༸ ཁྱབ་བདག་རྫོགས་ཆེན་པར་ཕུལ་བའི་སྙན་རྩོམ་ཚན་པ་དྲུག

微信图片_20251107173920_59_1.jpg

༸ ཁྱབ་བདག་ཆོས་ཀྱི་རྒྱལ་པོས་བདེ་ཆེན་ཞིང་ཁྲིད་གསུང་བའི་མཐོང་སྣང་ངོ་མཚར་ཕུན་ཚོགས་ལྔ་ལྡན། 


རྩོམ་པ་པོ།   ཐུབ་བསྟན་རང་བྱུང་།  མགོ་ལོག 


ཕུན་ཚོགས་ལྔ་ལྡན་སྐུ་གསུམ་ཞིང་སྣང་རུ་དམ་པདྨའི་ཡང་དབེན་ཆེ། །  

གནས་ཀྱི་བཀོད་པ་ལྷུན་གྱིས་གྲུབ་པ་བདེ་ལྡན་ཞིང་ལ་ཅོ་འདྲི་བྱེད། ། 

གཙུག་ལག་ཁང་བཟང་རྟེན་མཆོག་བྱིན་ཅན་རང་བྱུང་སྒྲུབ་ཕུག་ཞི་བའི་གནས། ། 

འོག་མིན་གཉིས་ས་ལ་ལྷུང་འདྲ་ས་སྤྱོད་ཞིང་ཁམས་པདྨ་ཐང་། །


འབྲས་ལྡན་དུས་བཟང་སྟོན་ཟླ་ར་བ་གཟའ་སྐར་འཕྲོད་སྦྱོར་རྒྱུ་བ་ལེགས། །

གནམ་གཤིས་དྲོ་གྲང་ཅི་དགར་བརྟས་པ་བྱེད་པ་པོ་ཡིས་བཀོད་དང་མཚུངས། །

དེ་ལྟའི་དུས་ཚེས་ཕུན་ཚོགས་ཀུན་འདུས་རྫོགས་ལྡན་ཆོས་ཀྱི་དགའ་སྟོན་ལ། །

ཅི་དགར་བའི་རོལ་བའི་སྐལ་བཟང་འདི་ཀོ་ཚེ་རབས་དུ་མའི་ཚོགས་བསགས་ལགས། །


སྟོན་པ་གཉིས་པ་རྒྱལ་བའི་གདུབ་འཚོབ་བརྒྱུད་ལྡན་བླ་མའི་ཞལ་སྐྱིན་ཆེ།། 

སྐུ་གསུམ་རིགས་འདུས་པདྨ་རྒྱལ་པོ་སླར་ཡང་མིར་བརྫུར་སྐུར་སྣང་བ།། 

བདེ་ཆེན་ལམ་སྟོན་འདྲེན་པ་མཆོག་གྱུར་སྣང་མཐའ་རིགས་ཀྱི་བདག་པོ་དངོས།། 

དེང་གི་དུས་ཀྱི་སྟོན་པ་མཆོག་གྱུར་ཁྱབ་བདག་ཆོས་ཀྱི་རྒྱལ་པོ་བཞུགས།། 


དེ་ཡང་རྒྱང་སྙན་གཏམ་གྱི་རོལ་མོ་ཅི་དགར་དཀྲོལ་བའི་དགའ་སྟོན་ལ།།

མ་བོས་མཉམ་འཛོམས་ཆོལ་གསུམ་སྤུན་ཟླ་སྒར་ཆེན་གཡས་གཡོན་འཛོམས་དང་ལྷན།། 

ལྷ་ཀླུའི་འཁོར་ཀྱང་དབང་མེད་ཤུགས་ཀྱིས་འདི་གར་ཡོད་སྙམ་གདུལ་བྱའི་འགྲོ།།

དེ་བཞིན་དད་ལྡན་འདུ་བ་རྒྱ་མཚོས་ས་ཆེན་འདི་ཡང་རབ་ཏུ་འགུལ།། 


བདེ་ཆེན་ཞིང་མཆོག་མྱུར་དུ་བགྲོད་སླའི་ཞིང་ཆོག་ངོ་མཚར་མྱུར་ལམ་གཙོས།། 

སྨིན་བྱེད་ཞིང་དབང་ཉེ་བརྒྱུད་ཐུན་མིན་སྐལ་ལྡན་མངོན་འཚང་རྒྱ་བའི་ལམ། ། 

གྲོལ་བྱེད་གདམས་ཁྲིད་ཐར་ལམ་གསལ་སྒྲོན་ལག་ཁྲིད་དམར་རྗེན་དཔྱད་འཇོག་སྒོམ།། 

ཐེག་ཆེན་འཇུག་སྒོ་བྱང་ཆུབ་སེམས་སྒོམ་རྫོགས་ཆེན་ལྟ་བའི་རང་ངོ་སྤྲད།།


དེ་ལྟར་གནས་དུས་སྟོན་འཁོར་ཆོས་བཅས་ཕུན་སུམ་ཚོགས་པ་ལྔ་ཡི་གྲངས། །

མདོ་སྔགས་ཆོས་ཚུལ་གནད་ཀྱི་གདམས་པ་འཇིག་རྟེན་གསལ་བའི་སྒྲོན་མེའི་འོད། །

གླིང་ལྔ་མཚོ་བཞིའི་ཁྱོན་ལ་ཁྱབ་ཅིང་སྲིད་པའི་མུན་སྟུག་གཏན་འཇོམས་པ། །

སྨོན་ལམ་མཐུ་འགྲུབ་འགྲོ་བའི་མགོན་པོ་སེམས་དཔའ་ཁྱེད་ཀྱི་ཐུགས་བསྐྱེད་ལགས།།


མཁྱེན་པའི་ཡོན་ཏན་ནམ་མཁའི་མཐའ་ཀླས་མདོ་སྔགས་རྒྱ་མཚོའི་གཏེར་འཆང་བ། །

བརྩེ་ཆེན་སྙིང་རྗེས་གཞན་ཕན་དྲི་བསུང་ཕྱོགས་བཅུའི་འགྲོ་རྣམས་ཡོངས་ལ་ཁྱབ། །

ནུས་པའི་མཐུ་སྟོབས་གཞོམ་བྲལ་གོ་ཆ་ཐུགས་ལ་འཆིང་མཁས་དཔའ་བོ་ཆེ། །

དུས་བབས་སྟོན་པ་མི་ཡི་ཚུལ་བཟུང་རིགས་བདག་མཚུངས་མེད་བླ་མ་མཁྱེན། །


ཉིད་སྐུ་དཀྱིལ་འཁོར་ཉ་གང་དུང་ཟླ་མཚན་དཔེ་འབུམ་གྱིས་ཉེར་བརྒྱན་ཅིང་། ། 

འགག་མེད་གསུང་མཆོག་བདེན་ཚིག་དབྱངས་ཀྱིས་འགྲོ་རྣམས་སྙན་དབང་ལན་བརྒྱས་གསོས། ། 

ཐུགས་མཆོག་ཏིང་འཛིན་ཞི་བ་ཆེན་པོས་སེམས་ཅན་རྗེས་སུ་བཟུང་བ་དང་། །

ཞིང་མཆོག་འདི་ཡི་མཆོད་པའི་རྟེན་དུ་སྐུ་ཚེ་བསྐལ་བརྒྱར་བཞུགས་གསོལ་འདེབས། །


ཅེས་པ་འདི་ནི་སྤྱི་༢༠༢༥ལོའི་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་བདེ་ཆེན་ཁྲིད་ཆེན་མོ་ཐེངས་བཅུ་དྲུག་པའི་ཆོས་ཀྱི་བདུད་རྩི་་ལ་ལོངས་སྤྱོད་པའི་སྐལ་བཟང་གི་སློབ་བུ་ཐུབ་བསྟན་རང་བྱུང་ངམ་མདོ་གླིང་ཚང་གིས་ལེགས་པར་སྦྱར་བའོ། །



ཀློང་ཆེན་ཐེག་མཆོག་ཆོས་ཀྱི་རང་སྒྲ།


རྩོམ་པ་པོ། པདྨ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ།   རྫོགས་ཆེན།


