༄༅། །སྔ་འགྱུར་ཨ་སྐྱོང་རྟོགས་ལྡན་སྒར་མདོ་སྔགས་བཤད་སྒྲུབ་གླིང་གི་གེ་སར་འཆམ་གྱི་ལོ་རྒྱུས་གནད་བསྡུས།
༡༽རང་སྡེའི་དམངས་ཁྲོད་དུ་གླིང་སྒྲུང་དར་ཁྱབ།
རང་སྡེའི་དམངས་ཁྲོད་དུ་སྔ་མོ་ནས་གླིང་སྒྲུང་གི་རིག་གནས་དར་ཁྱབ་ཆེ་བའི་རྟགས་སུ་མགྲིན་པའི་སྙན་འཇེབས་དང་གླུ་ཡི་རིང་ཐུང་མ་ལྟོས་པར་ཡུལ་མི་རེའི་ངག་ཏུ་སྒྲུང་ངག་རེ་དང་སྒྲུང་གླུ་རེ་ཡོད་པ་ནར་མའི་འཚོ་བའི་ཁྲོད་ཀྱི་ལུག་རྫི་དང་ནོར་རྫི་ཚོས་ངག་ཏུ་འཁྱེར་ནས་མཐོ་རི་གསུམ་གྱི་རྩེ་ནས་རླུང་ལ་བསྐུར་བས་རི་ལུང་གི་ལྷིང་འཇགས་ཁད་ཀྱིས་དཀྲོགས། དམའ་གཙང་གསུམ་གྱི་གཞུང་ནས་ཆུ་ལ་བསྐུར་བས་མཚོ་ཆེན་གྱི་རླབས་ཕྲེང་ཅམ་གྱིས་བཞག དེ་མིན་དམ་པའི་ལྷ་ཆོས་ཀྱི་ཆོས་སྟོན། འཇིག་རྟེན་མི་ཆོས་ཀྱི་གཉེན་སྟོན། སྲིད་པའི་ལོ་སར་གྱི་དུས་སྟོན། བྱིས་པ་ཆུང་སྐྱེས་ཀྱི་ནེའུ་སྟོན། རྒན་པ་ཆེར་སྐྱེས་ཀྱི་གྱ་སྟོན་སོགས་ལ་བཀྲ་ཤིས་དགེ་མཚན་གྱི་སྣང་བས་ཡོངས་སུ་ཁྱབ་པར་བྱེད་པའི་རྟེན་འབྲེལ་དུ། དབྱིངས་ཀྱི་གདངས་སུ་འདྲེས། ངག་གི་རྟ་ལ་བསྐྱོན། ཡིད་ཀྱི་གཏིང་དུ་ལྷུང། ཚོར་བ་སིམ་པས་བཟི་དུས། གླུ་ཨ་ལས་ཚངས་པ་ལྷ་ལས་ཕབ་ཅིང་མ་ཐལ་ལས་གཡུ་འབྲུག་ཚང་ལས་བསླངས་མྱོང་། ད་དུང་བྱིས་པའི་རྩེ་ར་ཡི་ཉི་ཁུག་ངོགས་སུ་གླིང་སྒྲུང་མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ། ཇོར་སྒུར་གྲལ་སྡེབ་ཀྱི་རྩེ་གར་མཚར་མཚར་དུ་འཁྱེར། ཇོ་རུ་ཁུ་ཚན་གྱི་སྣང་བརྙན་གསལ་གསལ་དུ་བཏང། བེར་ཀའི་རྐྱང་ངུ་ཡི་འཚེར་སྐད་ལྷང་ལྷང་དུ་མཆེད། མོ་སྨན་ན་ཆུང་གི་འཛུམ་ཀོང་ལྷུག་ལྷུག་གྲོལ་བས་ས་གླིང་དཀར་ཁྲ་མོའི་རུ་སྡེ་འདི་རུ་དངོས་སུ་ཐོན་པ་འདྲ་བའི་སྣང་ཚུལ་བཀྲ་བ་འདི་རང་སྡེའི་དམངས་ཁྲོད་དུ་གླིང་སྒྲུང་དར་ཁྱབ་བྱུང་བའི་གནས་སྟངས་དངོས་མའོ། །
