《རྫོགས་ཆེན་སྙན་བརྒྱུད》ཆེན་མོ་སྡེ་དགེ་རིག་མཛོད་ཕོ་བྲང་དུ་བཞུགས་སུ་གསོལ་བར་རྟེན་འབྲེལ་ཞུ།

《རྫོགས་ཆེན་སྙན་བརྒྱུད》ཆེན་མོ་སྡེ་དགེ་རིག་མཛོད་ཕོ་བྲང་དུ་བཞུགས་སུ་གསོལ་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ།

WechatIMG1840.jpg

       ཁྱབ་བདག་རྫོགས་ཆེན་པ་ཆེན་མོ་མཁས་དང་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་པདྨ་སྐལ་བཟང་མཆོག་གི་ཐུགས་མཚོ་ལས་སྨིན་ཅིང་སོར་རྩེ་ནས་གདུལ་བྱ་རྣམ་མཁྱེན་གྱི་ཞིང་སར་འཆོས་ཤིང་སྲིད་ཞིའི་མཐའ་ལས་སྐྱོབ་པའི་ཡོན་ཏན་གྱི་ཕུང་བོ་མཐའ་ཡས་ཟད་མི་ཤེས་པར་བཞད་པའི་བསྟན་བཅོས་ཨུ་དུམ་ཝཱ་རའི་མེ་ཏོག་གི་མཚན་ཟུར་ཆེ་བ་དྲུག་ལྡན་གྱིས་རྟེན་འབྲེལ་ཞུ་བ་ལ།

གཅིག   སྙན་ཁུངས་བརྒྱུད་པའི་ཆེ་བ།

སྟོན་པ་སངས་རྒྱས་ཀྱི་ཞལ་ནས་གཏད་རབས་བདུན་དང་། དེ་ནས་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་སློབ་རྒྱུན་དང་བཅས་པའི་སྙན་དུ་བརྒྱུད་དེ་ད་ལྟ་ལ་ཐུག་གི་བར་དུ་རྒྱུན་མ་ཆད་པར་ཐོན་པ་ནི་ནང་བསྟན་རིག་གཞུང་གི་ཐུན་མིན་ཆེ་བ་ཡིན་པས། དོན་ལ་ཆོས་འཁོར་གསུམ་ཡང་སྟོན་པའི་ཞལ་ནས་སྙན་དུ་བརྒྱུད་པའི་བརྒྱུད་རིམ་གསུམ་དང་། བཀའ་འགྱུར་པོད་བརྒྱ་དང་གསུམ་ནི་སྟོན་པའི་ཞལ་ནས་སྙན་དུ་བརྒྱུད་པ་ཡི་གེར་བཀོད་པའི་འགྲོ་བ་མིའི་རིགས་ཀྱི་ཤུལ་བཞག་ཁྱད་ནོར་ཡིན་པ་མ་ཟད། བསྟན་འགྱུར་པོད་ཉིས་བརྒྱ་བཅུ་གསུམ་ཡང་སྟོན་པའི་ཞལ་ནས་དངོས་དང་བརྒྱུད་དེ་གཏད་རབས་བདུན་