༈ སྟོན་གྱི་སྣང་བརྙན། བཞག་ཚ།

2017_11_07_12_41_IMG_1449.JPG

སྤྲིན་པའི་ཚལ་དུ་ཟླ་བའི་གཟུགས་བརྙན་འཆར།།

པད་མའི་ཚལ་དུ་ཨུཏྤལའི་འཛུམ་མདངས་ངོམ།།

གེ་སར་དབུས་སུ་དབྱངས་ལྷའི་འགྱུ་བ་འཁྲུངས།།

འཇིག་རྟེན་འཁོར་གྲོང་འདི་ལ་མཚར་སྡུག་ལྡན།།


ཚིག་རྒྱན་གསར་བའི་འདབ་མ་དལ་གྱིས་འཛུམ།།

ཟླ་འོད་འོག་ཏུ་རོལ་དབྱངས་སྙན་ཞིང་འཇེབས།། 

རྟག་མེད་བཞུར་རྒྱུན་སྟོན་ཀའི་གཞུང་ན་ཟགས།། 

བརྒྱད་པའི་སྟོན་གྱི་མཚན་གཞུང་འཇམ་ལྷོད་པ།།


ཞི་དུལ་དགོན་པའི་འདུ་ཁང་ལྷིང་འཇགས་ཅན།། 

ནུབ་ཁའི་ཉི་འོད་གསེར་མདངས་གངས་ལ་ཕོག། 

གངས་ཀྱི་བུ་ཡུག་གསེར་གྱི་མདངས་སུ་ཆགས།།

དོ་ནུབ་ཟླ་གཞོན་གཟུགས་བརྙན་མཚོ་ལ་ལྷུང་།།


རླབས་ཀྱི་ཕྲེང་བས་འོད་ཟེར་གཡོ་བར་གནང་།།

སྟོན་གྱི་སྣང་བརྙན་དབེན་པའི་གནས་སུ་ཐིམ།།

སེར་མདོག་ངོམ་པས་ཁོར་ཡུག་སྔར་ལས་ཡག།

ཟླ་བ་གསལ་བས་མཚོ་ངོགས་སྔར་ལས་མཛེས།།


མཚོ་ཡི་འགྲམ་དུ་ཁྲུང་ཁྲུང་བག་ཕེབས་བགྲོད།།

ཕན་ཚུན་སྨྲ་བའི་སྙིང་གཏམ་ཤུབ་ཤུབ་གྲགས།།

ནུབ་ཁའི་ཉི་འོད་གངས་རྒན་དབུ་ནས་འཛུམ།། 

ཟླ་བ་གསལ་བས་གཙང་བོ་སྔར་བཞིན་མཛེས།།


མཛེས་པའི་ཁམས་ལ་སྐར་མས་བྲོ་གར་འཁྲབ།།

དབྱར་གཞུང་མ་མཐོང་མི་ལོ་དྲུག་བདུན་ཡིན།།

དཔྱིད་ཙམ་བརྒལ་བའི་སྟོན་གཞུང་ལོག་པ་ལ།།

དབྱར་ཟླ་ར་བའི་འཛུམ་མདངས་སུ་ཡིས་རྐུས།།


སླར་ཡང་སྤྲིན་ལ་ཞུགས་ནས་ལོག་པར་འདོད།།

སྐྱིད་ན་འཛུམ་དཀར་སྟོན་ས་དབྱར་གཞུང་སྟེ།།

སྡུག་ན་སྨྲེང་ངག་འདོན་ས་དབྱར་གཞུང་ཡིན།།

ཆུང་ཆུང་བྱིས་དུས་ལྟ་བུའི་དབྱར་གཞུང་དྲན།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།