༢༽གེ་སར་སྒྲུབ་འཆམ་གྱི་འབྱུང་ཁུངས་རྫོགས་ཆེན།
གེ་སར་སྒྲུབ་འཆམ་མམ་འབག་འཆམ་ནི། རྫོགས་སྤྲུལ་ལྔ་པ་༡༨༧༢-༡༩༣༤ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས་གསར་གཏོད་བྱས་ཕྱིར། རིན་པོ་ཆེ་ཁོང་ནི་ཁ་བའི་ཟློས་གར་རིག་གནས་ལ་སྔར་མེད་ཀྱི་ཟིན་ཐོ་གསར་པ་བསྐྲུན་པའི་མི་སྣ་དམིགས་བསལ་བ་ཞིག་ཏུ་འཁུམ། «དགྲ་ལྷའི་རྒྱལ་པོ་གེ་སར་ནོར་བུ་དགྲ་འདུལ་གྱི་གསོལ་མཆོད་ཆེན་མོ་ཕྲིན་ལས་དོན་བརྒྱད་དགེ་ལེགས་དཔལ་སྟེར་»གྱི་མཛད་བྱང་དུ། “མེ་མོ་ལུག་གི་ལོའི་ཟླ་བ་གཉིས་པའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེར་འཆི་མེད་གྲུབ་པའི་དགའ་ཚལ་དུ་པདྨ་ཐེག་མཆོག་བསྟན་འཛིན་ནམ་མིང་གཞན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས”ཞེས་པ་ལས་དཔག་པ་ན་ཁོང་གིས་༼དགུང་ལོ་༢༧ཐོག་༽གསོལ་མཆོད་འདི་ཀོ་བརྩམས་ནས་༡༡༩སོན་ཞིང་། དེའི་ཕྱིས་ཀྱི་༡༩༡༩ཡས་མས་སུ་གེ་སར་འབག་འཆམ་གྱི་མྱུ་གུ་འབུས་ཤིང་འདབ་མ་དང་སྡོང་བུ། སྦུ་གུ་དང་སྙིང་པོ། མེ་ཏོག་དང་འབྲས་བུ་རིམ་པར་འབྱུང་བར་གདའ་བས་མི་ལོ་༡༠༧རིང་མ་ཉམས་རྒྱུན་བསྲིངས་ཏེ་ཐོན། གོང་ཞུས་གསོལ་མཆོད་ཀྱི་ཆོ་ག་དང་འབྲེལ་ནས་གེ་སར་རྒྱལ་པོ་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་འཁོར་ཚོགས་དང་བཅས་པའི་ཐུགས་རྒྱུད་ཏིང་འཛིན་ལྷ་སྔགས་ཀྱི་འོད་ཀྱིས་བསྐུལ་འཕྲལ་འཆམ་པ་བ་ཚོས་ལྷའི་ང་རྒྱལ་གྱིས་གར་དུ་རྩེན་པས་ཁྲོམ་ཚོགས་རྣམས་དད་པའི་སྤུ་ལངས་གཡོས། ཡིད་ཀྱི་བརྟན་པ་འཕྲོག སྣང་བ་དབང་དུ་སྡུད། རྐྱེན་ངན་འཕྲལ་དུ་སེལ། འདོད་དོན་མྱུར་གྱིས་འགྲུབ་པའི་བྱིན་རླབས་ཀྱི་འབབ་ཁ་གཟུགས་མེད་ཆར་དུ་བསྙིལ་བ་མངོན་སུམ་གྱིས་མཐོང་ཐོས་སུ་གྲུབ་ཕྱིར། ཕལ་བའི་ལྟད་མོ་བརྒྱ་དང་སྟོང་གི་ཆར་ཡང་ཉེ་བར་མི་ཕོད་པས་རང་སྒར་གྱིས་སྒྲུབ་འཆམ་དུ་ངོས་འཛིན་གནང་གིན་ཡོད་དོ། །
