
ལས་ཀྱིས་བཀོད་པའི་གྱེས་བྲལ།།
ཆུ་བོར་དར་ཆ་བསྒྲིགས་པའི་བསིལ་རླུང་ངང་དུ།།
ལྗོན་ཤིང་སྐམ་སེལ་གྱུར་ནས་སྐྱོ་བས་མནར་ཞིང་།།
མཁའ་མཐར་མར་ངོ་ཟླ་བ་ཁེར་རྐྱང་བཞུར་འདུག།
དགུན་འདི་མ་རྫོགས་ཁ་ནས་ཁྱོད་རང་བུད་སོང་།།
ངག་ནས་སྐྱེལ་མ་ཚིག་གཅིག་བརྗོད་ཀྱང་མ་ཐུབ།།
སེམས་ཚོར་ཚིག་ལ་བཅོལ་ནས་དྲན་པ་བྲིས་འོས།།
ལས་དབང་འཇའ་ཚོན་ནང་བཞིན་མི་རྟག་རང་སྟེ།།
མཛེས་པ་སྐད་ཅིག་ཙམ་ཞིག་བརྟན་པོ་མིན་ཨང་།།
འདུས་བྱས་འཁོར་བའི་ཆོས་ཉིད་དེ་ཙམ་ཡིན་པས།།
ཁྱོད་རང་གྱེས་པར་ང་ཡིས་གོམས་ལོབས་བྱེད་ཆོག།
ལག་དང་ཡིད་ནི་གཏད་ཀྱང་འཛིན་གླགས་མི་འདུག།
ལམ་ཐག་ཤིནད་ཏུ་རིང་བས་མིག་སྐྱེལ་གནང་ཙམ།།
ཕྱི་དྲན་ཚིག་ལ་ཕབ་ནས་དབྱངས་ལ་འགུགས་ཆོག།
དུས་ཚོད་མེ་ལོང་ངོགས་སུ་ཁྱོད་ཀྱིས་བསྒྲིབས་ཡོད།།
བརྩེ་བའི་སྨུག་ཞགས་སྟུག་པོས་སེམས་འདི་སྒུར་ཏེ།།
མཚན་སྨད་རྨི་ལམ་གསེབ་ནས་ཡང་དུ་འཁྲུལ་ཡོད།།
ཚེ་སྔོན་ལས་འཕྲོ་འཁྱུག་པའི་ལན་ཆགས་ལོས་ཡིན།།
གདུང་བ་སེམས་ཀྱིས་རོལ་པའི་ལས་སྐལ་ལོས་ཡིན།།
ཡུལ་ཡིས་བར་ཐག་བཅད་ནས་སོ་སོ་བཞུགས་ཡོད།།
ལས་ཀྱིས་གྱེས་བྲལ་གནང་ནས་གདུང་བ་གྲུབ་ཡོད།།
ཕན་ཚུན་དུངས་བའི་བརྩེ་ཞགས་སེམས་སུ་ཉར་ཏེ།།
དགུན་ཟླ་རིང་པོ་འདི་ཉིད་ཕར་མཐར་སྐྱེལ་དགོས།།
སེམས་ཀྱི་གདུང་ཡུས་འདི་ཡང་ཉུང་བ་བཟོ་དགོས།།
ཚེ་འདིའི་སྒྲུང་དེབ་འཕྲོ་མའི་རྒྱུན་ཐག་སྐྱོང་དགོས།།
༢༠༢༦.༡.༡༡ ཉིན་བྲིས
བརྩེ་བ་བརྗོད་པའི་ལེའུ།
མཛེས་སྡུག་འདུས་པའི་ཁྱོད་ཞལ་པད་མའི་ཚལ།།
མིག་ཟུང་མཚོ་མོར་འཁྱིལ་བའི་ཟླ་བའི་མདངས།།
གསུངས་ལ་སྙན་པའི་གྲེ་འགྱུར་ལྗོན་བཟང་གིས།།
ཐོས་འཛིན་མེ་ལོང་ངོགས་སུ་ཡིད་འོང་བརྩིགས།།
ལས་སྐལ་ནགས་ཀླུང་རྒྱས་པའི་རླབས་རིས་ཀྱིས།།
སྲིད་པའི་གདོང་ཞལ་འཛུམ་པའི་མཛེས་སྡུག་འོག།
ཚེ་གཅིག་ལམ་ཐག་འཐེན་པའི་ལམ་ཕྲན་འདིར།།
ལན་འགའ་མིན་པའི་ཐེངས་ཤིག་འཇལ་སྐལ་སྩོང་།།