༡ གཞི་དབྱིངས་སྟོང་ཆེན་ཀ་དག་ཆོས་ཀྱི་སྐུ།།

རང་བཞིན་འོད་གསལ་ལྷུན་འགྲུབ་ལོངས་སྤྱོད་རྫོགས།།

ཐུགས་རྗེ་ཀུན་ལ་ཁྱབ་པ་སྤྲུལ་བའི་སྐུ།།

སྐུ་གསུམ་ཡེ་རྫོགས་བླ་མར་གསོལ་བ་འདེབས།།


༢ ཀུན་མཁྱེན་བླ་མ་ཐེག་མཆོག་བློ་ལྡན་གྱི།།

 དགོངས་བརྒྱུད་རྟོགས་པའི་བྱིན་རླབས་མ་ལུས་པ།།

 ཕ་གཅིག་བླ་མ་པདྨ་སྐལ་བཟང་གིས།།

 སྣོད་ལྡན་བུ་ལ་གནང་འདི་སྐྱིད་པ་ལ།།


༣ དངོས་པོའི་གཤིས་ནས་མཐར་ཐུག་འབྲས་བུའི་བར།།

རྡོ་རྗེའི་གནས་ཆེན་བཅུ་གཅིག་གསལ་བོ་རུ།།

བསྟན་པའི་ཚི༵ག་དོ༵ན་མཛོ༵ད་དམ་འོད་གསལ་མཛོད།།

བརྗོད་བྱ་དོན་ཟབ་དགོངས་གནད་ཉམས་ཁྲིད་གནང་།།


༤ ཐེག་དགུའི་གྲུབ་མཐའ་སྤྱི་ཡི་གནད་སྟོན་པ། །

ཟབ་ཅིང་རྒྱ་ཆེའི་ལེགས་བཤད་བསྟན་བཅོས་དོན།།

ཡི༵ད་བཞི༵ན་མཛོ༵ད་རྩ་དགོངས་འགྲེལ་ཁྲིད་ཡིག་བཅས།།

ཐོས་བསམ་སྒོམ་པའི་ལམ་ནས་གསལ་བར་མཛད།།


༥ ནང་པའི་མདོ་སྔགས་གྲུབ་མཐའ་གསར་རྙིང་གི།།

བཞེད་སྲོལ་རྒྱ་ཆེར་བསྟན་པ་གྲུ༵བ་མཐ༵འ་མཛོ༵ད། 

ཕྱི་ནང་ཐུན་མོང་རྒྱུ་འབྲས་ཐེག་པ་ཡི། ། 

ལམ་གནད་སྤྱིར་བསྟན་སྒྲོ་འདོགས་རྣམ་པར་བཅད།།


༦གསང་བ་མན་ངག་སྡེ་རྒྱུད་བཅུ་བདུན་དང༌།།

བརྒྱ་དང་བཅུ་དགུ་བང་རིམ་རྩ་ལྔའི་བར།།

རྣམ་བཞག་རྒྱས་པར་བཤད་པ་ཐེ༵ག་མཆོ༵ག་མཛོ༵ད།།

གཞི་ལམ་འབྲས་བུའི་གསང་དོན་མ་སྦས་བསྟན།།


༧རྫོགས་ཆེན་སྔོན་འགྲོ་གང་ཟག་གང་རུང་གི།།

བསླབ་བྱ་གདམས་པ་འབྲས་བའི་ཆོས་རྣམས་ཀྱི།།

དོན་འདུས་སེམས་ལ་བཅིང་བའི་མ༵ན་ང༵ག་མཛོ༵ད།།

ཉམས་ལེན་གནད་རྣམས་དྲིལ་ནས་འགྲོ་ལ་སྤེལ།།


༨འོད་གསལ་རྡོ་རྗེ་རྩེ་མོའི་རང་ལུགས་ཀྱི།།

དམ་ཚིག་མདོ་ཆིངས་བཞི་དང་གནས་བཅུ་དྲུག།

རྩ་བ་ལེའུ་ལྔ་པ་གན༵ས་ལུ༵གས་མཛོ༵ད།།

དེ་དོན་ལྷུག་པོར་བརྗོད་པ་རྡོ་རྗེའི་མགུར།།


༩གདོད་ནས་རྣམ་དག་རང་བཞིན་རྫོགས་ཆེན་གྱི།།

ཡེ་སངས་རྒྱས་པའི་དགོངས་དོན་རྗེན་སྟོན་པ།།

ཆོ༵ས་དབྱི༵ངས་མཛོ༵ད་རྩ་ལེའུ་བཅུ་གསུམ་གྱི།།

ཁྲེགས་ཆོད་གདམས་པས་རིག་པ་ཆོས་སྐུར་བསྟན།།


༡༠མཁས་པའི་དབང་པོ་ཀློང་ཆེན་རབས་འབྱམས་ཀྱིས།།

རྒྱལ་བསྟན་སྤྱི་དང་སྔ་འགྱུར་རྙིང་མ་པའི།།

ལྟ་གྲུབ་གསལ་བར་སྟོན་པའི་མཛོད་བདུན་གྱི།།

དགོངས་དོན་ཇི་བཞིན་ཉམས་ལེན་སྙིང་པོར་གདམས།།


