐུགས་རྗེ་ཆེན་པོ་འདི་བོད་ཀྱི་ལྷ་སྐལ་ཡིན་པས་བྱིན་རླབས་ཚད་ལས་མྱུར་བ་ཡིན། དགེ་འདུན་ཞིང་དག་པ་ལ་བསྙེན་བཀུར་གྱིས། བསོད་ནམས་བསག་པའི་ཞིང་མཆོག་ཡིན་པར་སངས་རྒྱས་ཀྱིས་གསུངས་པ་ཡིན། བཀྲེན་པ་དང་། དབུལ་ཕོངས་དང་། ནད་པ་རྣམས་ལ་སྦྱིན་པ་གཏོང་བ་སོགས་ཕན་གང་ཐོགས་གྱིས། ཞིང་ངན་ཡང་བསམ་པ་རྣམ་པར་དག་པས་འབྲས་བུ་བཟང་པོ་འབྱུང་བར་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་ཡིན། ཕ་མ་རྒན་རྒོན་ལ་ཞབས་ཏོག་ཚུལ་བཞིན་དུ་གྱིས། འདི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམས་པ་དང་བསོད་ནམས་མཉམ་པར་ཇོ་བོ་རྗེས་གསུངས་པ་ཡིན། དོན་མེད་པའི་རི་དྭགས་གསོད་པ་སོགས་སྲོག་གཅོད། ལམ་འགྲུལ་ཉམ་ཆུང་བརྡུང་བ་སོགས་མ་བྱེད། སྲོག་གཅོད་དང་མ་བྱིན་ལེན་ལ་སོགས་པ་མི་དགེ་བ་བཅུའི་འབྲས་བུ་ངན་སོང་དུ་སྐྱེ་བར་གསུངས་པ་ཡིན། མདོར་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཞན་ལ་གནོད་པ་སྤོང་ཅི་ནུས་དང་། གཞན་ལ་ཕན་པ་སྒྲུབ་པ་ཅི་ནུས་གྱིས། ཆོས་ཀྱི་ངོ་བོ་གཞན་ལ་མི་གནོད་པ་དང་གཞན་ལ་ཕན་པ་ཡིན། འདི་དག་ལ་གོ་བ་སྐྱེས་ནས་ཉམས་ལེན་བྱས་ན་རང་ཉིད་འཇིག་རྟེན་གྱི་ཉེ་འབྲེལ་དང་འཇིག་རྟེན་གྱི་བྱ་བ་མ་སྤངས་བཞིན་དུ་ཚེ་ཕྱི་མ་རང་ལ་ཕན་པའི་ཆོས་འགྲུབ་པ་ཡིན། འདི་ངེད་ཀྱི་རང་འདོད་ལ་བརྟེན་པའི་ཁ་མཁས་མཁས་མིན། ད་ལན་གྱད་གཉེར་དགེ་རུ་གསུམ་གྱི་རྒན་གཞོན་ཐམས་ཅད་ཀྱི་མདུན་དུ་ཚར་རེ་བཀླགས་པས་གོ་བ་ཡོད་པ་རྣམས་ལ་དགེ་བའི་བག་ཆགས་གཞག ངེད་ཀྱིས་ཀྱང་ཆོས་བཤད་པའི་སྐལ་བར་འགྲོ་བ་ཡིན། དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་། །བདག་གིས་དུས་གསུམ་བསགས་པའི་དགེ་རྩ་ཡིས། །གྱད་གཉེར་དགེ་གསུམ་ཡོན་བདག་ཕོ་མོ་རྣམས། །ངན་སོང་གསུམ་གྱི་གནས་ལས་ཐར་བར་ཤོག །ཁྱད་པར་རྣམ་དག་སྦྱིན་པ་གཏོང་བ་དང་། །དཀོན་མཆོག་སྐྱབས་འགྲོ་གཟུངས་སྔགས་བགྲང་བ་དང་། །གཞན་ལ་གནོད་པ་སྤོང་བའི་སྐྱེ་བོ་རྣམས། །བདེ་ཆེན་ཐར་པའི་ལམ་སྣ་ཟིན་པར་ཤོག །ཚེ་འདིར་དགྲ་དང་ཆོམ་རྐུན་གནོད་པ་དང་། །ཡམས་ནད་ལ་སོགས་ཉེར་འཚེ་ཀུན་ཞི་ནས། །ཇི་ལྟར་འདོད་པའི་ལོངས་སྤྱོད་འཕེལ་བ་དང་། །ཚེ་དང་རིགས་རྒྱུད་རྟག་ཏུ་རྒྱས་པར་ཤོག །ས་ཕོ་ཁྱིའི་ལོ་ཧོར་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ལ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པ་ནས་དགེའོ། །
     

 དཔོན་དྲུང་ཆེན་པོའི་དྲུང་དུ་ཞུ་བ། 

དེང་སང་སྐུ་ཁམས་བཟང་བར་བཞུགས་ལགས་སམ། སྔ་སོར་ཞུ་ཡིག་རེ་ཙམ་འབུལ་འདོད་ཡོད་ལགས་ནའང་། འཕྲོད་དཀའ་བར་འདུག་ཟེར་བ་ཐོས་ནས་མ་ཕུལ་བ་ལགས། ད་ནང་སོ་ནས་ཀྱང་ཐུགས་ཚས་དོར་བ་ཅིག་ནམ་ཡང་མི་འཆར། རྒྱལ་མཁར་རྩེ་ནས་ཀྱང་བཟུ་མེད་དུ་གཏོང་བའི་དགོངས་པ་ཅིག་ཡེ་མེད་མཆི་ནའང་། བྱ་འགྲོ་ས་གཞི་ཆེས་པའི་སྟོབས་ཀྱིས་མྱུར་ལམ་དུ་ཐོན་པ་ཅིག་མ་བྱུང་། ད་དུང་ཀྱང་ཟླ་བ་གཅིག་གཉིས་ཙམ་འགྱང་ཚོད་དུ་འདུག་ན་ཡང་། ཕུགས་སྐྱོན་དུ་འགྲོ་བ་རང་གཅིག་མི་ཡོང་ལས་ཆེ་ལགས། སྤྱིར་འཇིག་རྟེན་གྱི་བྱ་བ་ལ་ཚེ་ཕྱི་མ་ལྟ་སྨོས་ཀྱང་ཅི་དགོས། ཚེ་འདི་ལ་ཡང་སྙིང་པོ་མེད་པ་འདི་གས་གསལ། སྙིང་པོ་ཡོད་ན་དགུང་ལོ་བདུན་ཅུ་ཕན་ཆད་ལ་ཁ་དྲག་པ། དབང་ཆེ་བ། འཁོར་གཡོག་དང་ནོར་རྫས་འཛོམ་པ་ཉམས་སུ་མྱོང་ཡང་། ད་འདི་འདྲ་ཅིག་ཏུ་ཡོད་ཙ་ན་དེ་དག་གང་གིས་ཀྱང་ཕན་པ་མེད་པའི་སྟེང་དུ་གནོད་པ་འབའ་ཞིག་འགྲོ་བ་ལགས། དེ་བས་ཀྱང་ཚེ་ཕྱི་མ་ཤུལ་ཐག་རིང་། འཁོར་བའི་རྒྱ་མཚོར་མཐའ་མེད། ལས་བཟང་ངན་གང་བསགས་ཀྱི་རྣམ་སྨིན་རང་གིས་མྱོང་དགོས། དེར་བཞུགས་པ་དང་། ཚུར་ཐོན་པ་གང་བྱུང་ཀྱང་ད་ཚེ་མཇུག་འདི་ལ་ཡུན་རིང་པོ་མེད། རྒྱུ་མཚན་དེས་ན་ད་སྤྱིར་བདག་འཛིན་དང་ཁྱད་པར་ཚེ་འདི་བློས་ཐོང་། ན་ནིང་ཟླ་བ་བརྒྱད་པ་ནས་དེང་སང་གི་བར་དུ་སྡིག་པ་ཚབས་པོ་ཆེ་བསོག་མི་དགོས་པ་འདི་ཡང་། དཀོན་མཆོག་གི་ཐུགས་རྗེ་ཡིན་སྙམ་པ་མཛོད་ལ། བླ་མ་དང་དཀོན་མཆོག་ལ་ཡིད་ཆེས་པའི་དད་པས་སྐྱབས་འགྲོ་