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་བུ་སློབ་དང་བཅས་པའི་སྙན་དུ་བརྒྱུད་པའི་དགོངས་སྙིང་དྲི་མ་མེད་པ་ཡིན་པས། བརྒྱུད་པ་པོ་སྟོན་པ་སངས་རྒྱས་ཀྱི་ཞལ་ནས་བརྒྱུད་ཡུལ་གྱི་སློབ་མ་བསྟན་པའི་གཏད་རབས་བདུན་གྱི་སྙན་དུ་བརྒྱུད་པ་འདིས།  སྤང་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་ཞིག་གི་ཞལ་ནས་ཤེས་ཤིང་ཀློང་དུ་གྱུར་བ་ཞིག་གི་སྙན་ཁུངས་སུ་བརྒྱུད་པའི་ཐུན་མིན་ཁྱད་ཆོས་ཚང་དགོས་པ་གསལ་བཤད་བྱས་ཡོད། དེ་བས། སྙན་བརྒྱུད་འདིར་མཚོན་ན། ཉམས་རྟོགས་ཡོན་ཏན་གྱི་རྩལ་ཆེན་ནང་ནས་ཡོངས་སུ་རྫོགས་པའི་སྟོན་པ་སངས་རྒྱས་ཀྱི་ཞལ་སྐྱིན་པཎ་གྲུབ་ཆེན་པོ་མཁན་ཆེན་ཡོངས་འཛིན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་མཆོག་གི་ཞལ་ནས། བསྟན་པའི་གཏད་རབས་བདུན་དང་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ཟུང་གཅིག་གི་བཀའ་བབས་ཁྱབ་བདག་རྫོགས་ཆེན་པ་གང་གི་སྙན་དུ་བརྒྱུད་ཅིང་། ཐུགས་གསང་དཔལ་གྱི་བེའུ་རུ་འཁྱིལ་བ་ཡི་གེའི་རིས་སུ་ཕབ་པ་བཀའ་མདོ་སྒྱུ་སེམས་གསུམ་གྱི་བྱིན་བཅུད། ཁྱད་ནོར་ནང་གི་ཡང་ནོར་དང་ཉིང་བཅུད་ཁྲོད་ཀྱི་ཡང་བཅུད། ཕྱི་ཡིག་གཟུགས་བགྲེས་རྒུད་བྲལ་བ་འགྱུར་མེད་སྐུའི་གསང་བ་དང་། ནང་སྒྲ་དབྱངས་མི་ཟད་པ་འགག་མེད་གསུང་གི་ངོ་བོ། གསང་བ་ཟག་མེད་ཡེ་ཤེས་ཐུགས་ཀྱི་རང་རྩལ་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་ཨེ་ལྦཾ་ཟུང་འཇུག་གི་ཆེ་བ་ལྷུན་རྫོགས་སུ་གྱུར་བའི་བདག་ཉིད་རེད།