༡༡ཐེག་མཛོད་མཁན་ཆེན་ཐུབ་བསྟན་སྙན་གྲགས་དང་།།

གཞན་པའི་མཛོད་དྲུག་ཡོངས་འཛིན་རིན་པོ་ཆེ།།

འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་ཡིས།།

བརྒྱུད་པ་སངས་རྒྱས་དངོས་ལས་ཉེ་བརྒྱུད་ཡིན།།


༡༢ཀློང་ཆེན་མཛོད་བདུན་ཡོངས་སུ་རྫོགས་པ་འདི།།

ཐེངས་འདིར་ཐོབ་པའི་ཁྲིད་ལུང་རྒྱས་པ་དང་།།

སྒྲ་ཙམ་ཐོས་པའི་ལུང་གི་གོ་ཆོད་ཞེས།།

དཔལ་གྱི་མགུལ་ནས་རྡོ་རྗེའི་ཚིག་གིས་གསུང་།།


༡༣དབང་ལུང་མན་ངག་ཐོབ་པའི་གཏང་རག་ཏུ།།

བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་ཡི།།

ངག་འདོན་དབང་ཆོག་བྱིན་རླབས་དྲོད་འབར་བའི།།

སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་གནང་།།


༡༤དེ་ལྟར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཡིས།།

འགྲོ་ཀུན་རྗེས་སུ་འཛིན་པའི་བཀའ་དྲིན་ནི།།

སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་མིན་ཡང་།།

གདམས་ངག་ཟགས་སུ་མི་འཇུག་ཉམས་སུ་ལེན།།


༡༥མགོན་ཁྱེད་ཚེ་མཐའ་ཡས་པའི་ངོ་བོ་རུ།།

ཇི་སྲིད་འཁོར་བའི་གནས་འདི་མ་སྟོངས་བར།།

དེ་སྲིད་བསྟན་དང་འགྲོ་བའི་དཔུང་གཉེན་དུ།།

སྐུ་ཚེ་བརྟན་ཅིང་མཛད་འཕྲིན་མཐའ་རྒྱས་ཤོག།།


༡༦འགྱུར་མེད་སྐུ་ལ་མཚན་དཔེའི་གཟི་མདངས་རྒྱས།།

ཚངས་དབྱངས་གསུང་གི་ཆོས་སྒྲས་ས་གསུམ་ཁྱབ།།

བརྗོད་བྲལ་ཐུགས་ཀྱི་རྟོགས་པ་མཁའ་དང་མཉམ།།

ཁྱབ་བདག་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག།


   ཅེས་ཕྱི་ལོ༢༠༢༥ཟླ༡༡ཚེས༧བོད་ཤིང་སྦྲུལ་ལོས་ཟླ༩ཚེས༡༧་བླ་གཟའ་སངས་སྐར་ཉིན་ཁྱབ་བདག་བླ་མ་རིན་པོ་ཆེ་སངས་རྒྱས་དངོས་ཀྱི་ཞལ་སྔ་ནས་ཀློང་ཆེན་མཛོད་བདུན་གྱི་ཆོས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་ཐོབ་པའི་སྐབས་སུ་ཁོང་གི་བཀའ་དྲིན་ནི་སངས་རྒྱས་ལས་ཀྱང་ལྷག་པ་དང་ཡོན་ཏན་སངས་རྒྱས་ཀུན་དང་མཉམ་པ་ཡིན་པའི་ངེས་ཤེས་སེམས་གཏིང་ནས་སྐྱེས་ཏེ་པདྨ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་པ་དགེ་བར་གྱུར་ཅིག། །།


1513049960487174.jpg


༄། ༸ ཁྱབ་བདག་རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེ་ལགས་ཀྱི་ཁྱད་ཆོས་དགུང་སྔོན་དབྱིངས་ཀྱི་འབྲུག་སྒྲ་ཞེས་བྱ་བ།