༣༽རྫོགས་ཆེན་སྒྲུབ་འཆམ་ལ་སློབ་སྦྱོང་བཏང་བ།
དགུང་སྔོན་གྱི་དཀྱིལ་དུ་ཟུག་པའི་སྐྱེས་ལྷ་རྨ་རྒྱལ་སྤོམ་རའི་དབུ་རྩེ་རེག་པའི་ལོ་རྒྱུས་ཀྱི་ལྗིད་ཆེ་བ། བྱིན་རླབས་ཀྱི་གཟི་འབར་བ། རིག་གནས་ཀྱི་རྫོང་སྟུག་པའི་གེ་སར་སྒྲུབ་འཆམ་ཁྲི་གདུགས་ཀྱི་ཉི་མ་སེར་པོ། གནམ་མགོ་ལོག་གི་མཁའ་དབྱིངས་སུ། སྐྱབས་རྗེ་རྟོགས་ལྡན་བླ་མ་༡༩༣༠-༢༠༠༢བློ་གྲོས་རྒྱ་མཚོའམ་ལྷུན་མཉམ་བྱ་བྲལ་མཆོག་གི་ཐུགས་སྒམ་དཀྱེལ་ཡངས་ཀྱི་གཟིགས་རྒྱང་རིང་བའི་བདག་རྐྱེན་ཉག་གཅིག་གི་རྟ་བདུན་གྱི་ཤེད་ཀྱིས་དྲངས་པ་སུ་ཡིས་བསྙོན། ༡༩༩༡ལྕགས་ལུག་ལོར་སྐྱབས་རྗེ་རྟོགས་ལྡན་བླ་མ་ཚང་གིས་འགྲོ་གྲོན་ཡོངས་རྫོགས་བཏང་ནས་མགོན་བླ་སྤྲོས་བྲལ་དང་། དབུ་རེག་ཤུལ་ཆོས་དར། དགེ་ཟུར་རིག་ལོ། དགེ་ཟུར་འབྲོང་བའི་མགོན་སྟོབས་ཏེ་ཞལ་སློབ་བཞི་མ་དགོན་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་རུ་དམ་ཨྱོན་བསམ་གཏན་གླིང་དུ་མངགས་པས་རྫོགས་ཆེན་འཆམ་དཔོན་དགེ་རྒན་བཤད་སྒྲུབ་ལ་བསྟེན་ཏེ། ལྷ་ཀླུ་གཉེན་གསུམ་པོའི་མི་འདྲའི་གཟུགས་བརྙན་གྱི་སྟངས་ཀ་འཆང་ཚུལ། ཞི་རྒྱས་དབང་དྲག་གི་ཞི་དུལ་འཇིགས་རྔམ་གྱི་དཔའ་ངར་འགྱིང་སྟབས། མ་སྲུ་མོ་སྨན་ཚོའི་གླུ་ལེན་འཕྱོར་འགྲོས་ཀྱི་གར་སྟབས་ཕྱག་རྒྱ་བཅས་གླིང་དཀར་ཕུ་ནུ་བརྒྱད་ཅུའི་སྒྲུབ་འཆམ་མམ་འབག་འཆམ་ལ་སློབ་སྦྱོང་རང་རྐང་ཚུགས་པ་བྱས་སོ། །
༤༽འཆམ་གོས་དང་འཆམ་དུས་ཀྱི་བཀའ་བགོས་པ།
༡༩༩༡ལྕགས་ལུག་ལོའི་སྟོན་འབྲིང་བོ་ཡས་མས་སུ། སྐྱབས་རྗེ་རྟོགས་ལྡན་བླ་མ་མཆོག་གིས་ལྷ་སྡེའི་དུད་ཁྱིམ་ཆ་རེ་དང་གྲྭ་པ་འགའ་རེ་ལ་གླིང་དཔའ་རྟུལ་དང་མོ་སྨན་འདི་དང་འདིའི་འཆམ་གོས་ཀྱི་རས་ཆ་འཚེམ་དྲུབ་ཀྱི་སྦྱིན་བདག་ཁྱོད་ཚང་ངམ་ཁྱོད་ཡིན་ཞེས་བཀའ་བཀོད