WechatIMG1841.jpg

གཉིས།   ངེས་པ་དོན་གྱི་ཆེ་བ།

ངེས་དོན་ནི་ནམ་ཡང་བསླུ་མེད་འགྱུར་མེད་ཆོས་ཉིད་ཀྱི་བདེན་པ་མཐར་ཐུག་ཡིན་པས། དཔེར་ན། ནད་ཀྱི་རྩ་བ་དྲུངས་ནས་འབྱིན་བྱེད་ཀྱི་སྨན་མཐར་ཐུག་པ་ལྟ་བུ་མཚན་དོན་གྱི་ཟུར་གཉིས་པ“དོན་གྱི”ཞེས་པས་གནས་ལུགས་དོན་གྱི་ཡེ་ཤེས་ངེས་དོན་མཐར་ཐུག་གི་བདེན་པ་ཆེན་པོ་ཡི་གེའི་གཟུགས་སུ་ཤར་ལ་ངེས་དོན་གྱི་ཁྱད་ཆོས་དྲུག་ལྡན་ཏེ། བདེན་གཉིས་དབྱེར་མེད་ཆེན་པོར་སྟོན་པའི་ཁྱད་ཆོས་དང་། ལས་དང་ཉོན་མོངས་ཐམས་ཅད་སྟོང་གསལ་ཆེན་པོའི་ངང་དུ་ཟད་ཅིང་དག་པའི་ཁྱད་ཆོས། རྣམ་བྱང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཁྱད་ཆོས། འཁོར་འདས་གཉིས་མེད་ཆེན་པོར་འཆར་བའི་ཁྱད་ཆོས། ཟབ་རྒྱས་ཟུང་འཇུག་ཆེན་པོར་སྨིན་པའི་ཁྱད་ཆོས། གསལ་སྟོང་གཉིས་མེད་ཆེན་པོར་རྫོགས་པའི་ཁྱད་ཆོས། ཚིག་གསུམ་དོན་གྱི་གནད་དུ་བརྡེག་པའི་ཁྱད་ཆོས། འབྲས་བུ་ཡེ་ཤེས་ཆེན་པོ་ཁོངས་ནས་འཆར་བའི་ཁྱད་ཆོས་སོགས་གཡུར་དུ་ཟ་ཕྱིར། འཇམ་མགོན་ས་པཎ་གྱིས། ཨ་ཏི་ཡོ་གའི་ཐེག་པ་འདི། ། ཡེ་ཤེས་ཡིན་གྱི་ཐེག་པ་མིན། ། གསུངས་པ་ལྟར་ངེས་དོན་བློ་འདས་ཡེ་ཤེས་ཀྱི་ཟ་མ་ཏོག་ཆེན་པོའི་ཁྱད་ནོར་ཞིག་འགྲོ་བ་མིའི་རིགས་ཀྱི་རིག་གནས་བང་མཛོད་ཆེན་མོའི་སྲོག་ཤིང་དུ་བཞག་པ་འདི་ཁོ་ནའི་བཀའ་དྲིན་ཡང་བསམ་གྱིས་མི་ཁྱབ་ལ། གལ་ཏེ་བླུན་པོ་དད་པ་ཅན་གྱིས་མོས་ཀློག་དང་། མཁས་པ་ཡོན་ཏན་ཅན་གྱིས་ཤེས་ཀློག རྟོགས་ལྡན་ཉམས་མྱོང་ཅན་གྱིས་མྱོང་ཀློག་ཐེངས་ཤིག་བྱས་ཀྱང་ཡེ་ཤེས་ཆེན་པོ་མདུན་དང་ཁོངས་ནས་ཤར་བའི་ཐུགས་བསྐྱེད་རྟེན་འབྲེལ་ཟབ་མོ་ཞིག་ཡོད་ངེས་ཡིན་ཏེ། སྙན་བརྒྱུད་ཡིད་བཞིན་ནོར་བུ་འདི་ཉིད་ཐོག་མར་གསུངས་སྐབས་ཁྱབ་བདག་བླ་མ་རིན་པོ་ཆེའི་ཞལ་ནས། ད་ཐེངས་ངས་ཡེ་ཤེས་བླ་མ་འདི་སུས་བཏོན་ན་སུས་གོ་ཐུབ་ཅིང་ཉམས་སུ་ལེན་ཤེས་པ་ཞིག་འབྲི་རྒྱུ་ཡིན་ཞེས་ཐུགས་དགོངས་རང་ཅག་ཐུན་མོང་ལ་གཏད་ཡོད་པའི་ཕྱིར།

