སྟོན་པ་བདེ་བར་གཤེགས་པའི་གསུང་ཡེ་གྲོལ་རྫོགས་ཆེན་ལ་བསྔགས་པ།

WechatIMG1773.jpeg

༈ སྟོན་པ་བདེ་བར་གཤེགས་པའི་གསུང་ཡེ་གྲོལ་རྫོགས་ཆེན་ལ་བསྔགས་པ་བཻཌཱུ་རྱའི་ཆུན་འཕྱངས་ཞེས་བྱ་བ། སྙིང་གི་རྒྱ་ཅན། དཔལ་འཁོར་ལོའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །

གང་གི་རང་བཞིན་ནམ་མཁའ་ལྟ་བུའི་ཀློང་། །སྲིད་དང་ཞི་བ་གཉིས་སུ་མེད་གྱུརབ། །སྤྲོས་བྲལ་ཡོངས་གྲུབ་རྫོགས་པ་ཆེན་པོ་ནི། །མི་གནས་བསམ་ཡུལ་འདས་ལ་ཕྱག་འཚལ་ལོ། ༡ །གང་ཞིག་གང་གིས་ཡོད་དང་མེད་པའི་ཕྱོགས། །གཉིས་སུ་མི་འཛིན་ཆེད་དུ་མི་བཀགས་པར། །གྲུབ་མཐས་མ་བསླད་དྲན་པས་མ་བཅིང་བའི། །ཐ་མལ་ཤེས་པ་རྩོལ་སྒྲུབ་གཉིས་ལས་འདས། ༢ །དེ་ནི་ང་ཡིན་ཡེ་ནས་མ་འཁྲུལ་ཞེས། །ཀུན་བྱེད་ཆོས་སྐུའི་སྟོན་པས་འདིར་གསུངས་ཏེ། །གསུངས་ཙམ་ཉིད་ནས་རྒྱུ་འབྲས་འདས་པའི་གནད། །སྐལ་ལྡན་རྣམས་ཀྱིས་ཤེས་ནས་རང་བཞིན་གནས། ༣ །གསུང་གཅིག་གིས་ནི་བསྐལ་པའི་གསུངས་མཐའ་དག །རྫུན་དུ་བྱས་ནས་ཅི་ཡང་མི་གསུང་ཏེ། །གང་ལ་གསུང་ཞེས་ཡུལ་ཀྱང་མ་དམིགས་པ། །ཆོས་སྐུའི་ཀློང་དེར་འཁོར་འདས་འདྲེས་པར་གྱུར། ༤ །རང་བཞིན་དེ་ཤེས་འཕགས་པ་ཉིད་གྱུར་པ། །བདེན་པ་གཟིགས་ཀྱང་བདེན་ཞེས་འཛིན་མིན་པར། །ངེས་ཤེས་ཟད་ནས་གྲུབ་མཐའི་བློ་སྟོར་ཏེ། །ལྟ་སྒོམ་སྤྱོད་པའི་ཐ་སྙད་དེ་རུ་ཆད། ༥ །ཀྱེ་མ་མཁས་པ་རྣམས་ནི་རྟོག་དཔྱོད་དུག །མྱང་བཞིན་མྱང་བཞིན་གཅིག་ལ་གཉིས་སུ་འཁྲུལ། །ཆོས་སྐུ་རང་ལ་གནས་པ་མ་མཐོང་ནས། །སྲིད་པའི་རྡུལ་ཕྲན་བགྲངས་ནས་རྙེད་དུ་རེ། ༦ །དམ་པས་བསྟན་པ་རང་ལས་གང་རྙེད་པ། །སྲིད་པའི་རྙོགས་མ་རྣམས་ནི་དེས་འཁྲུད་ཏེ། །རང་བཞིན་བཞུགས་པས་ཆོག་པའི་གནད་ཤེས་ན། །སུ་ཡང་བུས་པའི་ཆོས་ཀྱིས་གཡེང་མི་འགྱིད། ༧ །གང་གིས་སྲིད་དང་ཞི་བ་ནམ་མཁའ་སྟེ། །ནམ་མཁའ་ལྟ་བུའི་ཆོས་ཉིད་བྱང་ཆུབ་ལ། །སྐྱེ་འཆིའི་མིང་འདོགས་ཟད་ཅེས་སུས་ཤེས་པ། །དེ་ལ་སྔ་ཕྱིའི་ཚེ་རབས་ཡོད་མི་འགྱུར། ༨ །དེ་ཕྱིར་སྡིག་དང་དགེ་བས་སུ་ལ་ཅི། །སངས་རྒྱས་བསྒྲུབ་པས་འགྲུབ་པ་མ་ཡིན་ཏེ། །ས་ལམ་རྩོལ་སྒྲུབ་བྲལ་བའི་གཉུག་མ་འདི། །མཐོང་ཙམ་ཉིད་ནས་རྒྱུ་འབྲས་རྫུན་པར་འགྱུར། ༩ །སྔར་ཡང་སྲིད་ཅེས་སུ་ཡང་མ་འཁྲུལ་ལ། །ད་ལྟ་མི་འཁྲུལ་འཁྲུལ་པར་མི་འགྱུར་ཕྱིར། །བཅིང་གྲོལ་མེད་པ་ཀུན་གྱི་ཆོས་ཉིད་དེ། །དེ་ལ་གྲོལ་དང་ཐར་བ་ཇི་ལྟར་ཡོད། ༡༠ །ཡོད་དང་མེད་པ་རྟག་ཆད་འགྲོ་འོང་ཆོས། །བློ་ཡིས་བཀགས་ཀྱང་ཇི་ལྟར་ཁེག་འགྱུར་ཏེ། །བློ་འདས་ཉིད་ཅེས་བློ་ཡིས་བཟོ་བཅོས་ན། །ཆུ་ལ་ཆུ་ཡིས་རག་བྱེད་འཁྲུལ་མིན་ཅི། ༡༡ ། ཅིག་ཡོད་ཅེས་ཀུན་རྫོབ་ལས་བསམ་སྨྲ། །འགའ་ཞིག་མེད་ཅེས་དོན་དམ་ལ་དམིགས་ཏེ། །དམིགས་པའི་དུག་དེས་གཉིས་ཀ་ཁྱབ་གྱུར་པས། །དམིགས་སུ་མེད་པའི་ཆོས་སྐུ་ཤེས་མི་འགྱུར། ༡༢ །ཐབས་ཀྱིས་བཅིང་བའི་རྨོངས་པ་ལམ་ནོར་བ། །བདེ་གནས་གསལ་བའི་ཡིད་ལ་ཆོས་སྐུར་རེ། །ཀྱེ་མ་གཉུག་མའི་ཡིད་ནི་སྒྲིབ་བྲལ་དུ། །རྟག་ཏུ་རང་ལ་གནས་པ་མ་མཐོང་ངོ ། ༡༣ །ཕྱལ་བ་ལྷུག་པ་རང་བཞིན་གུ་ཡངས་པ། །གླེན་པའི་ཡིད་འདི་བཅོས་སུ་ཅི་དགོས་ཏེ། །བཅོས་ཤིང་བཅོས་ཤིང་སེམས་ཀྱི་རྟོག་ལང་བ། །རང་གི་རང་བཞིན་བསྒྲིབ་པ་ཉིད་དུ་གྱུར། ༡༤ །དཔེ་ལས་འདས་པ་དཔེ་ཡིས་མཚོན་མིན་ཏེ། །ཚིགས་དང་བྲལ་ལ་ཚིག་གིས་དབང་བསྐུར་ཅི། །ཡེ་ནས་སྨིན་ཟིན་གདོད་སྨིན་བྱར་མེད་ན། །སྨིན་དང་གྲོལ་ཞེས་དེ་ལྟར་བརྫུན་དུ་སྨྲ། ༡༥ །སྣ་ཚོགས་གྲུབ་མཐས་བྱིས་པའི་ཡིད་བསླུས་ནས། །རིམ་བརྩོལ་བྲལ་ལ་ཐེག་རིམ་འཇུག་སྒོ་བཟུངས། །ལྟ་སྒོམས་སྤྱོད་པས་རྣལ་འབྱོར་ཀུན་བསླུས་ཏེ། །ཆོས་སྐུའི་གཤིས་ལས་རིང་བ་ཉིད་དུ་གྱུར། ༡༦ །ཤིན་ཏུ་རྣལ་འབྱོར་ངག་ལས་འདས་མོད་ཀྱང་། །སྣ་ཚོགས་ཐེག་པའི་གཟེབ་ཀྱིས་བཅིང་པ་ལ། །གཅོད་པའི་དོན་དུ་རལ་གྲིར་འདི་སྣང་བས། །ནམ་མཁའི་མདུད་བཞིན་ད་ནི་ཅིར་མི་བརྡུག་༡༧ །གང་ཡང་ཡིན་ཏེ་སྣང་ཙམ་ཀུན་ཏུ་བདེན། །གང་ཡང་མིན་ཏེ་གཤིས་ལ་བསམ་བརྗོད་བྲལ། །ཡིན་མིན་མེད་དེ་ཁས་ལེན་མཁན་པོ་སྟོར། །རྟོགས་དང་མ་རྟོགས་ཡེ་ནས་ཡོད་པ་མིན། ༡༨ །སུས་ཀྱང་མ་བསྟན་གང་གིས་བཟུང་མིན་པ། །མཁའ་མཉམ་རྣམ་གྲོལ་རྫོགས་པ་ཆེན་པོ་ནི། །སྒྲ་ཚིག་ལས་འདས་ལམ་དང་ཡི་གེ་མེད། །ནམ་མཁའ་བཞིན་དུ་ཡེ་ནས་རང་བཞིན་སྣང་། ༡༩ །རྩོལ་ཞིང་བསྒྲུབ་མེད་ཡེ་སངས་རྒྱས་པའི་དལ། །རང་རིག་ལྷུན་འབྱམས་བདེ་ཆེན་དག་པའི་ཞིང་། །འཁོར་འདས་འདི་ཀུན་ཡེ་ནས་དབྱིངས་གཅིག་སྟེ། །མ་བྱས་ལྷུན་གྲུབ་རྡོ་རྗེ་བཀོད་པའི་རྒྱན། ༢༠ །རང་བཞིན་ཤེས་པ་ན་སངས་རྒྱས་རང་ཡིན་པས། །རྟོག་བྲལ་སེམས་འདི་ཆོས་སྐུ་ཉག་གཅིག་སྟེ། །བཟང་ངན་དགེ་སྡིག་སྤྲིན་བཞིན་ཡལ་བ་ན། །གཉུག་མའི་སེམས་ནི་དག་པའི་ཉི་བཞིན་གསལ། ༢༡ །ངེས་པ་འདི་ཤེས་སྙིང་པོའི་རྣལ་འབྱོར་པ། །ཆོས་སྐུའི་དབྱིངས་ནས་ཡེ་ཤེས་ཡས་བབས་ཏེ། །འཁྲུལ་རྟོག་དུག་ལྡན་བྲང་འགྲོ་བཞིན་ཟོས་ནས། །ཕྱོགས་ལྷུང་མེད་པར་ནམ་མཁའ་ལྡིང་བཞིན་གྱུར། ༢༢ །ཀྱེ་ཧོ་གསང་བ་ལས་ཀྱང་ཆེས་གསང་བ། །གསུང་གི་གསང་ཆེན་ཡང་གསང་རྡོ་རྗེའི་རྩེ། །བསྟན་ཡང་བསྒྲུབ་མེད་ངག་གི་ཡུལ་མིན་ན། །བསྟོད་པའི་ཡུལ་དུ་ཇི་ལྟར་བྱ་བར་རུང་། ༢༣ །དེ་ལྟར་ནའང་རྟོག་པས་བཅིང་པའི་ཡིད། །བྱིས་དང་ལམ་ཞུགས་ཐེག་བརྒྱད་གོལ་བའི་མཚངས། །བརྟོལ་ཙམ་ཉིད་ནས་ཐེག་རྩེའི་ཆེ་འབྱིན་ཏེ། །རང་གི་རང་བཞིན་བརྗོད་དང་བྲལ་བར་ཤོག་༢༤ །དགེ་བ་དེ་ཡིས་སྲིད་ཞི་མ་ལུས་པ། །མི་གནས་ས་ལ་རྫོགས་སངས་རྒྱས་འགྱུར་ཞིང་། །ནམ་མཁའི་ཡིད་ཅན་ཨ་བུ་ཧ་ཤང་ཡང་། །བརྗོད་པའི་ངག་འདི་བྲག་ཆ་བཞིན་གྱུར་ཅིག། ༢༥ 

  རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།