་གནངས་ཤིང་མང་ཤས་སྐྱབས་རྗེ་རྟོགས་ལྡན་བླ་མ་མཆོག་ཉིད་ནས་ལྷམ་གོས་ཆས་གསུམ་གྱི་སྦྱིན་བདག་མཛད་དེ་རྫོགས་ཆེན་པ་ཤེས་རབ་ཆོས་འཕེལ་ཞེས་པར་འཆམ་གོས་ཤིག་འཚེམ་དྲུབ་བཅུགས་པ་དེ་ག་རང་དཔེ་བྱས་ནས་རྒྱ་གསེར། འབྲུག་མ། ནོར་ཆབ། གསེར་ཐེལ་ལ་སྟག་གཟིག་སྲམ་གསུམ་གྱི་པགས་པའི་གོང་ཆོན་དང་ཞོལ་ཆོན་ལ་གསེར་རས་མཆོག་བསྒྲིལ་གྱིས་སྤུད་པའི་ཕུ་ནུ་བརྒྱད་ཅུའི་འཆམ་གོས་དང་ཕྱིང་རྨོག་སོགས་བོད་གནའ་བོའི་ཆས་ལུགས་སུ་ཚགས་ཚུད་པའི་རྗེས་ཐོག སྐྱབས་རྗེ་རྟོགས་ལྡན་བླ་མ་མཆོག་གིས་ལོ་གསར་པའི་དུས་ཚེས་ཁྱད་པར་ཅན་ཆོ་འཕྲུལ་ཟླ་བའི་རང་སྒར་སིདྡྷི་བུམ་སྒྲུབ་ཀྱི་ཚེས་བཅུའི་སྒྲུབ་འཆམ་དང་འབྲེལ་ནས་ལྷ་སྡེ་ཡོངས་གནས་འདིར་དགྱེས་འཛོམས་ཆ་ཡིས་བསྡུས་པའི་སྐབས་དེར་འཆམ་ཐུབ་པ་དགོས་པའི་བཀའ་བགོས་པ་བཞིན། འཆམ་དཔོན་རྣམ་བཞིི་ཡིས་གྲྭ་ཚང་ལ་གེ་སར་སྒྲུབ་འཆམ་གྱི་སློབ་ཁྲིད་གནངས་སོ། །

༥༽གེ་སར་སྒྲུབ་འཆམ་འཆམ་མགོ་ཚུགས་པ།
༡༩༩༢ཆུ་སྤྲེལ་ཧོར་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། རྔ་ཁང་ངམ་འཆམ་རའི་མདུན་ལོགས་སུ་གདོང་གྲལ་གཡས་གཡོན་བསྒྲིགས་པའི་དབུས་སུ་གཏོར་མ་སོགས་མཁོ་བའི་ཡོ་བྱད་མ་ཚང་མེད་པར་འདུ་བྱས་ལ། བྱང་འདྲེན་པས་ཚིག་བདུན་གྱིས་བསྐུལ་བའི་མོད་ལ་འཆམ་པ་བ་མ་ཡིན་པའི་གྲྭ་ཚང་གཞན་གདོང་གྲལ་དུ་འཁོད་དེ་རྫོགས་སྤྲུལ་ལྔ་པའི་གསོལ་མཆོད་བྲེལ་དལ་སྙོམས་པོའི་ལམ་ནས་ཞལ་འདོན་གྱི་གདངས་སུ་འདྲེས་པ་ན། འཆམ་རའི་དཀྱིལ་གྱི་ལས་བཞིའི་དབྱིབས་ཀྱི་བཀོད་པས་མཛེས་པར་བརྒྱན་པའི་བསང་ཁྲི་ལ། “འབྲུ་ཤུག་རྩི་ཤིང་སྣ་ཚོགས། གྲོ་སོགས་འབྲུ་སྣ། དར་གོས་སོགས་རས་སྣ། དཀར་གསུམ་མངར་གསུམ་སོགས་བསང་རྫས་ཅི་ཡོད”རཾ་ཡཾ་ཁཾ་དང་ཨོཾ་ཨཿཧཱུཾ་གིས་སྦྱངས་ཤིང་བརླབས་རྗེས། གཞོན་སྐྱེས་པ་སྟག་ཆས་བརྒྱ་