ཁྱོད་རང་སྣ་ཚོགས་བརྣོགས་པའི་གཙང་བོ་འདིའི།།
ཕར་ཁར་བཞུགས་ནས་འཁོར་བའི་རོལ་མོ་དཀྲོལ།།
བདག་ཉིད་གཙང་བོའི་ཚུར་ཕྱོགས་ཡུན་རིང་ངང་།།
ཁྱོད་ཀྱིས་དཀྲོལ་པའི་རོལ་དབྱངས་རྣ་བས་འཐུས།།
དགའ་སྡུག་སྦྲེལ་པའི་འཚོ་བའི་མཁའ་དབྱིངས་སུ།།
བརྩེ་ཞགས་ཁངས་ཆར་འབབ་པས་རྐྱེན་བྱས་ནས།།
ས་སྲོད་མཚམས་སྤྲིན་བསླུས་པའི་མཛེས་སྡུག་ཀྱིས།།
གཟུགས་མེད་གཉོམ་པོའི་རང་ཡིད་རྣམ་ཀུན་གཡོ།།
མིག་ཟུང་ཟླ་བའི་དཀྱིལ་འཁོར་ནང་བཞིན་འཁྲུལ།།
ལྷད་མེད་གངས་དཀར་ཟེགས་མའི་འདབ་མ་སྣང་།།
རང་ཡིད་མཚན་སྨད་དཀྲོལ་པའི་ལྷིང་འཇགས་སུ།།
ཚབ་ཚུབ་མཆོང་ཞིང་བརྩེ་བའི་སྨུག་ཞགས་འགུལ།།
ཡིད་འོང་ལྡེབས་ལ་བགོས་པའི་བྱད་གཟུགས་ཀྱིས།།
འཇོ་སྒེག་མཛེས་ཉམས་དགོད་པའི་སྣང་བ་ངོམས།།
སྙན་ཚིག་མེ་ཏོག་འཛུམ་པའི་ཉམས་མདངས་ནས།།
ཁྱོད་རང་རྟག་པར་བཞུགས་པའི་ཚིག་རྒྱན་དཀྲོལ།།
༢༠༢༥.༣.༢༡

དགུན་ཟླ་རིང་མོ།
ཁྱོད་རང་མ་འགྲོ་དགུན་ཟླ་ཤིན་ཏུ་འཁྱག་འདུག།
མཚན་མོ་འདི་ཡི་གྲང་ངར་བཟོད་ཙམ་མ་ཐུབ།།
སྨག་རུམ་སྟུག་པོ་གནམ་གྱི་ཧྲིལ་བོ་ཁེབས་ནས།།
སྐར་འོད་ཕྲན་ཙམ་རི་རྩེར་མག་མོག་ཚེས་འགི།།
ཟླ་བ་ཁེར་འགྲོ་གནམ་གྱི་མཐའ་ལ་བཞུར་གྱིན།།
སྤྲིན་ལེབ་ཅིག་གིས་དམ་མོས་རུམ་དུ་ཚུད་ཐལ།།
ཞེ་ཡིད་གཉོམ་པའི་ཕྱི་དྲན་དམར་པོ་ཧྲིལ་ཧྲིལ།།
ཕྱེ་ལེབ་བཞིན་དུ་སེམས་ཀྱི་རྫིང་བོར་ལྡང་བྱུང་།།
ལག་པ་བསྲིངས་ཀྱང་ཁྱོད་ནི་རིང་དུ་གྱེས་སོང་།།
དགུན་ཟླ་རིང་མོ་སེམས་ཀྱི་གམ་དུ་བསྐྱུར་བྱུང་།།
སྐྱོ་ཡུས་ཐེབས་པའི་ནམ་མཁའི་ཟླ་བ་དཀར་པོ།།
མཚན་སྨག་བརྒལ་ཏེ་མིག་གི་ཆུ་མོར་ལྷུང་འགི།།
དགུན་ཟླ་ཕྱེད་ཀ་སེམས་ཀྱི་མཐིལ་དུ་ལྷུང་བྱུང་།།
ད་དུང་ཕྱེད་ཀ་གཙང་བོའི་གཞས་ལ་བབས་ཏེ།།
ཐ་སྙན་བསྡུས་ཏེ་སེམས་ཚོར་ཕབ་པའི་སྒང་དུ།།
སྐྱོ་བ་ཉིད་ཀྱིས་སྙན་ངག་ཕྱི་ནང་བསྒྲིབས་འདུག།
གནམ་མཐར་ཚེས་པའི་འོད་ཀྱི་ཕུང་བོ་རབ་རིབ།།
མཚན་ལམ་འདི་ཡི་མིག་ཟུང་བཞིན་དུ་ཚེས་ཀྱིན།།