WechatIMG1842.jpg

གསུམ། མན་ངག་ཟབ་མོའི་ཁྱད་ཆོས།

རྒྱུད་སེངྒེ་དཀར་མོའི་འོ་རྒྱུན་གང་ཞིག་བརྒྱུད་གསུམ་བླ་མས་ལུང་གི་མར་ལོར་དྲིལ། ཉམས་ལེན་གྱི་གནད་གཅིག་ཏུ་བསྡུས་ཤིང་བཟླུམས་པ་ནི་མན་ངག་ཟབ་མོའི་མཚན་ཉིད་ཡིན་ལ། མཚན་ཉིད་ཀྱི་ཟུར་རྒྱུད་ཀྱི་དགོངས་གསང་དང་། ལུང་གི་གལ་མདོ། མན་ངག་གི་ཡང་ཞུན་གསུམ་གྱིས་ཕྱུག་པ་མ་ཟད། དཔེ་བ༷རྡ་ནམ་མཁའ་ལྟ་བུས་དགོངས་གསང་འབྱེད་པའི་གནད། ངེས་དོ༷ན་སྐྱེ་མེད་འོད་གསལ་གཏན་ལ་འབེབ་པའི་གནད། རྟ༷གས་རོལ་བ་འགག་མེད་ངང་དུ་གྱུར་བའི་གནད་དེ་བརྡ་དོན་རྟགས་གསུམ་ཡོངས་སུ་རྫོགས་པའི་ཟ་མ་ཏོག་ཆེན་པོར་གྱུར་བ་གང་ཉིད། སྤྱི་ལོ༢༠༡༨ལོར་ཡི་གེའི་རིས་སུ་ཕབ་སྟེ། ཁྲིད་ལུང་མན་ངག་གི་གསང་མཛོད་ཆེན་མོའི་གསེར་ཞལ་ཐོག་མར་ཕྱེས་པ་ནས་ལོ་ཟླ་ཉིན་ཐུན་རེ་རེར་སྐལ་ལྡན་བྱེ་བས་སྙན་བརྒྱུད་ཟབ་མོ་ཐོས་བསམ་སྒོམ་སྒྲུབ་ཀྱི་གོ་རིམ་རེ་རེ་ནི་འབྲས་བུ་ཉི་མ་སྤྲིན་ལས་གྲོལ་ཐེངས་རེ་རེར་གྱུར་དང་འགྱུར་བཞིན་ཡོད་པ་མ་ཟད། སྡེ་དགེ་ཤིང་དཔར་གྲུབ་པའི་ཆོས་སྐལ་དུ“བསྐལ་བ་བརྒྱ་སྟོང་དུ་གནས་པར་འགྱུར་རོ”ཞེས་བབས་པའི་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་ལྟར། དུས་དེ་སྙེད་དུ་འགྲོ་ཁམས་ཇི་སྙེད་ཅིག་གི་ཡེ་ཤེས་ཆེན་པོ་ཁོངས་ནས་ཤར་བའི་གདགས་རྐྱེན་བླ་ན་མེད་པར་གྱུར་དང་འགྱུར་བར་བསམས་ན། 《སྙན་བརྒྱུད་དོན་གྱི་མན་ངག་ངོ་མཚར་ནོར་བུའི་མེ་ལོང》ཁྱེད་ཉིད་རྫོགས་ཆེན་ཁྱབ་བདག་པ་གང་གི་ཐུགས་གསང་གངས་རི་དཀར་པོ་ལས་བཞུར་ཏེ་སྡེ་དགེ་རིག་གནས་ཕོ་བྲང་ཆེན་མོར་འཁྱིལ་ལ། དེ་ནས་རིགས་དང་རིས་སུ་མ་ཆད་པར་འཛམ་གླིང་ཡངས་པའི་མཐའ་གྲུ་ཀུན་ལ་ཕྱོགས་མེད་དུ་ཁྱབ་ཅིང་འགྲོ་ཁམས་རྒྱ་མཚོའི་ཞི་བདེ་དཔལ་ཡོན་གྱི་ལྷ་བྱ་དཀར་པོར་འགྱུར་བའི་མན་ངག་གི་ཟབ་གནད་ཐུན་མོང་མ་ཡིན་པ་ཞིག་ཕྱིར་མངོན་ཡོད།