ཡིས། སྐྱབས་རྗེ་རྟོགས་ལྡན་བླ་མ་མཆོག་གི་«དཀར་ཕྱོགས་དགྱེས་པའི་མཆོད་སྤྲིན།» «བསང་མཆོད་འདོད་དགུ་ལྷུན་འགྲུབ།» «བསང་གི་ཁ་གཡང་འདོད་དགུ་ལྷུན་འགྲུབ་»ཀྱི་སྒོ་ནས་ལྷ་བསང་ཕུད། གྲྭ་ཚང་གིས་རྔ་དུང་རོལ་མོ་ཁྲོ་ལོ་ལོ། རྒྱག་དང་རྐང་གླིང་དུ་རུ་རུ། ཅང་ཏེའུ་དྲིལ་བུ་སྙན་པར་དཀྲོལ་ནས་སྤྱན་འདྲེན་འཕྲལ། འཆམ་ཚན་དང་པོ། གླིང་དཀར་པོའི་དང་སྨན་མཆེད་བདུན། དལ་འགྲོས་ལྡེམ་མྱུར་གྱི་འཕྱོར་བག་ཤིག་གེར། གླུ་ལེན་གར་སྟབས་ཀྱི་མཛེས་འཁྱུགས་ཏ་ལེར་སྤྱོན་པའི་ཕྱག་ཏུ། ཕུད་སྐྱེམས་དང་། འོ་ཕུད། ཆང་ཕུད། ཇ་ཕུད། ཕྱེ་ཕུད། ཕྱེ་མར། མདའ་དར་བསྣམས་ནས་གདངས་སྙན་ཅོ་ཀའི་དྲུག་འགྱུར་ལ་དྲངས་ནས། འཇམ་མགོན་བླ་མ་མི་ཕམ་ཆོས་རྗེའི་«གླིང་བྲོ་བདེ་ཆེན་རོལ་མོ་»ལས། “ཨོཾ། ལོ་འུ་ལ་ཨ་ཧོ་ཡ་སོགས། མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ། །དགྲ་བླ་ཝེར་མའི་དཔུང་དང་བཅས་ཏེ། །བག་དྲོ་གཟི་བྱིན་ཐིབས་སེ་བྱོན་ནས། །གཡས་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག །ཕོ་རྒྱུད་དཔའ་བའི་བྱིན་ཆེན་ཕོབ་ཤོག །”ཅེས་སོགས་ཀྱི་བྱིན་འབེབས་པས། འཆམ་ཚན་གཉིས་པ། འཛམ་གླིང་གེ་སར་རྒྱལ་པོ་དགྲ་ལྷ་ཝེར་མའི་འཁོར་དང་བཅས་པ་སྤྲིན་ཕུང་འཐིབས་པ་བཞིན་དངོས་སུ་བྱོན་པར་བསམས་ཤིང་། གསོལ་མཆོད་ཀྱི་བཞུགས་གསོལ་མཆོད་བསྟོད་ཀྱི་སོགས་ཀྱི་བབས་དང་བསྟུན་ཏེ་འཆམ་པར་བྱ་བ་ལགས་སོ། །འཆམ་ཚན་གསུམ་པ། གླིང་ལྷ་བརྒྱད། འཆམ་ཚན་བཞི་པ། ཞི་བའི་དཔའ་རྟུལ་བཅུ་གཅིག འཆམ་ཚན་ལྔ་པ། རྒྱས་པའི་དཔའ་རྟུལ་བཅུ་བཞི། འཆམ་ཚན་དྲུག་པ། དབང་གི་དཔའ་རྟུལ་བཅུ་གཉིས། འཆམ་ཚན་བདུན་པ། དྲག་པོའི་དཔའ་རྟུལ་བཅུ་བདུན། འཆམ་ཚན་བརྒྱད་པ། གེ་སར་གཞི་བྱེས་དགྱེས་འཛོམས་ཀྱི་མང་འཆམ། འཆམ་ཚན་དགུ་པ། སྟོང་ཉིད་ལྷ་མོ་བརྒྱད་འཆམ་ཞིང་བཀྲ་ཤིས་དང་བསྔོ་སྨོན་གྱིས་མཐའ་བརྒྱན་པའི་གེ་སར་སྒྲུབ་འཆམ་གྱི་དབུ་ཁྱུད་བྲིས་ནས་ཡུལ་མགོ་ལོག་གླིང་གི་ཕ་ས་ཅེས་གྲགས་པ་དོན་ལྡན་དུ་བྱས་སོ། །
