དཔལ་སྤྲུལ་རིན་པོ་ཆེའི་བཀའ་འབུམ་གསར་རྙེད་ཁ་བསྣོན་བཅས་དག་ཞུས་བསྡུ་བསྒྲིགས་དཔེ་བསྐྲུན་འགྲེམ་སྤེལ་བྱས་པ།

WechatIMG531.jpeg

ཀ་དག་དབྱིངས་སུ་ཆོས་སྐུའི་དགོངས་པ་བརྙེས། །ལྷུན་གྲུབ་ངང་ནས་གཟུགས་སྐུའི་བཀོད་པ་བསྡུས། ། ཁ་བའི་ལྗོངས་འདིར་སྤྲུལ་བའི་རོལ་གར་ཅན། །སྐུ་གསུམ་བླ་མ་སྤྱི་བོའི་རྒྱན་དུ་མཆོད། །གངས་ལྗོངས་དམུ་རྒོད་རྒྱུ་བའི་ཐ་བ་རུ། །ཞི་བསིལ་བདུད་རྩིའི་གྲུ་ཆར་སྟོང་འཇོ་བས། །བྱམས་དང་བརྩེ་བའི་འབྲུ་དྲུག་ཡོངས་སྨིན་ཏེ། །གངས་ཅན་པ་ཞེས་སྨོན་པའི་ཡུལ་དུ་བསྒྲེངས། །བསླབ་གསུམ་རྣམ་པར་དག་པའི་དྲི་བསུང་དང་། །ལུང་རིགས་རྐང་དྲུག་དགྱེས་པའི་གླུ་དབྱངས་ཀྱིས། །ཁ་བའི་ལྗོངས་ཀྱི་རི་ལུང་ཡོངས་བཀང་ནས། །སྙན་པའི་གྲགས་པ་ད་དུང་སྲིད་ན་མཐོ། །ཞེས་མཆོད་པར་བརྗོད་པའི་མེ་ཏོག་གི་ཆུན་པོས་སྔོན་བསུས་ཏེ་སྐབས་སུ་གླེང་བར་བྱ་བ་ནི། དེ་ཡང་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོས་བཀའ་འཁོར་ལོ་རིན་པོ་ཆེ་རྣམ་པ་གསུམ་བསྐོར་ཞིང་། རྗེས་འཇུག་གི་པཎ་གྲུབ་རྣམས་ཀྱིས་གསལ་བར་བཀྲལ་བའི་ལེགས་བཤད་ཚང་ལ་མ་ནོར་བ་ཁ་བ་གངས་རིའི་ལྗོངས་སུ་མཁན་སློབ་ཉི་ཟླ་སྐར་གསུམ་གྱིས་གདན་དྲངས་ཏེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ། སྤྲུལ་བའི་ལོ་པཎ་དུ་མས་འཆད་རྩོད་རྩོམ་གསུམ་དང་བཤད་སྒྲུབ་ལས་གསུམ་ལ་བརྟེན་ནས་ཞི་བསིལ་བདུད་རྩིའི་བསྟན་པ་གངས་རིའི་ལྗོངས་སུ་དར་འཇམ་ཡུག་གཅིག་ཏུ་བརྡལ་བའི་ཁྲོད་དུ། དམ་པའི་ཚུལ་དགུའི་ཡོན་ཏན་གྱིས་ཕྱུག་ཅིང་ཆོས་བརྒྱད་ཀྱི་འཛིན་འཁྲིས་རྒྱང་རིང་དུ་སྤྲད་དེ་བྱ་བཏང་གི་མཛད་པས་གདུལ་བྱ་སྐྱོང་བ་ལ་ཐུགས་སྟོབས་རྨད་དུ་བྱུང་བའི་ས་ཐོབ་ཀྱི་སེམས་དཔའ་ཆེན་པོ། ས་དགེ་བཀའ་རྙིང་གི་མཁས་གྲུབ་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བའི་དྲི་བསུང་གིས་ས་ཆེན་གོ་ལ་ཡོངས་སུ་གང་བ། དོན་གྱི་སླད་དུ་མཚན་ནས་སྨྲོས་ན་རྫོགས་ཆེན་དཔལ་དགེ་སྤྲུལ་སྐུའམ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་སྙན་གྱི་གྲགས་པ་དཀར་བོ་འཛམ་གླིང་འཛིན་མའི་ཁྱོན་དུ་ཤོང་དཀའ་བ་གང་ཉིད་ཀྱིས་མཛད་པའི་བསྟན་བཅོས་ལ། ཐུན་མོང་གི་རིག་གནས་སྙན་ངག་མངོན་བརྗོད་སྐར་རྩིས་སོགས་ནས་ཐུན་མིན་ནང་རྒྱུད་སྡེ་གསུམ་གྱི་ལྟ་སྒོམ་སྤྱོད་པའི་བར་ཚང་ལ་མ་ནོར་བ་རིགས་ལམ་སེངྒེའི་སྒྲ་ཆེན་པོས་ཐེ་ཚོམ་གྱི་མདུད་བརྒྱ་དུས་གཅིག་ཏུ་འགྲོལ་བའི་གཞུང་བཟང། ཉན་ན་གོ་སླ་ཞིང་དཔྱད་ན་གཏིང་ཟབ་པ། དྲེགས་ལྡན་གྱི་ཁེངས་པ་བསྙིལ་ཅིང་། དཔྱོད་ལྡན་གྱི་སྤོབས་པ་འདེགས་པའི་ལེགས་བཤད། དད་ལྡན་ལ་དང་བ་འདྲེན་པའི་བསླབ་བྱ། སྐལ་ལྡན་ལ་ཐར་ལམ་བགྲོད་པའི་མན་ངག །ཉེས་ཅན་གྱི་མཚང་ནས་བརྟོལ་བའི་གདམས་ངག་སོགས་ཆོས་ཚན་ཆོས་སྐུའི་རིང་བསྲེལ་ཆེན་པོ་ཕྱི་རབས་ཀྱི་བགོ་སྐལ་དུ་བཞག་པ་རྣམས་ནི། མཆོག་ཉིད་ཀྱི་ཞལ་ནས། ལེགས་བཤད་ཡིག་གཟུགས་བཟོ་ཡི་སྤྲུལ་སྐུ་སྟེ། །དད་པའི་གསོས་སུ་འདི་ལས་ལྷག་པ་མེད། །གསུངས་པ་ལྟར་རིན་ཐང་བརྗོད་དུ་བྲལ་བའི་ཆོས་ཕུང་དག །ད་ལམ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་པར་རྙིང་མ་ཕྱིར་བཟུང་སྟེ་ཕྱོགས་སོ་སོའི་དགོན་སྡེ་ཁག་གིས་སྔར་ཤིང་པར་དུ་བཏབ་པའི་དཔེ་རྙིང་རྣམས་དང་། ཕྱིས་སུ་ཁོ་བོས་བསྡུ་བསྒྲིགས་ཀྱི་འགན་ཁུར་ཏེ་འཕྲུལ་པར་དུ་བཏབ་ནས་དེབ་གཟུགས་སུ་བསྐྲུན་པ་ཁ་ཤས་ཡོད་པ་རྣམས་གཞིར་བཞག་བྱས་ནས། 

