༄༅། །ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་ཏམྦུ་ར་ཡི་དབྱངས་སྙན་བཞུགས་སོ།།

15d340afb65843eab75cd808be8050f320180524140731.jpg


༄༅། །ཧྲཱིཿ ཚངས་པའི་ཡིད་ཀྱི་སྲས་མོ་ནི། །རོལ་བའི་མཚོ་ཆེན་ལས་བྱུང་བ། །ཟླ་ལྟར་དཀར་བའི་ཞལ་མངའ་མ། །དབྱངས་ཅན་ལྷ་མོར་ཕྱག་འཚལ་བསྟོད། །རིག་བྱེད་གསང་ཚིག་འཛད་མེད་གཏེར། །དེ་བཞིན་གཤེགས་གསུང་ཆོས་ཕུང་ཆེ། །འཆི་མེད་ལམ་ཡང་མཐར་ཁྱབ་བྱེད། །དབྱངས་ཀྱི་ལྷ་མོར་གུས་པས་འདུད། །ཏམ་བུ་ར་ལ་འཁྱུད་བྱས་ཏེ། །སོར་རྩེས་དལ་གྱིས་བསྒྲེངས་བ་ཡིས། །འཇིག་རྟེན་འདས་དང་མ་འདས་ཀུན། །ཡིད་ཀྱི་བརྟན་པ་འཕྲོག་ལ་འདུད། །ངེས་དོན་ཤེས་རབ་ཕ་རོལ་ཕྱིན། །རྣམ་པ་ལྷ་མོའི་གཟུགས་སུ་བསྒྱུར། །ངོ་མཚར་སྒྱུ་འཕྲུལ་བསམ་མི་ཁྱབ། །ས་བཅུ་དབང་ཕྱུག་ཆེན་མོར་འདུད། །དེ་བཞིན་གཤེགས་ཀུན་རྗེས་ཆགས་ཀྱིས། །ཡེ་ཤེས་སྤྱན་གྱིས་ཟུར་མདའ་གཡོ། །སྙོམས་ཞུགས་བདེ་ཆེན་མཆོད་སྤྲིན་བསྟོད། །དགྱེས་ཡུམ་ཆེན་མོར་གུས་པས་འདུད། །བློ་ལྡན་གང་གི་མགྲིན་སྙིང་ལ། །ཞུགས་པ་དེ་ཡི་མོད་ཉིད་དུ། །སྨྲ་བའི་དབང་ཕྱུག་ཆེན་པོར་བསྒྱུར། །བློ་གྲོས་མཆོག་སྩོལ་མ་ལ་འདུད། །དེ་ལྟར་བསྟོད་པའི་བྱིན་རླབས་ཀྱིས། །བདག་ཡིད་དད་པའི་འོ་མཚོར་རུ། །བཞུགས་ནས་མཁྱེན་གཉིས་ཡེ་ཤེས་ཀྱི། །སྣང་བ་ཆེན་པོ་སྩལ་དུ་གསོལ།

ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷི་ཝརྡྷ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱ་ཧཱ།  ཞེས་བཟླས་བློ་གྲོས་འཕེལ་བ་བྱེད།

ཅེས་པའང་རྗེ་དབོན་བསམ་གཏན་སྤྲུལ་སྐུ་རིན་པོ་ཆེས་རྟེན་བཅས་གསུང་གིས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ནས་དཔལ་སྤུངས་ཡིད་དགའ་ཆོས་འཛིན་དབྱངས་ཅན་གྲུབ་པའི་དགའ་ཚལ་དུ་བྲིས་པ་དགེ་ལེགས་འཕེལ།

IMG_1807.JPG

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།