ཁེར་གདུང་རོལ་པའི་སེམས་ཀྱི་མེ་ལོང་ངོགས་སུ།།
ཟླ་བ་ཁེར་འགྲོ་མཁའ་ལམ་བརྒལ་བ་མཐོང་ཡོད།།
གཡུ་རི་རྩེ་བརྒྱ།
གཡུ་ཡི་རིན་ཆེན་འགོས་ཡོད་རི་བརྒྱའི་གཙུག་ཏུ་འགྱིང་དུ་འགྲེང་།།
ཉི་ཟླའི་བརྒྱན་ཆ་བཏགས་ཡོད་རི་ཟོམ་གནམ་དང་མཉམ་པ་ཡིན།།
དྭངས་བསིལ་ཆུ་ཕྲན་འབབ་ཡོད་ཀུན་ལ་ཕན་པའི་བདུད་རྩི་ཡིན།།
སྨུག་སྤྲིན་དཀར་པོ་འཐེན་ཡོད་ཉེ་འཁོར་གཡང་གི་ཆར་གྱིས་སྦང་།།
ངོ་མཚར་དབྱངས་ཀྱིས་བཀུག་ཡོད་མེས་པོ་ངག་གི་མཆོག་གྱུར་ཏེ།།
གཞས་ཆུང་ཚིག་ལ་འཐིམ་ཡོད་ལོ་རྒྱུས་རིང་པོའི་འཆར་ཡན་ལྡན།།
བསྐལ་བ་དུ་མར་བཞུགས་ཡོད་གནམ་ས་སྦྲེལ་པའི་མེ་ལོང་ལགས།།
མ་གཡོ་བརྟན་པོ་གནས་ཡོད་སེམས་པ་བསྒྲིབས་པའི་དྲན་པ་ཡིན།།
རི་ཚོགས་བཀུར་པས་འགྲེང་ཡོད་མི་ཉག་ཡུལ་གྱི་མཆོག་གྱུར་ཡིན།།
སྤྲིན་དཀར་ལང་ལོང་གཡོ་བས་རི་ཟོམ་མཛེས་པའི་བརྒྱན་དུ་གྲུབ།།
རི་ཆུའི་ཤག་ཤག་འབབ་པས་དབྱངས་རྟ་སྙན་པའི་འགྱུར་ཁུག་ཡིན།།
ཉེ་འཁོར་མི་སྡེ་ཕྱུག་པས་བག་ཕེབས་ལྷིང་འཇགས་འཚོ་ཞིང་གནས།།
རྣམ་ཐར་དབྱངས་ལ་བཏགས་ཡོད་ཡུལ་སྡེ་སྲུང་པའི་བདག་པོ་ཡིན།།
དབྱངས་ཀྱི་བདུད་རྩི་མྱོང་ཡོད་རྒན་པའི་ངག་ནས་ཁྱོད་རང་མཇལ།།
ལོ་རྒྱུས་གླེགས་བམ་བརྩིགས་ཡོད་རི་ཀླུང་ཡོངས་སུ་ཁྱོད་ཀྱིས་བཀུག།
ཡུལ་སྲོལ་བསིལ་རླུང་འཇམ་པས་ཁྱོད་ཀྱི་གར་སྟེགས་ཡངས་མོ་ཡིན།།
བརྩེ་བའི་ཚིག་གི་མཛེས་པ།
འཛུམ་དཀར་པད་མའི་ཞལ་ཁྱིམ་གཡོ་འགུལ་གྱིས།།
སེམས་བྱུང་ཚོར་བའི་རླབས་ཕྲེང་རྟག་པར་སྐྱོམས།།
རྟེན་འབྱུང་ཚིག་གིས་བསླས་པའི་དགའ་ཚལ་ནས།།
འཁྲེང་ཞེན་དགུ་ཚིཊ་མཛེས་པའི་ཁྱོད་བཞིན་གྲོལ།།
ཚོགས་དྲུག་རྒྱུད་སྐུད་དཀྲོལ་པའི་གདངས་ཆ་ནས།།
སྡེབ་སྦྱོར་ལེགས་པ་བརྩམས་པའི་ངག་རིག་འགུལ།།
ལས་འཕྲོའི་ཚེ་མདུད་བསྲིངས་བའི་ངང་ཚུལ་ནས།།
ཁྱོད་རང་ཡིད་འོང་བསུ་པའི་ཚེམས་ཕྲེང་དགོད།།
༢༠༢༥.༡༢.༡༢
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།