WechatIMG532.jpeg

ཉེ་བའི་ཆར་ར་ཉག་དཔལ་སྤྲུལ་རིན་པོ་ཆེས་སྔ་ཕྱིར་ཆེད་འགན་བཞེས་ཤིང་མཐུན་རྐྱེན་བསྒྲུབས་པ་དང་བསྟུན། རྒྱལ་ཕྱི་ནང་ནས་འཚོལ་བསྡུ་བྱས་པའི་མ་ཕྱི་གསར་རྙིང་རྣམས་དང་བསྡུར་ནས་གོང་འོག་འཁྲུགས་པ་རྣམས་བསྡེབས་པ་དང་འཐོར་བ་རྣམས་བསྡུས་ཏེ་སྤྱི་ལོ་༢༠༡༥ལོར་ཐོག་མར་ཞུ་དག་གི་མགོ་བཙུགས། རྗེས་སུ་མུ་མཐུད་དེ་ཞུ་དག་པ་སློབ་དཔོན་བྱམས་པ་ནོར་རྒྱལ་དང་ཚེ་རིང་མགོན་པོ་གཉིས་ཀྱིས་གཙོར་མཛད་དེ་ཞུས་དག་མཐར་ཆགས་སུ་མཛད། སྤྱི་ལོ་༢༠༡༨ལོར་རྒྱ་ནག་ཧྲིན་ཏྲིན་ནས་མཁན་སྤྲུལ་མི་ཉུང་བ་ཞིག་ལ་ཁྲིད་ལུང་འབུལ་སྐབས་དང་བསྟུན་ཏེ། སྐྱབས་རྗེ་༧རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གཙོས་ལུགས་གཉིས་དཔྱོད་པའི་རྣམ་དཔྱོད་མཁའ་ལྟར་ཡངས་པའི་མཁན་སྤྲུལ་རྣམ་པས་སླར་ཡང་བསྲེག་བཅད་བརྡར་བའི་དཔེ་བཞིན་དུ་ནོར་བཅོས་གནང་བ་དང་། རྩིས་འཕྲུལ་པ་བདེ་ཆེན་རྣམ་གྲོལ་སོགས་ཀྱིས་ཡུན་རིང་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ནས་ལྷག་བསམ་རྡོ་ལ་བརྐོས་པའི་རི་མོའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག །

WechatIMG536.jpeg

ད་ལམ་དཔེ་གཟུགས་དང་དེབ་གཟུགས་འཕྲུལ་དེབ་བཅས་གང་ལ་གང་དགོས་སུ་བསྐྲུན་ཏེ་མངོན་སུམ་མིག་གི་བདུད་རྩིར་སྨིན་པ་འདི་ལ་ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་ནི། ༡ གངས་རིའི་ཁྲོད་ཀྱི་སྨྲ་བའི་དབང་ཕྱུག་ཆེན་པོ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་དཀར་ཆག་གཞིར་བཞག་ལྟར་བསྒྲིགས་པ་དང་། ༢ ད་ལྟའི་བར་ལོ་རབས་མང་པོའི་ནང་དུ་ཤིང་པར་དང་འཕྲུལ་པར་དུ་བཏབ་པ་རྣམས་ལས་འཁྲུགས་པ་རྣམས་བསྡེབས་པ་དང་འཐོར་བ་རྣམས་བསྡུས་ཏེ་ཚད་ལྡན་དུ་བཀོད་པ། ༣ ས་བཅད་རྣམས་སུ་སོགས་ཁོངས་ནང་དུ་བསྡུས་པ་དག་རྩ་ཚིག་གིས་ཁ་བསྐངས་པ་དང་། ༤ མི་ཕམ་དཀར་ཆག་ཏུ་མ་འཁོད་པ་དང་གསར་དུ་ཐོབ་པའི་ཆོས་ཚན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་གླེགས་བམ་དུ་བཀོད་པ། ༥ གཞན་ཡང་ཞལ་སློབ་རྣམས་ཀྱིས་གསུང་སྒྲོས་མཆན་དུ་བཏབ་པ་གླེགས་བམ་གྱི་ཁ་སྐོང་དུ་བཞག་པ། ༦ ཉེ་བའི་ཆར་བསྟན་པ་ཡང་དར་གྱི་སྐབས་འདིར་གླེགས་བམ་དུ་བཀོད་པའི་པར་གཞི་ཐོག་མ་ཡིན་པ་བཅས་སྔར་ལས་ཁྱད་ཆོས་དུ་མས་འབུར་དུ་ཐོན་པའི་དཔེ་སྐྲུན་གླེགས་བམ་ཐེག་པ་རིམ་པ་དགུའི་གྲངས་ཀྱིས་མཚོན་པ་ཞིག་ལེགས་འགྲུབ་བྱུང་བ་འདིས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དང་། ལྷག་བསམ་དང་རྣམ་དཔྱོད་ཀྱིས་ཕྱུག་པའི་མཁས་དབང་རྣམ་པའི་ཐུགས་དགོངས་ཡོངས་སུ་རྫོགས་ཏེ་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་གྱིས་ས་ཆེན་པོའི་ཁྱོན་ཡོངས་སུ་གཏམས་ཤིང་འཆད་ཉན་གྱི་སྒྲ་དབྱངས་ཆེན་པོས་སྲིད་པ་ཧྲིལ་པོར་བྱེད་པར་གྱུར་ཅིག །ཡུན་རིང་དུབ་པའི་འཕྲང་ལས་དབུགས་འབྱིན་པའི། །ལེགས་བཤད་རིན་ཆེན་འདྲེན་པའི་གྲུ་གཟིངས་འདི། །སྲིད་མཐའི་བར་དུ་མི་ཉམས་རྟག་བརྟན་ཅིང་། །འགྲོ་ཀུན་སྲིད་པའི་མཚོ་ལས་བགྲོད་གྱུར་ཅིག །བོད་རབ་གནས་ཀུན་ལྡན་ལོའི་སྤྲེལ་ཟླའི་ཡར་ཚེས་ལ་ཐུབ་བསྟན་ཉི་མས་སྦྱར་བའོ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།