༄༅། །རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པའི་གསོལ་འདེབས་ཞལ་སྐོང་མ་བཞུགས་སོ།།

ན་མོ་གུ་རུ་དངོས་མེད་མཐའ་བྲལ་ཀ་དག་ཆོས་ཀྱི་སྐུ། །རང་རིག་གསལ་སྟོང་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཀུན་ཁྱབ་སྣ་ཚོགས་ཤར་གྲོལ་སྤྲུལ་བའི་སྐུ། །དུས་གསུམ་རང་རིག་བླ་མ་རྣམས་ལ་འདུད། །དམིགས་མེད་ཆོས་དབྱིངས་དག་པའི་ཕོ་བྲང་ནས། །ཀུན་བཟང་ཡབ་ཡུམ་གཉིས་ལ་གསོལ་བ་འདེབས། །ངོ་བོ་ཀ་དག་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རང་གསལ་འོད་ཀྱི་ཕོ་བྲང་ནས། །ལོངས་སྐུ་ཞི་ཁྲོའི་ཚོགས་ལ་གསོལ་བ་འདེབས། །སྣང་སེམས་འཛིན་པ་སྟོང་བར་བྱིན་གྱིས་རློབས། །དུར་ཁྲོད་མེ་རི་འབར་བའི་ཕོ་བྲང་ནས། །དགའ་རབ་རྡོ་རྗེ་ཉིད་ལ་གསོལ་བ་འདེབས། །ཆོས་ཉིད་དོན་དང་ལྡན་པར་བྱིན་གྱིས་རློབས། །དུར་ཁྲོད་སོ་ས་གླིང་གི་ཕོ་བྲང་ནས། །ཤྲཱི་སེངྷ་ཉིད་ལ་གསོལ་བ་འདེབས། །བདེ་ཆེན་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །པདྨ་འོད་ཀྱི་གཞལ་ཡས་ཕོ་བྲང་ནས། །ཨོ་རྒྱན་པདྨ་ཡབ་ཡུམ་ལ་གསོལ་བ་འདེབས། །འབད་མེད་གཞན་དོན་འབྱུང་བར་བྱིན་གྱིས་རློབས། །བསོད་ནམས་ལས་འཕྲོ་ལྡན་པའི་ཕོ་བྲང་ནས། །གཏེར་སྟོན་ལས་འབྲེལ་རྩལ་ལ་གསོལ་བ་འདེབས། །ཟབ་གསང་དངོས་གྲུབ་འབྱུང་བར་བྱིན་གྱིས་རློབས། །ཡེ་གནས་སངས་རྒྱས་ཆོས་སྐུའི་ཕོ་བྲང་ནས། །ཀློང་ཆེན་རབ་འབྱམས་བཟང་པོ་ལ་གསོལ་བ་འདེབས། །འོད་གསལ་སྙིང་པོའི་དོན་རྟོགས་བྱིན་གྱིས་རློབས། །སྣང་སྟོང་འོད་དུ་འབར་བའི་ཕོ་བྲང་ནས། །ཡེ་ཤེས་རབ་འབྱམས་ཉིད་ལ་གསོལ་བ་འདེབས། །སྣང་གཞི་གོང་དུ་བགྲོད་པར་བྱིནགྱིས་རློབས། །ཡང་དབེན་ཏིང་འཛིན་བརྟན་པའི་ཕོ་བྲང་དུ། །མཁས་གྲུབ་བསམ་གཏན་པ་ལ་གསོལ་བ་འདེབས། །སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །བྱར་མེད་བདེ་ཆེན་ལྷུན་གྲུབ་ཕོ་བྲང་དུ། །གྲུབ་ཆེན་སྦྱིན་པ་བཟང་པོ་ལ་གསོལ་བ་འདེབས། །གནས་ལུགས་མངོན་དུ་རྟོགས་པར་བྱིན་གྱིས་རློབས། །འགྱུར་མེད་བསྟན་པ་རིན་ཆེན་ཕོ་བྲང་དུ། །རྫོགས་ཆེན་ཤཱཀྱའི་མཚན་ལ་གསོལ་བ་འདེབས། །གསལ་སྟོང་མངོན་དུ་གྱུར་པ་བྱིན་གྱིས་རློབས། །ཚོགས་གཉིས་ནོར་བུ་སྤུངས་པའི་ཕོ་བྲང་དུ། །བསོད་ནམས་རིན་ཆེན་ཞབས་ལ་གསོལ་བ་འདེབས། །འོད་གསལ་རྫོགས་ཆེན་འབྱུང་བར་བྱིན་གྱིས་རློབས། །བྱ་ཁྱུང་གསང་སྔགས་ལྷུན་གྲུབ་ཕོ་བྲང་དུ། །ངག་དབང་པདྨ་ཉིད་ལ་གསོལ་བ་འདེབས། །གསང་སྔགས་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཡང་གསང་སྒྲུབ་པ་མཐའ་ཕྱིན་ཕོ་བྲང་ནས། །རྫོགས་ཆེན་བསོད་ནམས་དབང་པོ་ལ་གསོལ་བ་འདེབས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྣམ་ཀུན་ཟག་མེད་བདེ་ཆེན་ཕོ་བྲང་དུ། །རིག་འཛིན་ཆོས་ཀྱི་རྒྱ་མཚོ་ལ་གསོལ་བ་འདེབས། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །ཆོས་དབྱིངས་ཁྱབ་གདལ་ལྷུན་གྲུབ་ཕོ་བྲང་ནས། །གྲུབ་ཐོབ་པདྨ་རིག་འཛིན་ལ་གསོལ་བ་འདེབས། །ཀ་དག་ཡེ་གྲོལ་རྟོགས་པར་བྱིན་གྱིས་རློབས། །གར་བཞུགས་ཆོས་འཁོར་བསྐོར་བའི་ཕོ་བྲང་ནས། །འདྲེན་མཆོག་ནམ་མཁའ་འོད་གསལ་ལ་གསོལ་བ་འདེབས། །རང་རིག་བླ་མར་རྟོགས་པར་བྱིན་གྱིས་རློབས། །  ༈ བཀའ་གཏེར་རྒྱུད་སྡེ་རྒྱ་མཚོའི་ཕོ་བྲང་ནས། །ཁྱབ་བདག་ཐེག་མཆོག་བསྟན་འཛིན་ལ་གསོལ་བ་འདེབས། །སྨིན་གྲོལ་གཞན་དོན་འབྱུང་བར་བྱིན་གྱིས་རློབས། །ཨོ་རྒྱན་བསམ་གཏན་གླིང་གི་ཕོ་བྲང་ནས། །སྤྲུལ་སྐུ་གསང་སྔགས་བསྟན་འཛིན་ལ་གསོལ་བ་འདེབས། །ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །   ཡང་ན་ནམ་མཁའ་འོད་གསལ་ནས་འདི་ལྟར་བརྒྱུད།  ༈ གསང་ཆེན་སྨིན་གྲོལ་ཆོས་ཀྱི་ཕོ་བྲང་ནས། །པདྨ་ཀུན་གྲོལ་རྣམ་རྒྱལ་ལ་གསོལ་བ་འདེབས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཟབ་རྒྱས་བཀའ་གཏེར་གདམས་པའི་ཆོས་མཛོད་ནས། །འཇིགས་མེད་པདྨ་རྣམ་རྒྱལ་ལ་གསོལ་བ་འདེབས། །བློ་འདས་རང་རིག་རྟོགས་པར་བྱིན་གྱིས་རློབས། ། ༈ གཟུང་འཛིན་འཁྲུལ་བ་ཞིག་པའི་ཕོ་བྲང་ནས། །མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གསོལ་བ་འདེབས། །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །འོད་གསལ་ཐེག་མཆོག་གླིང་གི་ཕོ་བྲང་ནས། །པདྨ་བཛྲ་རྩལ་ལ་གསོལ་བ་འདེབས། །བསྐྱེད་རྫོགས་ལྟ་དགོངས་ལྡན་པར་བྱིན་གྱིས་རློབས། །ཡང་དབེན་ནམ་མཁའ་རྫོང་གི་ཕོ་བྲང་ནས། །ཆོས་དབྱིངས་རོལ་བའི་རྡོ་རྗེ་ལ་གསོལ་བ་འདེབས། །ཀ་དག་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །གསང་ཆེན་བཀའ་གཏེར་བསྟན་པའི་ཕོ་བྲང་ནས། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་གསོལ་བ་འདེབས། །གཞན་དོན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕོ་བྲང་ནས། །མཁས་མཆོག་གཞན་ཕན་སྣང་བ་ལ་གསོལ་བ་འདེབས། །ངེས་དོན་སྙིང་པོ་རྟོགས་པར་བྱིན་གྱིས་རློབས། །འཇིགས་བྱེད་དུས་སྒྲའི་དབང་པོའི་ཕོ་བྲང་ནས། །པདྨ་ཐེག་མཆོག་བློ་ལྡན་ལ་གསོལ་བ་འདེབས། །སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཁྱབ་བརྡལ་ཀློང་ཡངས་ཆེན་པོའི་ཕོ་བྲང་ནས། །འཇིགས་མེད་ཡོན་ཏན་མགོན་པོ་ལ་གསོལ་བ་འདེབས། །ཟབ་དོན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །བྱར་མེད་ངེས་དོན་སྙིང་པོའི་ཕོ་བྲང་ནས། །རྟོགས་ལྡན་བློ་གྲོས་རྒྱ་མཚོ་ལ་གསོལ་བ་འདེབས། །རྫོགས་ཆེན་ལྟ་དགོངས་ལྡན་པར་བྱིན་གྱིས་རློབས། །འོད་གསལ་ཐེག་མཆོག་སྙིང་པོའི་ཕོ་བྲང་ནས། །མཁས་གྲུབ་པདྨ་སྐལ་བཟང་ལ་གསོལ་བ་འདེབས། །དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །ངེས་དོན་ཟབ་གསང་སྙིང་པོའི་ཕོ་བྲང་ནས། །དུས་གསུམ་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །འཁོར་འདས་རང་གྲོལ་རྟོགས་པར་བྱིན་གྱིས་རློབས། །སྤྱི་གཙུག་འཇའ་འོད་འབར་བའི་ཕོ་བྲང་ནས། །རྩ་བའི་བླ་མ་རྗེ་ལ་གསོལ་བ་འདེབས། །རྫོགས་ཆེན་ཆོས་ཉིད་རྟོགས་པར་བྱིན་གྱིས་རློབས། །རང་ལུས་རྣམ་པར་དག་པའི་ཕོ་བྲང་ནས། །ཞི་ཁྲོ་ཌཱཀྐིའི་ཚོགས་ལ་གསོལ་བ་འདེབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །གཏེར་གནས་ཕྲ་མོ་བྲག་གི་ཕོ་བྲང་ནས། །མཁའ་འགྲོ་སྙིང་ཐིག་ཉིད་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་དུ་འགྲུབ་པར་བྱིན་གྱིས་རློབས། །     

རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པའི་གསོལ་འདེབས་འདི་བཞིན་པདྨ་ལས་འབྲེལ་རྩལ་གྱིས་ཟབ་ཆོས་གཏེར་གནས་ནས་སྤྱན་དྲངས་བའི་སྐབས་སུ་མཛད་པ་པ་ལ་རིམ་གྱིས་ཁ་སྐོང་མཚད་འདུག་པ་གཞིར་བཞག །ད་ལམ་གྲུབ་དབང་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་ནས་ཁོ་བོ་ཅག་གི་བླ་མའི་བར་ཁ་སྐོང་བགྱིད་པ་པོ་ནི་གྲུབ་དབང་རྫོགས་ཆེན་པ་པདྨ་གར་དབང་འོད་གསལ་རིག་པའི་རྡོ་རྗེའོ།།  །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།