༦༽གླིང་དཀར་ཕུ་ནུའི་ཞལ་འབག
༡༩༩༦མེ་བྱི་ལོར་སྐྱབས་རྗེ་རྟོགས་ལྡན་༼དགུང་ལོ་༦༧༽བླ་མ་མཆོག་ཐུགས་བཀོད་དང་ཕྱག་རྫས་བཏང་ནས། ཕུ་ནུ་བརྒྱད་ཅུའི་ཞལ་འབག་བཅའ་སྐབས། ཕུ་ནུ་བརྒྱད་ཅུའི་ཞལ་འབག་ཁར་བྱི་རུའི་བཀའ་བློན་ཆོས་འགྲུབ་ཀྱི་ཞལ་འབག་ཆོས་ཞེས་གསུངས་པའི་གསུང་འཕྲོས་སུ། སྔོན་རྫོགས་སྤྲུལ་ལྔ་པའི་སྣང་ཉམས་སུ་སོག་གི་སྟག་དམར་སྟོབས་ཆེན་གྱིས་ཁོས་གེ་སར་རྒྱལ་པོའི་བཀའ་ལུང་བཞིན་སངས་རྒྱས་ཀྱི་བསྟན་པ་སྲུང་གིན་ཡོད་ན། ཁོ་བོ་ཅིའི་ཕྱིར་གླིང་དཀར་ཕུ་ནུའི་གྲལ་དུ་མ་བཞག་ཞུས་པར་བརྟེན་སོག་སེར་པོའི་སྟག་དམར་སྟོབས་ཆེན་གྱི་ཞལ་འབག་བཞེངས་ཏེ་དབང་གི་ཆམ་ཚན་གྱི་མཇུག་ཏུ་བསྣན་པར་ཟངས་མའི་གའུ་གཡོན་སྐོར་གྱིས་འཁྱེར་བ་ཞིག་ཡོད་དར་ཞེས་གསུངས། དེ་འདྲ་བར་བྱི་བློན་ཆོས་འགྲུབ་ཀྱི་ཞལ་འབག་དཀར་པོར་བཞེངས་ཞེས་གསུངས་པ་བཞིན་བཞེངས་ནས་དྲག་པོའི་འཆམ་གྲལ་དུ་བསྣན། དེ་ལྟར་ཀུན་པོས་ཆེ་མཐོང་སྤྲད་པའི་ཁྱད་ཐོན་ཐུན་མིན་རྫོགས་ལུགས་ཀྱི་འབག་བཟོའི་ལག་ཤེས་བཟོ་རྩལ་ཆེད་མཁས་པ། དུས་རབས་ཉི་ཤུ་པའི་ནང་གི་རྫོགས་ཆེན་ཚང་གི་མཆོད་ཆེན་དམར་ནག་ཁྲ་གསུམ་ཞེས་གྲགས་པའི་ཡ་གྱལ་དགེ་ཟུར་ཐུབ་བསྟན་བློ་གྲོས་ཀྱི་དངོས་སློབ་མཆོད་ཆེན་ཆོས་ལྡན་དང་གངས་སྐྱབས་གཉིས་ཀྱིས་ཕུ་ནུའི་ཞལ་འབག་ཡོངས་རྫོགས་བཅས་པའོ། །ཞལ་འབག་ཆ་ཚང་འཛོམས་རྗེས་སྐྱབས་རྗེ་རྟོགས་ལྡན་བླ་མ་མཆོག་གིས་ཕྱག་ནས་ཐོར་ཞིང་། བགེགས་བསྐྲད། སྤྱན་འདྲེན། བྱིན་འབེབས་མཛད་པ་ལགས་པས། དེའི་ཡན་མེད་པའི་བྱིན་རླབས་གཟི་འོད་འབར་བའི་རྟེན་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ནས་གཟུང་ཞལ་འབག་གི་སྒོ་ནས་འཆམ་ཞིང་རང་སྒར་དུ་རྣམ་ཐར་མཐོང་བ་དོན་ལྡན་གླིང་ཞེས་རྣམ་ཐར་གྲྭ་ཚང་སྒྲིག་འཛུགས་མཛད་དོ། །