ལན་མང་དུ་བྱ། དེ་རྗེས་ཐོག་མ་མེད་པ་ནས་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་བདག་ཏུ་འཛིན་པས་ལན། ནམ་མཁའི་མཐས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མ་འབའ་ཞིག་ཡིན་པས་བདག་འཛིན་ཐུལ་བ་དང་། དྲིན་ལན་གཞལ་དགོས་སྙམ་དུ་བསམ། དེ་ལ་ཐབས་གཞན་མི་འདུག་པས། སེམས་ཅན་ཐམས་ཅད་ཀྱི་རྒྱུ་མི་དགེ་བ་དང་། འབྲས་བུ་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག བདག་གི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་ལ་སྨིན་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསྒོམས། འདི་བསྒོམ་སླ་ཞིང་ཐེག་པ་ཆེན་པོའི་ཆོས་ཀྱི་ཡང་སྙིང་ཡང་ཡིན། ཇོ་བོ་རྗེས་འབྲོམ་སྟོན་པ་ཁོ་ན་ལ་གནང་བའི་ཆོས་ཀྱང་འདི་ཡིན། སློབ་དཔོན་ཀླུ་སྒྲུབ་ཀྱིས། བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཞེས་གསུངས། ཞི་བ་ལྷས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས། གྲུབ་ཆེན་བི་རཱུ་པས། སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་བདེ་བས་དེ་དག་བདེ་ཐོབ་ཤོག །ཅེས་གསུངས་པའི་དོན་ཡང་འདི་ཡིན་པས། ཐུགས་དམ་གྱི་སྙིང་པོ་མཛད་པར་ཞུ། དྲུང་འཚོ་བྱེད་པ་དང་ཕྱོགས་ཅིག་ཏུ་བཞུགས་ཡོད་འདུག་པ་ཡི་གེ་ཟུར་པ་མེད་པས་འདི་ག་སྟོན་པར་ཞུ། ད་ལན་གསོལ་ཇ་ཞོ་གང་དང་། གསོལ་བུར་སྒར་མཚོན་གཅིག་ལ་རྟགས་འབྱར་ཆོས་རྗེ་རྐྱང་འདུར་བ་བརྒྱུད་ནས་ཕུལ་ཡོད་པ་འཕྲོད་དུ་རེ། སྦྲུལ་ལོ་ཧོར་ཟླ་བཞི་པའི་ཉེར་བརྒྱད་ལ་ཨེ་ཝཾ་ནས་ཞུས། ན་ནིང་དབུས་ནས་ཕེབས་འཕྲལ་ཕྱག་རྫས་གང་ཡོད་ཀྱི་ཕྱེད་ཙམ་དགེ་རྩ་ལ་བཏང་ན་འདི་ལ་མ་ཐུག་ཙམ་ཅིག་ཡོང་བ་ཡིན་ནའང་དེ་དུས་སྙན་བསྐུལ་འགྲོ་བའི་སྒོ་མི་འདུག ད་ལན་གྱི་ཐུགས་དམ་གྱི་བསྐུལ་མ་འདི་རྣམས་ཐུགས་ལ་འཆང་བར་ཞུ། ཞེས་དཔོན་དྲུང་གཡུང་པ་ལ་གདམས་པའོ། །དགེའོ།། །།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།