WechatIMG1843.jpg

བཞི།   བརྡ་དོན་རྟགས་ཀྱི་ཆེ་བ།

སྙན་བརྒྱུད་དོན་གྱི་མན་ངག་གང་གི་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་ཕྲེང་བ་རེ་རེས་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཁམས་རྒྱ་མཚོ་ལྟར་སྣང་ཞིང་བཀྲ་བའི་ཁོངས་ནས་ངོ་བོ་སྟོང་བའི་ཡེ་ཤེས་དང་། གྲགས་སྟོང་གསུང་གི་ཁོངས་ནས་རང་བཞིན་གསལ་བའི་ཡེ་ཤེས། དྲན་སྟོང་ཐུགས་ཀྱི་ཁོངས་ནས་ཟུང་འཇུག་གཉིས་མེད་ཡེ་ཤེས་མངོན་སུམ་དུ་སྟོན་པའི་རིག་པ་དང་རྐང་བར་ལྡན་པས། རིགས་ཅན་གསུམ་ལ་གང་འདུལ་དུ་ངོ་བོ་སྟོང་པས་སྤང་བ་མཐའ་རུ་ཕྱིན་པའི་ངོ་མཚར་སྟོན་པ་དང་། རང་བཞིན་གསལ་བས་རྟོགས་པ་མཐའ་རུ་ཕྱིན་པའི་ངོ་མཚར་རྫོགས་ལ། སྤང་རྟོགས་ཟུང་འཇུག་གཉིས་མེད་ཆེན་པོར་སྨིན་པའི་ངོ་མཚར་འབར་བ་མ་ཟད། སྒོ་གསུམ་སྐུ་བཞི་ཡེ་ཤེས་ལྔར་ཤར་བའི་ངོ་མཚར་གྱི་ལྟད་མོ་སྟོན་ཐེངས་རེ་རེ་ཡོད་མེད་སྐྱེ་འགོག་དང་གཅིག་དུ་བྲལ། མཐའ་བཞི་དང་མཐའ་བརྒྱད་སྐྱེ་འགོག རྡོ་རྗེ་ཟེགས་མ། རྣམ་ལྔ་དང་རྣམ་བདུན་ཤིང་རྟའི་རིགས་ལམ་དང་དབྱེར་མེད་དུ་འདྲེས་ཤིང་འདྲིས་ནས་རིག་པ་འོད་གསལ་གྱི་ངང་དུ་འཁྱིལ་ཐེངས་རེ་རེ་ཡིན་པས། རྨད་བྱུང་བས་ཀྱང་རྨད་བྱུང་ངོ་མཚར་བས་ཀྱང་ཆེས་ངོ་མཚར་བ་བརྡ་དོན་རྟགས་གསུམ་གྱི་ངོ་བོར་སྨིན་ཏེ། དཔལ་ཨོ་རྒྱན་ཆེན་པོས། མཚོན་པའི་དངོས་པོ་ཟུར་པ་ཞིག། དོན་ནི་སེམས་ལ་སྨན་པ་སྟེ།། རྟགས་ནི་ཡིད་ཆེས་ཐེ་ཚོམ་མེད།། ཅེས་གསུངས་པ་བཞིན་མཚོན་བྱེད་དཔེ་བ༷རྡ་རྣོན་པོ་ལ་བརྟེན་ཏེ་མཚོན་བྱ་དོ༷ན་གྱི་དགོངས་སྙིང་ཟབ་མོ་ངོ་སྤྲོད་ཅིང་རྟོགས་པའི་ཡེ་ཤེས་ཁོངས་ནས་འཆར་བའི་རྟ༷གས་ཐོན་པའི་ངོ་མཚར་བརྡ་དོན་རྟགས་གསུམ་གྱི་ཆེ་བ་རྫོགས་ཡོད།

WechatIMG1844.jpg

ལྔ།   ངོ་མཚར་ནོར་བུའི་ཆེ་བ།

ཀླུ་དབང་གཙུག་གི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོར་མཆོད་ཅིང་ཚུལ་བཞིན་དུ་གསོལ་བ་འདེབས་ཤེས་ན་འདོད་དོན་ལྷུན་གྱིས་གྲུབ་པའི་དཔེ་ལྟར། ཁྱབ་བདག་རྫོགས་ཆེན་པའི་ཐུགས་མཚོ་ལས་འཁྲུངས་པ་ཐོས་བསམ་སྒོམ་སྒྲུབ་ཀྱིས་ཚུལ་བཞིན་སུས་ཉམས་སུ་བླངས་ན། སུ་ལ་དོན་གཉིས་ལྷུན་གྲུབ་ཀྱི་དངོས་གྲུབ་འབྱུང་བ་སྙན་བརྒྱུད་མན་ངག་གི་བདེན་པ་བསླུ་མེད་ཡིན་པས། ཀླུ་དབང་གཙུག་གི་ནོར་བུའི་ནོར་ངོ་ཤེས་མིན་དང་། ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་མིན། མཆོད་ནས་གསོལ་བ་ཇི་བཞིན་འདེབས་ཤེས་མིན་དང་ནུས་མིན་གྱིས་ནོར་བུས་ནོར་དོན་བྱེད་རྒྱུར་མཚན་ཟུར་གྱི“ནོར་བུ”ཞེས་པས་དྲན་སྐུལ་བྱས་ཡོད་དེ། སྙན་བརྒྱུད་དོན་གྱི་མན་ངག་རིན་པོ་ཆེ་འདིའི་རིན་ཐང་ངོ་ཤེས། ཚུལ་བཞིན་སུས་ཉམས་སུ་བླངས་ན་སུ་ལ་དོན་གཉིས་ལྷུན་གྲུབ་ཀྱི་དངོས་གྲུབ་འབྱུང་ཞིང་། སུས་རིན་ཐང་ངོ་མ་ཤེས་ཤིང་དོན་ཉམས་སུ་མ་བླངས་ན་དེ་ལ་དོན་གཉིས་ཀྱི་འབྲས་བུ་འབྱུང་མི་སྲིད་པ་མ་ཟད། གལ་ཏེ་སུས་ཚུལ་བཞིན་ཉམས་སུ་མ་བླངས་ན་ནོར་བུ་རིན་པོ་ཆེ་ཀླུ་དབང་གི་གཙུག་ནས་ལེན་སྐབས་ལེན་པ་པོར་ཀླུ་དུག་གཉན་པོ་ཕོག་ཉེན་ཡོད་པ་བཞིན་དམ་ཚིག་ཉམས་ཆག་ལ་གཟབ་གཟབ་གནང་དགོས་པའང་མཚན་ཟུར་འདིས་གསལ་བོར་བསྟན་ཡོད། ཐེངས་འདིར་སྔ་འགྱུར་རྫོགས་ཆེན་དགོན་སློབ་རྒྱུན་དང་བཅས་པས་ཁྱབ་བདག་རྫོགས་ཆེན་པའི་མཁྱེན་རྩལ་ཡིད་བཞིན་ནོར་བུར་སྨིན་པ་གང་ཉིད་སྡེ་དགེ་རིག་མཛོད་ཕོ་བྲང་ཆེན་མོའི་རྒྱལ་མཚན་དུ་བཀོད་པ་ནི། ཆོས་ཀྱི་རྒྱལ་མཚན་མིང་དོན་མཐུན་པ་ཞིག་ཆོས་བཞིན་སྒྲེང་བ་དང་ཆབས་ཅིག་ཏུ་བཤད་དང་སྒྲུབ་པའི་ཆོས་དུང་ཟུང་ཞིག་དེང་འདིར་ལྷང་ལྷང་དུ་གྲགས་པ་ཉིད། སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མིའི་རིགས་ཀྱི་ཤུལ་བཞག་མཁྱེན་བརྩེ་ཟུང་འཇུག་གི་གླུ་སྒྲ་སྙན་མོ་ཞིག་ཏུ་གྱུར་དང་འགྱུར་བ་མ་ཡིན་ནམ་སྙམ།          