༧༽གེ་སར་ཟློས་གར་གྱི་འཁྲབ་གཞུང་དང་འཁྲབ་སྟོན།
༡༩༩༤ཤིང་ཁྱི་ལོར་སྐྱབས་རྗེ་རྟོགས་ལྡན་༼དགུང་ལོ་༦༥༽བླ་མས་སླར་བཀའ་བྱོན་བཞིན། «རྟ་རྒྱུགས་ནོར་བུ་ཆ་བདུན།» «གླིང་བྲོ་བདེ་ཆེན་རོལ་མོ་»ཡི་འཁྲབ་སྟོན་གྱི་དབུ་བཙུགས་རྗེས། རིམ་བཞིན་«འཛམ་གླིང་སྤྱི་བསང་།» «སྟག་གཟིག་ནོར་འགྱེད།» «བདུད་འདུལ།» «དམྱལ་གླིང་མུན་པ་རང་བསལ།» «འདན་མའི་ནས་རྫོང་།» «སྟོད་མངའ་རིས་གངས་དཀར་ཤེལ་རྫོང་»བཅས་འཁྲབ་གཞུང་གི་གཞི་བཟུང་ནས་གླིང་སྒྲུང་སྣ་མི་འདྲ་བ་བདུན་ཙམ་འཁྲབ་སྟོན་བྱས། དེ་ལས་གངས་དཀར་ཤེལ་རྫོང་ནི་སྐྱབས་རྗེ་རྟོགས་ལྡན་བླ་མ་མཆོག་གིས་དམིགས་བསལ་བྱིན་རླབས་ཆེ་བའི་ཆེ་མཐོང་གནངས། ༢༠༠༤ལོར་རྟེན་འབྲེལ་གྱི་ཆེ་བ་རུ་སྐུ་ཚ་མཁན་པོ་ཉི་མ་ཚེ་རིང་མཆོག་གིས་«གཞི་བྱེས་ལྷན་འཛོམས་»ཞེས་པའི་མཚན་གསོལ་ནས་གཙོ་བོའི་མི་སྣ་ཡང་ཐུལ་དམ་པའི་མི་བདུན་གྱིས་གྲུབ་པའི་འཁྲབ་གཞུང་གཙོ་སྒྲུབ་དང་འཁྲབ་སྟོན་བྱས། མདོར་ན། ངེད་སྔ་འགྱུར་ཨ་སྐྱོང་རྟོགས་ལྡན་སྒར་མདོ་སྔགས་སྒྲུབ་གླིང་གིས་ད་ཆའི་བར་གེ་སར་སྒྲུབ་འཆམ་ནི། ལོ་ངོ་༣༤དང་། གེ་སར་ཟློས་གར་འཁྲབ་སྟོན་ནི། ལོ་ངོ་༣༢རིང་རྒྱུན་སྲིང་གོང་འཕེལ་གྱི་ལས་སུ་ཅི་ནུས་ཀྱིས་ཞུགས་ཤིང་འཇུག་པ་ཞུགས་འགྱུར་གནས་སྟངས་འདི་ཀ་ལགས་སོ། །
ཞེས་པ་རྒྱན་ཁང་ཚང་གི་ཉེར་མཁོའི་ཡིག་ཚགས་སུ་ཨ་སྐྱོང་དཔལ་ཆེན་རྡོ་རྗེས་དཔེ་ཁྲིད་བྲེལ་བའི་ཞར་ཞོར་དུ་བྲིས་ཤིང་ཤིང་སྦྲུལ་བོད་ཟླ་༩བའི་དམར་ཕྱོགས་མཁའ་འགྲོའི་དུས་ཆེན་ཉིན་གྱི་ཞོགས་པར་མཇུག་དྲིལ་བར་བྱས་དགེའོ། །༢༠༠༢༥ ༡༡ ༡༤
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།