བཀྲ་ཤིས་རྫས་བརྒྱད་ཀྱི་བཤད་པ།

timg.jpeg

སྔོན་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་ལ་བརྟེན་ནས་རང་དོན་སྤངས་རྟོགས་འགྲུབ་པའི་བཀྲ་ཤིས་པ་བྱུང་ཞིང་། སངས་རྒྱས་ཀྱིས་དེ་སེམས་རྒྱུད་དག་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན།

སྔོན་བཅོམ་ལྡན་འདས་ལ་གླང་བོ་ཆེ་ནོར་སྐྱོང་གིས་གྷི་ཝཾ་ཕུལ་བས་སྡུག་བསྔལ་ཞི་བའི་བཀྲ་ཤིས་པ་བྱུང་ཞིང་། སྟོནཔས་དེ་ནད་འཇོམས་པའི་སྨན་རྫས་སུ་བྱིན་གྱིས་བརླབས་པ་ཡིན། །

སྔོན་བཅོམ་ལྡན་འདས་ལ་ཞིང་བའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས་ཉོན་མོངས་ཞི་བའི་བཀྲ་ཤིས་པ་བྱུང་ཞིང་། སྟོན་པས་དེ་བཅུད་ཆགས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན། །

སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་ཀུནྡྷུ་ལིས་རྩྭ་དུར་བ་ཕུལ་བས་ཚེ་རིང་བའི་བཀྲ་ཤིས་པ་བྱུང་ཞིང་། སངས་རྒྱས་ཀྱིས་དེ་ཚེ་འཕེལ་བར་བྱེད་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན།

སྔོན་བཅོམ་ལྡན་འདས་ལ་ཤིང་གི་ལྷ་མོས་ཤིང་ཐོག་བིལ་བ་ཕུལ་བས་བསོད་ནམས་རྒྱས་པའི་བཀྲ་ཤིས་པ་བྱུང་ཞིང་། སྟོན་པས་དེ་འབྲས་བུ་འཕེལ་བའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན།

སྔོན་བཅོམ་ལྡན་འདས་ལ་མ་དྲོས་པས་དུང་དཀར་གཡས་འཁྱིལ་ཕུལ་བས་ལུང་རྟོགས་རྒྱས་པའི་བཀྲ་ཤིས་པ་བྱུང་ཞིང་། སྟོན་པས་དེ་ཆོས་ཀྱི་སྒྲ་སྙན་སྒྲོགས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན།

སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི་ཕུལ་བས་དབང་གི་ལས་འགྲུབ་པའི་བཀྲ་ཤིས་པ་བྱུང་ཞིང་། སྟོན་པས་དེ་དབང་སྡུད་ཀྱི་རྫས་སུ་བྱིན་གྱིས་བརླབས་པ་ཡིན།