དྲུག   རཏྣའི་མེ་ལོང་གི་ཆེ་བ།

མེ་ལོང་ནི་འཆར་བྱེད་ཡིན་པ་བཞིན་དུ་སྙན་བརྒྱུད་རཏྣའི་མེ་ལོང་འདི་ཐོས་པའི་སྐབས་སུ་ཟུང་འཇུག་ཡེ་ཤེས་ཀྱི་གཤིས་ཀ་འཆར་བྱེད་དང་། བསམ་པའི་སྐབས་སུ་ཟུང་འཇུག་དོན་གྱི་ཁྱད་པར་འབྱེད་བྱེད། སྒོམ་དང་སྒྲུབ་པའི་སྐབས་སུ་ངང་དུ་གྱུར་ཅིང་བོགས་ཐོན་བྱེད། མཐར་སྐུ་བཞི་ཡེ་ཤེས་ལྔའི་ཉི་མ་གློ་བུར་གྱི་སྤྲིན་ལས་གྲོལ་ཏེ་གཞི་འབྲས་དབྱེར་མེད་དུ་གྱུར་བས། ཕྱི་ཀུན་རྫོབ་གནས་ལྔ་རྟོག་པའི་རིག་གཞུང་གི་མེ་ལོང་ཆེན་པོ་ཞིག་ཡིན་པ་མ་ཟད། ནང་སེམས་ཅན་དོན་བྱེད་བྱང་ཆུབ་རིག་པའི་དགོངས་སྲོག་མ་འདྲེས་པར་འབྱེད་པའི་མེ་ལོང་ཆེན་པོ་ཞིག་དང་། གསང་བ་དོན་དམ་གནས་ལུགས་ཀྱི་གཤིས་ཀ་ཁོངས་ནས་འཆར་བའི་མེ་ལོང་རིན་པོ་ཆེ་ཞིག་ཡིན་པས། འགྲོ་བ་མིའི་རིགས་ཀྱི་ཤུལ་བཞག་རིག་གཞུང་རྩ་ཆེན་གྱི་འོད་ཕྲེང་འཕྲོ་ཞིང་། གཞན་ཕན་བྱང་ཆུབ་སེམས་ཀྱི་རིག་གཞུང་རིན་པོ་ཆེའི་དྲི་བསུང་འབར་ལ། དོན་དམ་ཆོས་ཉིད་ཡེ་ཤེས་ཀྱི་བསྡུས་གཟུགས་རཏྣའི་མེ་ལོང་དུ་ཤར་བ། ངེས་དོན་མཁས་པས་གཟིགས་ན་དགའ་བའི་འཛུམ་དཀར་འཆོར་ཞིང་། རྟོགས་ལྡན་རྣལ་འབྱོར་བས་མྱང་ན་སྔར་མེད་གྱི་དྲོད་རྟགས་འབར་ལ།  ཚན་རིག་པ་རྣལ་མས་བརྟག་ཀྱང་ངོ་མཚར་གྱི་བློ་སྒོ་རང་སར་འབྱེད་ངེས་པ་མ་ཟད། སྐལ་ལྡན་དོན་གཉེར་ཅན་སུ་དང་གང་གིས་ཐོས་ཤིང་ཉམས་སུ་བླངས་ཀྱང་གང་འདུལ་དེར་མཐུན་གྱི་འབྲས་བུ་འབྱུང་བ་ལག་ལེན་གྱི་བདེན་པས་ར་སྤྲོད་བྱས་དང་བྱེད་བཞིན་ཡོད་པ་དེ་ཉིད། འཇམ་དཔལ་གཞོན་ནུའི་སོར་རྩེའི་རལ་གྲི་དང་། གསང་བའི་བདག་པོའི་ཕྱག་གི་རྡོ་རྗེ། སྤྱན་རས་གཟིགས་ཀྱི་ཐུགས་ཀའི་པདྨ་དཀར་པོ་གཅིག་ཏུ་བཟླུམས་པའི་རང་མདངས་སུ་གྲུབ་ཡོད། དེའི་ཕྱིར། གླེགས་བམ་རིན་པོ་ཆེའི་མཚན་ཟུར“སྙན་བརྒྱུད”དང་།“དོན་གྱི”“མན་ངག”གསུམ་གྱིས་མཚོན་བྱ་དོན་གྱི་ཆེ་བ་བསྟན་ཡོད་པ་མ་ཟད།  “ངོ་མཚར” “ནོར་བུ” “མེ་ལོང”གསུམ་གྱིས་མཚོན་བྱེད་དཔེའི་ཆེ་བ་བཅས་ཁྱོན་མཚན་ཟུར་ཆེ་བ་དྲུག་འགྲོ་བ་མིའི་རིགས་ཀྱི་ཕྱི་ནང་གསང་བའི་ཤུལ་བཞག་རིག་གནས་ཀྱི་ཟ་མ་ཏོག་ཅིག་དང་། འགྲོ་བའི་བརྩེ་ཆེན་སྙིང་རྗེའི་ཟ་མ་ཏོག་ཅིག འཕྲིན་ལས་རྩལ་ནུས་ཀྱི་ཟ་མ་ཏོག་ངོ་མཚར་བ་ཞིག་ཏུ་གྲུབ་ཡོད་པས། ཆེ་བ་དྲུག་གིས་མངོན་པར་འཕགས་པའི་སྙན་བརྒྱུད་དོན་གྱི་མན་ངག་ངོ་མཚར་ནོར་བུའི་མེ་ལོང་གི་མཁྱེན་བརྩེའི་རྩེད་དགའ་སྡེ་དགེའི་རིག་མཛོད་ཕོ་བྲང་ལས་གླིང་ལྔ་མཚོ་བཞིར་ཁྱབ་པའི་རྟེན་འབྲེལ་སྙིང་ཐག་པ་ནས་ཞུས་པ་ཡིན་ནོ། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།