རྫོགས་ཆེན་བླ་བྲང་གི་འབུལ་ཡིག

༈ །།རྒྱལ་ཀུན་ཡེ་ཤེས་ཐུགས་རྗེ་ཕྲིན་ལས་ཁམས། །གདུལ་བྱའི་སྣང་དོར་མཚན་དཔེའི་སྐུར་སྣང་བ། །རྡུལ་སྙེད་སྤྲུལ་པའི་གར་རོལ་ཨོ་རྒྱན་རྗེ། །ཐུགས་སྲས་རྗེ་འབངས་བརྒྱུད་བཅས་རྒྱལ་གྱུར་ཅིག །གང་ཐུགས་ཡེ་ཤེས་གཅིག་གི་རྣམ་རོལ་ལས། །འགྲོ་ཁམས་མོས་པའི་བྱེ་བྲག་ཇི་སྙེད་པར། །གདུལ་བྱེད་སྟོན་པའི་རྣམ་གྲངས་བརྗོད་འདས་ལ། །དད་བརྒྱའི་གུས་ཕྱག་གློག་གི་གར་བཞིན་རྩེན། །ཁྱད་པར་སྙིགས་འགྲོའི་གདུལ་དཀའི་རྒྱུད་ཐ་བར། །ལམ་བཟང་བདུད་རྩིའི་རླན་སྦྱིན་ཟབ་གཏེར་ཆོས། །སྦས་པའི་རྒྱ་བཀྲོལ་ཐང་མར་བརྡལ་མཛད་པའི། །བཀའ་དྲིན་ནམ་མཁའི་མཐས་ཀྱང་གཞལ་དཀའ་ཤེས། །ལྷག་པར་ཐུགས་རྗེ་མཆོག་གིས་སྤྱན་རས་གཟིགས། །མཆོག་དམན་སྐལ་པར་འཇུག་པའི་ཕྲིན་ལས་རྒྱུན། །རང་རྒྱུད་བསོད་ནམས་ཟོང་གིས་ཁུག་པའི་རིན། །སྟོང་ཆེན་གསེར་གྱིས་བཀའ་ཡང་ཆུང་མཐར་ངེས། དེ་ལྟ་ནའང་འཕགས་ཆེན་དམ་པའི་ཐུགས། །མ་ལ་བུ་བཞིན་གདུལ་འགྲོར་རྗེས་བརྩེ་བས། །ཆོས་བརྒྱད་ཟང་ཟིང་འདོད་པ་བྱེད་པའི་གཤིས། །དམ་པའི་སྐུ་དྲིན་དྲན་ནས་མཇལ་བློ་སྐྱེས། །སྐྲ་རྩེས་བླང་བའི་ཆུ་ཐིག་རྒྱ་མཚོར་བཞིན། །དགེ་ཚོགས་ཆོས་དབྱིངས་དག་པའི་ཀློང་སྟོབས་པའི། །ཐུགས་བསྐྱེད་མཁའ་ཁྱོན་འགེངས་བའི་ཆ་ཤས་སུ། །དངོས་འབྱོར་མཆོད་པའི་རྡུལ་ཕྲན་གཤིབ་ལ་བྲེལ། 


