རྒྱལ་རོང་མཚམས་གནས་དགོན་དུ་འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་ཀྱི་འགྲེམ་སྤེལ་མཛད་སྒོ་སྤེལ་བ།

སྤྱི་ལོ་༢༠༢༤ལོའི་ཟླ་༢་པའི་ཚེས་༨ཉིན་སི་ཁྲོན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་རྒྱལ་རོང་མཚམས་གནས་དགོན་ཐོས་བསམ་ནོར་བུའི་གླིང་དུ་འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་པོད་ཞེ་ལྔའི་བདག་ཉིད་ཅན་དཔེ་སྐྲུན་ལེགས་གྲུབ་ཀྱི་ཞལ་འབྱེད་འགྲེམ་སྤེལ་མཛད་སྒོ་བསྡུས།

20240207211874497449-1.jpg

དཔེ་སྐྲུན་གསལ་བཤད།

       དེ་ཡང་སྔོན་གྱི་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་རྒྱལ་བའི་བཀའ་དང་དགོངས་འགྲེལ་ཇི་སྙེད་ཅིག་ཡོད་པ་རྣམས་ཡུལ་གངས་རིའི་སྐད་དུ་བསྒྱུར་ཏེ་བཀའ་བསྟན་གྱིས་མཚོན་པའི་རིག་པའི་གཞུང་ལུགས་གཏོས་ཆེ་བའི་བང་མཛོད་ཅིག་བསྐྲུན་པས་ང་ཚོས་ད་ལྟའང་གོ་ལའི་ཁྱོན་ལ་ངོམ་སོ་བྱེད་བཞིན་པ་འདིའོ། །དེ་ལྟ་བུའི་རིག་པའི་གཞུང་ལུགས་ཚང་ལ་མ་ནོར་བ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་བྱ་ཕྱིར་སྐྱེ་བོ་མང་པོས་ཡུལ་དུས་གནས་སྐབས་ཐམས་ཅད་དུ་ལུས་སྲོག་ལོངས་སྤྱོད་སོགས་མཆིལ་མའི་ཕུང་པོ་བཞིན་དོར་ནས་བསྟན་པ་དང་གཙུག་ལག་ལ་སྲི་ཞུ་བསྒྲུབས་པ་ནི་བགྲང་གིས་མི་ལོང་ཡང་། ད་ལྟ་ང་ཚོས་རང་གི་གྲུབ་མཐའ་དང་ཆོས་བརྒྱུད་ཡིག་ཆ་ཙམ་ལ་ཡིད་འཁུལ་ནས་བཀའ་བསྟན་གྱིས་མཚོན་པའི་གསུང་རབ་མང་པོའི་འཕྲིན་ལས་སྤེལ་མཁན་ཤིན་ཏུ་ཉུང་བས་ངེད་རྩོམ་སྒྲིག་ཁང་གིས་དམ་པ་གོང་མའི་བཀའ་དྲིན་དྲན་པ་དང་ཆོས་ཁུངས་བཙུན་པར་སྟོན་ཕྱིར་འཕགས་ཡུལ་མཁས་པའི་གསུང་རབ་རྣམས་དང་ཡུལ་གངས་ཅན་གྱི་དམ་པའི་ཚད་དུ་འོས་པའི་མཁས་པའི་གསུང་རྩོམ་དག་སྔ་ཕྱིར་རྩོམ་སྒྲིག་དང་དཔར་སྐྲུན་བགྱིས་དང་བགྱིད་བཞིན་པ་ལགས། 