སྔོན་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བས་དྲག་པོ་འཕྲིན་ལས་གྲུབ་པའི་བཀྲ་ཤིས་པ་བྱུང་ཞིང་། སྟོན་པས་དེ་བགེགས་འཇོམས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན། བཀྲ་ཤིས་རྟགས་རྫས་འདི་དག་སྔོན་ལྷ་དང་ལྷ་མིན་འཐབ་པའི་ཚེ་ན་བཀྲ་ཤིས་ཀྱི་ལྷ་མོ་རྣམས་ཀྱིས་ལྷའི་དབང་བོར་ཕུལ་བས་བཀྲ་ཤིས་པ་བྱུང་ཞིང་། དེ་བཞིན་སྟོན་པ་ལ་ཕུལ་བས་ཀྱང་རང་རང་ལ་བཀྲ་ཤིས་པ་བྱུང་ཞིང་སྟོན་པས་གདུལ་བྱ་རྣམས་ལའང་བཀྲ་ཤིས་པར་བྱེད་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་དག་ཀྱང་མདོར་ན། བཀྲ་ཤིས་ཆེན་པོའི་མདོ་ལས། སྔར་བྱས་པ་ཡི་བསོད་ནམས་ཀྱིས། །མཐུན་པའི་ཡུལ་དུ་ལ་གནས་པ། །བདག་ཉིད་མཆོག་གི་སྨོན་ལམ་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །ཞེས་དང་མཚན་བརྗོད་ལས། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། ཞེས་གསུངས་པ་ལྟར་མཇུག་ཏུ་བཀྲ་ཤིས་པའི་ཆོས་ཁྱད་པར་བ་མང་བོ་དང་འབྲེལ་ཏེ་བཀྲ་ཤིས་པའི་རྫས་ཀྱི་རིགས་འགའི་དོན་བཤད་ན། དེ་ཡང་ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མར་བཅས་པ་ས་ལ་ལྟུང་ཡང་སྲིད། རི་དང་ནགས་ཚལ་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་བསྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོས་རྫུན་གསུང་འགྱུར་བ་སྲིད་པ་མིན། །ཞེས་དང་། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། རི་དང་ནགས་བཅས་ས་འདི་གས་འགྱུར་ཞིང་། །རྒྱ་མཚོའི་ཆུ་དག་དེ་བཞིན་འཕོ་འགྱུར་ལ། །ཉི་མ་ཟླ་བ་ས་ལ་ལྟུང་གྱུར་ཀྱང་། །རྒྱལ་བས་བཤད་པ་རྣམ་པ་གཞན་མི་འགྱུར། །ཞེས་གསུངས་པ་ལྟར་བདེན་ཡང་མེ་ལོང་བཀྲ་ཤིས་པའི་རྫས་སུ་བྱེད་པའི་དོན་ནི། རྣམ་སྣང་མངོན་བྱང་ལས། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དོག་རྙོག་པ་མེད། །ཅེས་པ་ལྟར་དག་པའི་རྟེན་དང་བརྟེན་པའི་གཟུགས་ཕུང་གི་ཆ་ཐམས་ཅད་རྣམ་སྣང་རྣམ་པར་དག་པའི་བདག་ཉིད་ཡིན་ལ། དེ་ཉིད་མེ་ལོང་ཡེ་ཤེས་ཀྱི་རང་མདངས་ཡིན་པས། ཆ་ནས་གཞན་དོན་ཕུན་ཚོགས་མེ་ལོང་དཔེར་བྱས་ནས་བཀྲ་ཤིས་པའི་རྫས་སུ་གནང་བ་དང་། གྷཾ་ཝཾ་ཡང་། སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། ཞེས་གསུངས་པ་ལྟར་ནད་ཀུན་གྱི་རྩ་བ་བདག་འཛིན་དྲུངས་ནས་འབྱིན་པའི་སྨན་བདག་མེད་རྟོགས་པའི་ཤེས་རབ་ལ་སྦྱར་པས་འཁོར་བ་ཕྲ་རགས་ལས་ཐར་བའི་གོ་འཕང་ཐོབ་པ་མཚོན་པས་རྫས་འདི་ལ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས། ཞོ་ནི། རྩི་ཐོག་གི་བཅུད་ཀྱི་སྙིང་པོ་འོ་མ་དང་། དེའི་བཅུད་ཀྱི་སྙིང་པོ་ཞོ་ཡིན་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཟག་མེད་ཡེ་ཤེས་འབྱུང་རུང་གི་ནུས་པ་ཡོད་པས། སྙིང་པོ་རྣམ་དག་ཡེ་ཤེས་མཆོག་རྟོགས་ནས། ། ཞེས་སེམས་ཀྱི་ཆོས་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའི་ཐར་པ་ཐོབ་པའི་རྟེན་འབྲེལ་དང་སྦྱར་ནས་རྫས་འདི་ལ་བཀྲ་ཤིས་པར་བྱིན་གྱིས་བརླབས་པ་ཡིན། དུར་བ་ནི། དུར་བའི་སྐད་དོད་འཆི་བས་མི་ཐུབ་པ་ལ་འཇུག་ཅིང་། །འདིར་ཡང་། རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ཏེ། །ཞེས་པ་ལྟར་སྟོན་པས་མཐར་ཐུག་གི་འཆི་བ་མེད་པའི་གོ་འཕང་བརྙེས་པའི་རྟེན་དུ་མཛད་པ་ལྟར་བཀྲ་ཤིས་པའི་རྫས་སུ་གྱུར་པ་དང་། བིལ་བ་ནི། བསོད་ནམས་རྒྱས་པའི་རྫས་སུ་གྲུབ་པ་ཡིན། དུང་དཀར་ནི། དུང་དཀར་གཡས་འཁྱིལ་སྐྱེ་བ་ལྔ་བར་གྲགས་པའི་སྒྲས་ནད་ཞི་བ་དང་། དུང་གི་སྒྲས་རོལ་མོ་སྒྲ་རྣམས་ཟིལ་གྱིས་གནོན་པར་ཤེར་མདོ་ལས་གསུངས་པ་ལྟར། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཞེས་ཕུན་སུམ་ཚོགས་པ་ཐམས་ཅད་ཆོས་འཆད་ལ་བརྟེན་པས་འབྱུང་བས་ན་བརྒྱ་བྱིན་གྱིས་ཀྱང་ཆོས་འཁོར་བསྐོར་བའི་ཞུ་རྟེན་དུ་ཕུལ་བས་བཀྲ་ཤིས་པ་བྱུང་ཚུལ་གྱིས་ཀྱང་རྟེན་འབྲེལ་སོགས་བརྗོད་མི་ལང་། ཀླུ་མ་དྲོས་པས་ཕུལ་བས་དུང་ནི་རྗེ་རིན་པོ་ཆེས་གཏེར་ནས་བཞེས་པ་ད་ལྟ་འབྲས་སྤུངས་ཀྱི་ཚོགས་དུང་དེ་ཡིན་ནོ། །ལི་ཁྲི་སྟེ་སིནྡྷུར་དབང་གི་རྫས་ཡིན་པ་དང་དེ་ཡང་ཁྱད་པར་དུ་དམ་པའི་ཆོས་ཀྱིས་གདུལ་བྱ་དབང་དུ་སྡུད་པ་གཙོ་བོ་ཡིན་ཕྱིར། ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང་། །ཞེས་པའི་དོན་རྗེ་བླ་མས། བྱང་ཆུབ་སྒྲུབ་པའི་རྗེས་སུ་རབ་གཞོལ་པའི། །བདེ་གཤེགས་དགྱེས་པའི་རབ་འབྱམས་དབང་གི་ལས། །ཞེས་གསུངས་པ་ལྟར་སྔར་ཡང་བཀྲ་ཤིས་པ་བྱུང་བས་ཕྱིས་ཀྱང་རྟེན་འབྲེལ་གྱིས་རྫས་སུ་གྱུར་པ་ཡིན། །ཡུངས་དཀར་ནི། ཡུངས་དཀར་གྱི་སྐད་དོད་བསྒྱུར་ན་གནོད་འཇོམས་ཞེས་པ་དང་། འདི་དྲག་ལས་ལ་མཆོག་ཏུ་གྱུར་པ་ནི་ཐུགས་རྡོ་རྗེ་མི་བསྐྱོད་པའི་རིགས་ཀྱི་རྫས་ཡིན་པ་ལ་ཐུག་པས་དོན་གྱིས་ན་ཕྱི་ནང་གསང་བའི་གནོད་བྱེད་མཐའ་དག་ འཇོམས་བྱེད་བདེ་སྟོང་གི་ཡེ་ཤེས་ལ་སྦྱར་བ་ཡིན་པས་ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། ། བགེགས་རྣམས་མ་ལུས་ཞི་བར་བྱེད་པ་སྟེ། །ཞེས་གསུངས་པ་ལྟར་རོ། །འདི་གོང་གསལ་དག་ལའང་སྦྱོར་དགོས་ལ། མདོར་ན། རྫས་བརྒྱད་པོ་འདི་དག་གིས་འཕགས་ལམ་ཡན་ལག་བརྒྱད་མཚོན་པ་ཡིན་ནོ། །

 《ནང་བསྟན་ལྷ་ཚོགས་ཆེན་མོ》ལས་བཤུས།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།