རྩོམ་པ་པོ།  རིག་པའི་ཁུ་བྱུག  བླ་བྲང་།


སྟོད་ན་རབ་དཀར་གངས་རི་ཡིད་དུ་འོང་།།

བར་ན་ཚང་ཚིང་གཡུ་ལོའི་ལྗོན་བཟང་བརྗིད།།

འདབས་ན་ཐགས་བཟང་སྤང་ལྗོངས་ཡིད་འཕྲོག་པ།།

རྫོགས་ཆེན་གནས་འདི་ལྷ་ཡི་ཞིང་ཁམས་འདྲ།།


རབ་མཛེས་སྣ་ལྔའི་མེ་ཏོག་མགོ་ལྕོག་ལྡེམ།།

བུང་བ་ཕྱེ་ལེབ་སྒེག་པའི་གར་རྩེ་ཞིང་།།

གཉིས་སྐྱེས་མགྲིན་རྔ་ཐོས་འཛིན་དཔལ་དུ་འཇེབས།།

ཤྭ་རྐྱང་དགོ་བའི་རྩེ་འཇོ་ཅི་ཡང་བགྱིད།།


སྡིག་པའི་མཚན་མའི་མིང་ཡང་མི་གྲགས་ཤིང་།།

དགའ་བའི་དགེ་མཚན་འཛད་པ་མེད་པའི་གནས།།

དེ་ནི་འགྲོ་ཀུན་བརྩེ་བས་དམ་འཁྱུད་པ།།

ཁྱབ་བདག་བླ་མའི་གདན་ས་རྫོགས་ཆེན་པ།།


ཁྱེད་ཀྱི་མཁྱེན་རབ་ནམ་མཁའི་དཀྱིལ་ལྟ་བུ།།

བརྩེ་ཆེན་རྟ་ལྗང་དབང་བོའི་རྗེས་སུ་འགྲོ།།

ནུས་པའི་འགྲོ་ཀུན་འདྲེན་པའི་སེམས་དཔའ་ཆེ།།

དུས་དང་རྣམ་པ་ཀུན་ཏུ་ཕྱག་བགྱིད་དོ།།


ཁྱེད་ཀྱི་གསུང་སྐད་དབྱར་རྔའི་དཔལ་ལ་འཁུ།།

དོན་ལྡན་ལེགས་བཤད་སྦྲང་ཆར་སིལ་མའི་རྒྱུན།།

བདག་ཅག་སྐལ་ལྡན་མདོངས་མཐའི་སྙིང་ལ་ནི།།

རབ་དགའི་དཔལ་ཡོན་སྩོལ་བ་ཐེངས་གཅིག་མིན།།


ལ་ལ་མདོ་ལ་མཁས་ཤིང་སྔགས་ལ་མིན།།

འགའ་ཞིག་སྔགས་ལ་རབ་མཁས་མདོ་ལ་མིན།།

ཁྱེད་ཀྱི་ཐུགས་ལ་མདོ་སྔགས་རིག་གནས་བཅས།།

མ་ལུས་ཀུན་མཁྱེན་སྙིང་ནས་གུས་ཕྱག་འཚལ།།


  གཡས་དཀོན་མཆོག་བསམ་གཏན་ནམ་མིང་གཞན་རིག་པའི་ཁུ་བྱུག་གིས་སྤོས་ལྡན་གྲོང་ཁྱེར་ནས་གུས་ཕུལ།


