༄༅། །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས།

WechatIMG1205.jpeg

ཁྱབ༵་བ༵དག་ཆེན་པོ་རིན་ཆེན་གདུགས། །

དཔལ་ལྡན་པ༵དྨ༵་གར་གྱི་བདག །

འཇིག་རྟེན་གསུམ་ན་སྐ༵ལ་བ༵ཟང་ཆེ། །

སངས་རྒྱས་རོལ་ལ༵་ཕྱག༵་འཚལ༵་འདུད༵། །


རྒྱ་ཆེན་ལུགས་གཉིས་ཤེས་བྱར་མཁྱེན་སྤྱན་ཡངས། །

སྨྲ་བ་ངག་གི་དཔལ་ལ་རང་དབང་འབྱོར། །

མཐོང་ན་མི་མཐུན་མེད་པའི་རབ་གཙང་སྐུ། །

གསང་གསུམ་ཡོན་ཏན་གཞན་ལས་ཁྱད་དུ་འཕགས། །


དུས་ཀུན་མཉམ་བཞག་ངང་ལས་མི་གཡོ་ཞིང་། །

ཆོས་ཅན་སྣང་བ་ཆོས་ཉིད་དབྱིངས་སུ་ཐིམ། །

རབ་འབྱམས་དག་པའི་སྣང་བ་འབྱམས་ཀླས་པའི། །

ནམ་༵མཁའི༵་རྡོ་༵རྗེའི༵་ཏིང་འཛིན་རྩལ་ཆེན་རྫོགས། །


བསིལ་ལྗོངས་མདོ་སྨད་རུ་དམ་སེང་གེའི་རིར། །

གངས་ཁྲོད་མཁས་པ་འབྱུང་བའི་ཆོས་གྲྭ་ཆེ། །

བསྐྱར་བཞེངས་རྒྱ་བསྐྱེད་སྡེ་སྣོད་འཛིན་པའི་ཁྱུ། །

བསྐྱེད་བསྲིངས་གཞན༵་ཕན༵་མཐའ༵་ཡས༵་གཉིས་པ་བྱོན། །


ཕན་བདེའི་རྩ་ལག་རྒྱལ་བསྟན་ཡུན་གནས་ཕྱིར། །

སྟོང་ཕྲག་གྲངས་ལས་བརྒལ་བའི་བསྙེན་རྫོགས་དང་། །

རབ་བྱུང་སྡེ་ཡིས་ས་ཆེན་འགེངས་མཛད་པའི། །

སེང་༵ཕྲུག་༵པདྨའི༵་མཚན་གྱི་རྣམ་ཐར་ཚངས། །


རྩ་གསུམ་ཞི་ཁྲོའི་བསྙེན་སྒྲུབ་མཐའ་རུ་ཕྱིན། །

ཡི་དམ་ལྷ་ཡི་ཞལ་གཟིགས་ལུང་བསྟན་ཐོབ། །

སྣང་སེམས་དབང་སྡུད་དྲེགས་པ་བྲན་དུ་འཁོལ། །

ཆོས༵་ཀྱི་༵རྡོ་༵རྗེའི༵་ཡོན་ཏན་མངོན་པར་གྲུབ། །


བརྗིད་ལ་དོན་ལྡན་བདེན་ལ་ངེས་ཤེས་བསྐྱེད། །

མཚར་ལ་དད་བསྐྱེད་སྙན་ལ་མཆི་མ་འཆོར། །

ཁྱད་འཕགས་སྨྲ་བས་གདུལ་བྱ་སྨིན་མཛད་པའི། །

དཔ༵ལ་སྤྲུལ༵་སེམས༵་དཔའ་༵མཆོག་དང་གཉིས་སུ་མེད། །


དབྱངས་ཅན་དགྱེས་རོལ་མགྲིན་པའི་ཆུ་འཛིན་ལས། །

ཐོན་པའི་སྡེབ་ལེགས་སྙན་བརྗིད་འབྲུག་སྒྲ་ཡིས། །

དཔྱོད་ལྡན་རྨ་བྱར་དགའ་བའི་དཔལ་སྟེར་བའི། །

མི་༵ཕམ་༵རྒྱ་༵མཚོའི༵་མཁྱེན་རབ་ཁྱེད་ལ་རྫོགས། །


གསང་ཆེན་བཀའ་གཏེར་ཆོས་ཀྱི་གྲུ་ཆར་གྱིས། །

སྐལ་ལྡན་སྐུ་བཞིའི་ངོ་བོར་སྨིན་མཛད་པའི། །

དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་། །

པདྨ་༵བཛྲ་༵རྩལ་ཞེས་ཡོངས་སུ་གྲགས། །


རྣམ་དག་ཟབ་རྒྱས་བཀའ་བསྟན་ལེགས་བཤད་གཞུང་། །

མ་ནོར་ལེགས་པར་འཆད་པའི་བདུད་བརྩི་ཡིས། །

རིས་མེད་ཆོས་བརྒྱུད་མཁས་གྲུབ་རྗེས་བསྐྱངས་པའི། །

གཞ༵ན་ཕན༵་སྣང་༵བ༵འི་ཕྲིན་ལས་ཡོངས་སུ་རྫོགས། །


རྣམ་མང་འདུ་འཛིའི་བྱ་བ་ཡོངས་གཏོང་ཞིང་། །

ཐ་མལ་འཁྱལ་ངག་སྨྲ་སྒོ་གཏན་དུ་བཅད། །

ལོ་མང་དབེན་རིར་སྒྲུབ་ལ་རབ་བརྩོན་པའི། །

ཐེག༵་མཆོག༵་བློ༵་ལྡན༵་ཉིད་དང་རྣམ་དབྱེར་མེད། །


བརྗིད་ཅིང་ལྷོད་ཆགས་རྣམ་པར་མི་གཡེང་ཞིང་། །

འདུལ་སྤྱོད་གཙང་མའི་དྲི་བསུང་ཕྱོགས་ཀུན་འཐུལ། །

མཐོང་གྲོལ་སྐུ་ཡིས་གཞན་སེམས་དྭངས་པ་འདྲེན། །

ཡོན་༵ཏན་༵མགོན༵་པོ་༵མཆོག་དང་གཉིས་སུ་མེད། །


མདོ་ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི། །

རིམ་བརྒྱུད་སྐྱེས་ཆེན་དམ་པའི་ཡོན་ཏན་ཀུན། །

དེང་འདིར་ཁྱེད་གཅིག་ལ་རྫོགས་གསང་བ་གསུམ། །

མི་ཤིགས་རྡོ་རྗེའི་གཤིས་སུ་འཚོ་བཞེས་གསོལ། །


རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བསྟན། །

ཁྱད་པར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི། །

བསྟན་པའི་དར་རྒུད་ཁྱེད་དང་འབྲེལ་བས་ན། །

ཞབས་པད་མི་འགྱུར་ཡུན་དུ་བཞུགས་གསོལ་འདེབས། །


མཛེས་བྱེད་ཆུ་ཡོས་ཟླ་བརྒྱད་པའི་ཚེས་བཅུའི་ཉི་ཤར་ལ་ཨོ་རྒྱན་རིག་འཛིན་ནས་ཤེས་ནས་དད་པའི་བློས་སྦྱར་བ་ལ་བསྐྱར་དུ་ཅུང་ཟད་བསྣན་པའོ། །

IMG_7233.JPG

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།