IMG_3452.JPG

ཞེས་ཤིས་བརྗོད་ཕྱག་དང་མཆོད་པའི་ཚིགས་སུ་བཅད་པ་ཅུང་ཟད་ཀྱིས་མདུན་བསུས་ཏེ། སྐབས་སུ་བབས་པའི་ཞུ་གསོལ། དེང་བླ་ན་མེད་པའི་ཐུགས་བསྐྱེད་མཆོག་གི་སྐྱ་རེངས་ཀྱི་སྣང་བས་མངོན་པར་དྲངས་པའི་གཟུགས་སྐུ་རྟ་ལྗང་གི་དཀྱིལ་འཁོར་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་མཆོག་གི་ཕྲིན་ལས་ཀྱི་ཁུར་ཆེན་པོ་བསྣམས་ཏེ། ཟབ་མོ་གཏེར་གྱི་འཁོར་ལོས་ཐུབ་བསྟན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་ནས་སྐལ་བཟང་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་སྒོ་འཕར་བརྒྱ་ཕྲག་ཅིག་ཆར་དུ་འབྱེད་པའི་ཕྲིན་ལས་བླ་ན་མེད་པ་ལས། རང་རྒྱུད་སྐལ་པའི་དཔལ་དུ་ཐུགས་རྗེས་ཆར་རྒྱུན་ལྷག་པར་བབས་པའི་སྐུ་དྲིན་གསོ་བྱེད། དངོས་འབྱོར་མཎྜལ་གྱི་མཆོད་པ་ཕྲན་བུ་སྤྲོ་བ་ལ། ཐོག་མར་སོགས་ཞུ་ཞིང་། གང་ཞིག་གསེར་དང་བོང་བ་མཉམ་གཟིགས་པའི། །སྤྱན་སྔར་དངོས་རྫས་མཆོད་པ་མཉེས་བྱེད་དུ། །འོས་པ་མིན་ཀྱང་བདག་ལྟའི་མདུད་པའི་རྒྱ། །ལྷོད་བར་རེ་བའི་ཐབས་ལ་དགའ་བ་སྐྱེས། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་རྒྱུན། །ཡིད་སྤྲུལ་རང་བློས་གང་དཔོགས་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་རོལ་རྗེས་སློབ་པའི། །ཚུལ་ལ་འཇུག་པའི་རྣམ་རྟོག་ཟད་པར་གྱུར། །གཡོ་བའི་ཀུན་རྟོག་རླབས་ཀྱིས་དཀྲུགས་ཡིད་མཚོར། །ཉེས་སྤྱོད་རྙོགས་མ་བཀྲུ་བའི་ཀེ་ཏ་ཀ །སྟོབས་བཞིའི་ཡན་ལག་རྫོགས་པའི་ཀུན་སློང་འཕུལ། །དག་བྱེད་གངྒའི་རྒྱུན་བཟང་གཉིས་པར་ཆས། །སྲས་བཅས་རྒྱལ་བའི་ཕྲིན་ལས་དཔག་དཀའི་ཁུར། །ཐུགས་བསྐྱེད་དཔུང་བ་གཅིག་གིས་བཏེགས་པའི་རྗེས། །ཡི་རང་མེ་ཏོག་སིལ་མ་འགམ་པ་ལ། །ལྷ་ཡུལ་ནམ་མཁའི་དྲི་བཞོན་ཁེངས་པ་འཕྲོག། ཟབ་དོན་མཁའ་འགྲོའི་ཞལ་ཆབ་བཞུས་པའི་གསེར། །ཐབས་མཆོག་རྩིབ་སྟོང་བཀྲ་བའི་བཤད་སྒྲུབ་འགྲོས། །སྐལ་ལྡན་ཡིད་མཁར་ཐོགས་པ་མེད་རྒྱུ་བས། །ཀུན་སྦྱོར་འཆིང་བ་གཅོད་ལ་རྟག་ཏུ་རེ། །དབང་བཅུའི་དབང་གིས་ཆེས་ཕྱུག་ཨོ་རྒྱན་རྗེའི། །རྒྱལ་ཚབ་རྒྱལ་བར་མཉམ་པའི་འཚོ་གཞེས་རྒྱུན། །བསྐལ་བརྒྱའི་བསྐལ་མཐར་བསྲིང་བའི་ངོ་མཚར་ལ། །དད་གསུམ་དད་ཕྱག་དང་བཅས་ལན་བརྒྱར་གསོལ། །དེ་དགེ་དྲི་མེད་ཟླ་བའི་མདངས་འཕྲོག་པ། །འཁོར་གསུམ་ར་རི་ཕྱིས་བའི་དཀར་ཕྱོགས་ཆ། །ཀུན་མཁྱེན་ཡེ་ཤེས་ཕུང་པོར་ཡོངས་རྫོགས་ནས། །སྲིད་པའི་སྣང་བྱེད་གཅིག་པུར་འབར་གྱུར་ཅིག །གནས་སྐབས་སུ་ཡང་སྲིད་པའི་འགྲོ་རྒྱུད་ཁམས། །བདེ་དགེ་དཔལ་བརྒྱས་ཆེས་ཆེར་གང་བའི་རླབས། །ཐུབ་བསྟན་ལྗོན་པའི་རྐང་གིས་ལྷབ་ལྷུབ་ཏུ། །བརྒྱན་པའི་རྒྱ་མཚན་མཐོ་རིས་རྒྱལ་གྱུར་སྨོན། །བཅུ་དྲུག་དགའ་བས་བཞུས་པའི་བདེ་ཆེན་གསེར། །གླིང་བཞིའི་མཁའ་མཐར་མཐོ་བའི་ཏོག་བཟང་དུ། །སྤྲས་ལས་ཟབ་གཏེར་འོད་བརྒྱའི་དཔལ་འབར་བ། །དར་རྒྱས་རྟག་བརྟན་རྡོ་རྗེའི་ཁམས་སུ་གྱུར། །བཀྲ་ཤིས་སྙིང་གི་ཉིན་བྱེད་འོད་པོ་ཆེ། །སྲིད་ཁམས་མ་རིག་མུན་པ་སེལ་བའི་འོད། །ཡང་དག་ཡེ་ཤེས་སྣང་བས་འཛམ་གླིང་ཁྱོན། །ངོ་མཚར་དགེ་ལེགས་མཆོག་གིས་ཁྱབ་གྱུར་ཅིག །ཅེས་པ་འབུལ་ཡིག་འདི་གཏེར་ཆེན་རིན་པོ་ཆེ་གླིང་སྤྲུལ་ཚང་གིས་གདན་འདྲེན་སྐབས་སུ་དཔལ་སྤྲུལ་རིན་པོ་ཆེའི་ལྗགས་རྩོམ་མོ།། 

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།