 2025 10 13 


བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ།


རྩོམ་པ་པོ།  ལྷག་པ་རྒྱལ།  གསེར་རྟ།



སྐུ་སྣང་སྟོང་གི་བྲོ་གར་ཡེར་རེ་བ།།

གསུང་དམ་ཆོས་ཀྱི་རང་སྒྲ་ལྷིང་ངེ་བ།།

ཐུགས་སྤྲོས་མེད་ཀྱི་འོད་གསལ་དྭངས་ངེ་བ།།

སྐུ་གསུམ་རང་ཆས་ཀྱི་ངོ་བོ་རྡོ་རྗེ་འཆང་།།


ནགས་ལྗོན་ཤིང་གིས་འཛུམ་པ་མེར་རེ་བ།།

བྱ་འདབ་ཆགས་བཟླས་བརྗོད་སྙན་ནེ་བ།།

གྲོགས་རི་དྭགས་ཀྱི་རྩེད་མཆོང་ཕྱལ་ལེ་བ།།

བྱིན་རླབས་རང་འཁྱིལ་གྱི་ཁང་བཟང་མཛེས་སྡུག་བཀྲ།།


མཇལ་བ་མི་ཚོགས་ཀྱི་སྤྲིན་དཔུང་འཇིགས་ཡེ་རེར།།

ཐར་འདོན་སྐལ་བཟང་གི་སློབ་ཚོགས་སྤྲོ་ཡ་ལེ།།

ཆོས་ཀྱི་རྔ་ཆེན་གྱི་གདངས་སྒྲ་སྙན་སིང་ངེ་།།

དད་གདུང་མོས་གུས་ཀྱིས་འཇའ་གུར་གཅིག་ཏུ་ཟླུམ།།


མཐའ་མེད་འཁོར་བ་ཡི་མཚོ་རྫིང་ནག་ངམ་མེེར།།

ཆོས་ཀྱི་གྲུ་ཆེན་ལ་མཉམ་འཛོམས་དགའ་ཡ་ལེ།།

སྨིན་བྱེད་དབང་ཆེན་གྱི་རྫོང་བ་ཡིད་ཚིམས་མེར།།

བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ལགས།།


གནས་བསྟོད་མེ་ལོང་མ།

                           རྩོམ་པ་པོ།  ལྷག་པ་རྒྱལ།          


ཉི་ཟླའི་འོད་ཁྱིམ་མདངས་རེ་གསལ།།

སྤྲིན་དཀར་རྔ་ཡབ་བྲེས་རེ་ལེགས། །

འཇའ་ཚོན་མུ་ཁྱུད་ལྷུན་རེ་སྟུག།

བཀྲ་ཤིས་དགེ་བའི་ལྟས་རེ་བཟང་།།


རབ་དཀར་གངས་རི་བརྗིད་རེ་ཆེ།།

ནགས་ཀྱི་དོ་ཤལ་ངོ་རེ་མཚར།།

མཚོ་དང་མཚེ་འུ་སྒྲོས་རེ་གཙང་།།

རང་བྱུང་སྤང་ཐང་ལྗོངས་རེ་ཡངས།།

ཤྭ་དང་ཤེ་འུས་གར་རེ་རྩེད། ། 

བྱ་དང་བྱེ་འུ་འཕུར་རེ་མྱུར།།

རི་སྐྱེས་སྲོག་ཆགས་བག་རེ་ཕེབ།།

དེ་འདུན་སྐྱེ་བོའི་སེམས་རེ་ཡག།

མ་བསྟར་མེ་ཏོག་ཕྲེང་རེ་འགྲིག།

མ་བཀྲོལ་ཕུ་ཆུའི་དབྱངས་རེ་སྙན།།

མ་བོས་སློབ་ཚོགས་རྒྱ་རེ་ཆེ།།

དགོན་དང་རི་ཁྲོད་བཀོད་རེ་ལེགས།།

བསྟན་འཛིན་ངང་མོའི་ཚོགས་རེ་འཕེལ།།

བཤད་སྒྲུབ་ཆོས་ཀྱིས་བསྐྱངས་རེ་ལེགས།།

ཆོས་ཀྱི་རྔ་ཆེན་བརྡུང་རེ་མཁས།།

བསྟན་པའི་རྒྱལ་མཚན་འཛིན་རེ་ཤེས།།

ཁྱབ་བདག་བླ་མ་བྱིན་རེ་ཆེ།།

ཀློང་ཆེན་མཛོད་བདུན་གཞུང་རེ་བཟང་།།

བདག་ཀྱང་བསོད་ནམས་དཔངས་རེ་མཐོ།།

སྐལ་བཟང་གདུལ་བྱ་ལས་རེ་དག།


༢༠༢༥-༨-༡༣    ཉིན་གཡུ་རྒྱལ་ཁང་ཚན་གྱི་རང་ཤག་ནས་བྲིས་པའོ། །


༈ ཁྱབ་བདག་རྫོགས་ཆེན་པ།


            རྩོམ་པ་པོ།  རྩེ་སྨྱུག་དཀར།  རྨ་ལྷོ།



བགྲེས་པའི་རྒུད་པ་མ་མཆིས་པའི། ། 

མི་ཤིགས་རྡོ་རྗེ་སྐུ་ལ་འདུད། ། 

བབ་ཅོལ་ངག་ཀྱལ་མི་མངའ་བའི། ། 

ཆོས་དབྱངས་ལྷུན་གྲུབ་གསུང་ལ་འདུད། ། 

རྟོག་བཏགས་འཁྲུལ་བ་མ་མཆིས་པའི། ། 

ཡེ་ཤེས་གཉུག་མའི་ཐུགས་ལ་འདུད། ། 

དེ་ལྟའི་སྐུ་གསུང་ཐུགས་མངའ་བའི། ། 

ངེས་གསང་རྫོགས་ཆེན་རྣལ་འབྱོར་བ། །


བགྲང་ཡས་ཐོས་པའི་རྒྱ་མཚོའི་གོས། ། 

གོམ་སྟབས་གཅིག་གིས་རྫོགས་པར་མཇལ། ། 

མཐའ་མེད་བསམ་པའི་ཆུ་གཏེར་འབུམ། ། 

ཧུབ་གཅིག་གིས་ནི་ལྷག་མེད་བཞེས། ། 

ཀློང་ཡངས་སྒོམ་པའི་ནམ་མཁའི་ཁྱོན། ། 

བཞུགས་སྟངས་གཅིག་གིས་ཁོངས་སུ་དྲངས། ། 

དེ་ལྟའི་ཐོས་བསམ་སྒོམ་མངའ་བའི། ། 

ཁྱབ་བདག་བླ་མ་རྫོགས་ཆེན་པ། ། 


ངོ་མཚར་སྟོང་གི་བརྗོད་པའི་ཚུལ། ། 

གཅིག་ཏུ་ཟླུམ་པར་འཆད་པས་རྒྱལ། ། 

འགྲན་གྱི་དོ་མེད་རིགས་པའི་དབལ། ། 

ཕྲ་མོ་ཡིས་ཀྱང་རྒོལ་ཀུན་འཇོམས། ། 

རིག་པའི་ཀློང་ལས་རྡོལ་བ་ཡི། །  

རིན་ཆེན་རྩོམ་རྣམས་ཐང་མར་བསྐྱིལ། ། 

དེ་ལྟའི་འཆད་རྩོད་རྩོམ་མངའ་བའི། ། 

ངེས་གསང་རྫོགས་ཆེན་རྣལ་འབྱོར་བ། །


རིམ་དགུའི་ཐེག་པ་མ་ལུས་པའི། ། 

རང་ལུགས་གནད་ཀུན་འབྱིན་པར་མཁས། ། 

བསླབ་པའི་འགལ་མཚམས་ཕྲ་མོ་ཡང་། ། 

མིག་བཞིན་གཅེས་པར་སྲུང་བས་བཙུན། ། 

རིང་ནས་རྣམ་ཀུན་མཇལ་བ་ལ། ། 

ཞི་འཛུམ་འགྱུར་བ་མེད་པས་བཟང་། ། 

དེ་ལྟའི་མཁས་བཙུན་བཟང་མངའ་བའི། ། 

ཁྱབ་བདག་བླ་མ་རྫོགས་ཆེན་པ། ། 


ཞེས་བོད་ཤིང་མོ་སྦྲུལ་ལོར་ ༧ ཁྱབ་བདག་བླ་མ་རིན་པོ་ཆེ་མཆོག་གིས་ཀློང་ཆེན་མཛོད་ཆེན་བདུན་གྱི་ཁྲིད་ལུང་གདམས་པ་ཟབ་མོ་གནང་བའི་སྐབས་ཏེ་2025.11.5 ཉིན་རྫོགས་ཆེན་པདྨ་ཐང་ནས་བྲིས་པའོ། །


༄༅། །དད་གསུམ་ལྡོག་མེད་རང་སྒྲ་སྙན་ཚིག་མུ་ཏིག་འཕྱང་འཕྲུལ།




རྩོམ་པ་པོ།  རང་མདངས།  དཔལ་ཡུལ།



ལྷ་མཆོག་མ་ཧཱ་གུ་རུའི་ཐུགས་རྗེ་ཡིས་ཉེར་བསྐྲུན།

རུ་དམ་ཆོས་ཀྱི་འབྱུང་གནས་བདེ་ཆེན་གྱི་ཞིང་ས།

ངོ་མཚར་མཚན་དཔེའི་མེ་ཏོག་ལྷུག་པོ་རུ་གྲོལ་བའི།  

ཡིད་འཕྲོག་དང་བ་འདྲེན་པའི་ཁྱབ་བདག་པར་འདུད་དོ།


ཡ་མཚན་མཚན་དཔེའི་ལང་ཚོ་མངོན་སུམ་དུ་གསལ་ཞིང་།  

ཞལ་གསུང་ཆོས་ཀྱི་སྒྲ་དབྱངས་ལྷང་ངེ་རུ་འཇེབས་དུས།  

བུ་ང་ཁྱེད་ཞབས་རེག་པའི་སྐལ་བཟང་གི་བསོད་ནམས།  

ཚེ་རབས་བརྒྱ་ཕྲག་བགྱིས་པའི་དགེ་རྩ་ཡིས་མི་མཚོན།  


གནམ་སའི་ཁྱོན་ཡངས་སྒུལ་འདྲའི་མཚན་སྙན་གྱིས་གྲགས་ཤིང་།

མཁས་རློམ་བརྒྱ་ཕྲག་བགྱིས་ཀྱང་ཁྱེད་ཉིད་ཀྱི་མཚན་དཔེའི།

ཡོན་ཏན་ཅུང་ཟད་ཙམ་ཡང་འགྲན་པ་ལ་ངལ་བས།

སེམས་ཀྱི་ཡིད་བཞིན་ནོར་བུ་ཁྱེད་རང་ལས་ལྷག་མེད།


བླ་མའི་ཞལ་རས་ཟླ་དཀར་འོད་སྣང་གི་བྱིན་མཐུས།

དད་གུས་ལྟེམ་རྐྱང་མེད་པའི་མེ་ཏོག་གི་ལང་ཚོ།

དད་པའི་མིག་ཆུ་འཁྲུགས་པའི་བརྗོད་བྲལ་གྱི་ཚོར་དུས།  

བླ་མ་ལྷ་བས་ལྷག་པའི་དད་འདུན་དེ་ཆེ་བྱུང་།


ཤེས་བྱའི་རྒྱུ་སྐར་བཀྲ་བའི་ལྔ་ཟུང་གི་དགའ་ཚལ།

བརྩོན་འགྲུས་ཆེན་པོས་བསྐྱལ་བའི་ཕུལ་བྱུང་གི་སློབ་མས།

མི་ཚེའི་འདུན་མ་འགྲིག་པའི་སྤོབས་པ་དེ་མེད་ཀྱང་།

ཁྱབ་བདག་བླ་མ་མཇལ་བའི་སྐལ་བཟང་འདིས་ཚིམས་ཡོད།


ཡར་གིའི་དབེན་པར་སྒྲུབ་པའི་རྣལ་འབྱོར་ཞིག་ཡོད་སྐད།

མར་ཀིའི་ན་རག་སྐྱོབ་པའི་སངས་རྒྱས་ཤིག་མཐོང་སྐད།

མཐོང་ཐོས་དྲན་པའི་ཡུལ་ལ་བཙན་དད་རེ་བཅུག་ཀྱང་།

བདག་ནི་སྐྱེས་ཆེན་ཁྱེད་ལས་རེ་ས་དེ་མི་བྱེད།


སྐུ་ཡི་ཟུར་ཙམ་བརྗོད་ལ་ཚིག་ཚོགས་ཀྱིས་མི་མཚོན།

གསུང་གི་ཆེ་བ་བརྗོད་ལ་འཛད་མཐའ་ཞིག་མེད་ན།

ཐུགས་ཀྱི་གསང་གནད་དཀྲོལ་ལ་ངལ་བ་དེ་སྨྲོས་ཅི།

དེ་ཕྱིར་སྐུ་གསུང་ཐུགས་ལ་ལྡོག་མེད་ཀྱིས་དད་དོ།


རི་མོར་མཁས་པས་མ་བྲིས་རང་ཞལ་གྱི་འཛུམ་མདངས།

བཟོ་བོར་མཁས་པས་མ་བྱས་ཁྱེད་སྐུ་ཡི་བརྗིད་ཉམས།

རོལ་མོར་མཁས་པས་མ་སྒྲིག་ཁྱེད་གསུང་གི་ཆེ་བ།

སྙན་ཚིག་མཁས་པས་མ་བཅོས་རང་བཞིན་གྱི་ལང་ཚོ།


དྲན་པའི་ལོ་ཟླ་མི་གླེང་བག་མེད་ཀྱིས་རྫོགས་ཤིང་།

འདས་ཟིན་བྱས་པ་མི་གླེང་ཁྲེལ་མེད་ཀྱིས་རྫོགས་ཀྱང་།  

གསང་གསུམ་ཡོན་ཏན་བསྡུས་པའི་རྣལ་འབྱོར་པ་ཆེན་པོར།

དུས་ཀུན་རོལ་བའི་ནོམ་པས་ཞེ་འགྱོད་ཅིག་མི་འདུག


ཤར་ཟླའི་འཛུམ་དཀར་དེ་ཡིས་དང་བ་རང་འདྲེན་ལ།

ནང་སེམས་སྐྱོ་བའི་ངལ་དུབ་ཞིབ་མོ་རུ་གཏོང་བའི།

འདྲེན་མཆོག་ཁྱབ་བདག་བླ་མའི་སྐུ་བརྗིད་ཀྱི་ཟུར་ཙམ།

མཇལ་བའི་སྐལ་བཟང་འདིས་ཀྱང་བདག་སེམས་ནི་མགུ་ཡོད།


ཀ་དག་འོད་གསལ་གདིང་ལ་མཉམ་བཞག་གིས་རོལ་མཁན།

ཡེ་གྲོལ་གདོད་མའི་གཤིས་ལ་གཟིགས་སྟངས་དེ་མཛད་མཁན།

མ་གྲོལ་འགྲོ་བའི་དོན་ལ་ཐབས་ཤེས་ཀྱིས་སྐྱོབ་མཁན།

སློབ་དཔོན་སངས་རྒྱས་གཉིས་པའི་མཛད་པ་ལ་རོལ་མཁན།  


རིས་མེད་བསྟན་པའི་འཁོར་ལོ་ཁྱེད་ཉིད་ཀྱིས་བསྐོར་ཞིང་།

ཕྱོགས་མེད་འགྲོ་བའི་དོན་སྒྲུབ་ཁྱེད་ཉིད་ཀྱིས་མཛད་ལ།

ཤེས་མེད་བློ་ཡི་གཏེར་ཁ་ཁྱེད་ཉིད་ཀྱིས་འབྱེད་པས།

ས་འདིའི་མཁས་པའི་སྙན་པ་ཁྱེད་ཉིད་ཙམ་ཐོབ་འོས།


གཟུར་གནས་བློ་གྲོས་མིག་སྒོ་མཁའ་དབྱིངས་ལ་ཅེར་བཞིན།

ཐུགས་བརྩེའི་ཉིན་བྱེད་འོད་དཀར་ཕྱོགས་མེད་དུ་གཟིགས་པའི།

རུ་དམ་དྲང་སྲོང་ཆེན་པོ་ཁྱབ་བདག་གི་བླ་མར།

སྒོ་གསུམ་གུས་པས་མི་འདུད་རང་དབང་ནི་ཅི་ཞིག


ང་ཁྱོད་མཚན་མའི་དྲུང་ན་གུད་གུད་དུ་རྒྱུ་ཞིང་།

ཡོད་ཡོད་ཆོས་ཀུན་རྙེད་པའི་བདེན་སྣང་དུ་རློམ་མཁན།

སྐྱབས་མེད་སྐྱབས་ཀྱི་དྭངས་མར་ཁྱེད་ཉིད་ཙམ་བཞུགས་ནས།

ཕན་བདེའི་དགེ་ལེགས་སྟོང་གི་བྱིན་རློབས་ཤིག་ཞུའོ།


འདིས་མཚོན་དུས་གསུམ་བསགས་པའི་རྣམ་དཀར་གྱི་དགེ་འབྲས།

གསང་གསུམ་ཡོན་ཏན་དཔལ་ལ་མཁྱེན་རྒྱ་རང་ཡངས་པའི།

ཡེ་གསང་རྫོགས་པ་ཆེན་པོའི་ཉམས་གླུ་དེ་ལེན་མཁན།

ཡང་ཡང་མཇལ་བའི་དོད་དུ་སྙན་ཚིག་འདི་ཕུལ་ལོ།


ནང་སེམས་ཚིག་གིས་མཚོན་པའི་ཀ་ཁ་ཡི་མགུར་མ།

རྩོམ་རིག་སྨྲ་བའི་ཡུལ་ན་སྙན་འཇེབས་ཤིག་མིན་རུང་།

བདག་སེམས་དད་པའི་མེ་ཏོག་རང་བྱུང་གི་མཛེས་པ།

ཕྱག་ཟུང་སོར་རྩེའི་བར་ནས་ཡིད་འོང་གིས་བཀྲམ་ཡོད།



ཅེས་དད་གུས་ལྟེམ་རྐྱང་མེད་པའི་བཀྲ་མིང་པས་༢༠༢༥ ལོར་སྟོན་མཇུག་དེར་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་མཇལ་བའི་མྱོང་སྣང་ཡིག་གཟུགས་སུ་བཏབས་པའོ།


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།