      དེ་སྔོན་ངེད་རྩོམ་སྒྲིག་ཁང་གིས་དེབ་ཏུ་འཁོད་ཟིན་པ་ལ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་གསུང་འབུམ་ཕྱོགས་བསྒྲིགས་ཞེས་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་འབུམ་ལ་པོད་བདུན། སློབ་དཔོན་འཕགས་པ་ལྷའི་གསུང་འབུམ་ལ་པོད་གཉིས། སློབ་དཔོན་ཐོགས་མེད་ཀྱི་གསུང་འབུམ་ལ་པོད་བརྒྱད། སློབ་དཔོན་དབྱིག་གཉེན་གྱི་གསུང་འབུམ་ལ་པོད་བཅུ་གཅིག སློབ་དཔོན་ཕྱོགས་གླང་གི་གསུང་འབུམ་ལ་པོད་གཉིས། སློབ་དཔོན་ཆོས་གྲགས་ཀྱི་གསུང་འབུམ་ལ་པོད་གཉིས། སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་འབུམ་ལ་པོད་བདུན། སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་འབུམ་ལ་པོད་གཅིག་བཅས་ཁྱོན་པོད་བཞི་བཅུའི་བདག་ཉིད་ཅན་དེ་ཉིད་༢༠༢༡ལོར་དཔར་སྐྲུན་བྱས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཀློག་པ་པོས་ཆེས་དགའ་བསུ་ཐོབ་པའི་དཔེ་ཚོགས་ཞེས་པའི་ཆོ་ལོ་གནང་བར་མ་ཟད། སྐབས༢༡པའི་རྒྱལ་ཡོངས་བོད་ཡིག་དཔེ་ཆའི་དཔེ་སྐྲུན་འགྲེམ་སྤེལ་མཐུན་སྦྱོར་ཚོགས་འདུ་ལྷ་ས་ནས་འཚོགས་པའི་སྟེང་བྱ་དགའ་ཨང་དང་པོ་ཐོབ་པ་སོགས་དགོན་པ་དང་སློབ་གྲྭ་དཔེ་མཛོད་ཁང་སོགས་སྤྱི་ཚོགས་ཀྱི་ལས་སྣེ་མང་པོ་ནས་རྩིས་མཐོང་ཆེན་པོ་སྤྲད་དེ་སྔ་གཞུག་ཏུ་དཔེ་ཚོགས་འདི་ལ་བྱ་དགའ་མང་པོ་ཐོབ་ཡོད། 
      ༢༠༢༢ལོར་འཕགས་པ་ལང་ཀར་གཤེགས་པའི་མདོ་འགྲེལ་ཕྱོགས་བསྒྲིགས་དཔེ་བསྡུར་མ་པོད་གསུམ་གྱི་བདག་ཉིད་ཅན་དཔར་དུ་བསྐྲུན།
      ད་ལོ་སྟེ་༢༠༢༤ལོར་ངེད་རྩོམ་སྒྲིག་ཁང་གིས་འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་པོད་ཞེ་བཞིའི་བདག་ཉིད་ཅན་དང་འཕགས་བོད་མཁས་པའི་མཛད་བསྡུས་དང་གསུང་འབུམ་དཀར་ཆག་ཅེས་པ་པོད་གཅིག་བཅས་ཁྱོན་པོད་ཞེ་ལྔ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་ལེགས་པར་གྲུབ་པས་སྤྱི་ལོ་༢༠༢༤ལོའི་ཟླ་༢པའི་ཚེས༨ཉིན་རྒྱལ་རོང་མཚམས་གནས་དགོན་དུ་མཆོག་སྤྲུལ་འཇམ་དཔལ་ཤེས་རབ་རྒྱལ་མཚན་མཆོག་དང་སྤྲུལ་ཀུན་བཟང་། མཁན་ཆེན་གཞན་ཕན་ཆོས་ཀྱི་ཉི་མ་བཅས་དབུ་བཞུགས་ཀྱི་ཐོག་གྲྭ་ཚང་འདུས་པ་རིན་པོ་ཆེའི་དབུས་ནས་ཞལ་འབྱེད་ཀྱི་མཛད་རིམ་བསྡུས།

     རེབ་འདིར་པར་དུ་བསྐྲུན་པའི་འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་ཞེས་པའི་ཁྲོད་དུ་སློབ་དཔོན་ཞི་བ་ལྷའི་གསུང་འབུམ་ལ་པོད་གཉིས། སློབ་དཔོན་ཟླ་བ་གྲགས་པའི་གསུང་འབུམ་ལ་པོད་ལྔ། སློབ་དཔོན་ཙནྡྲ་གོ་མིའི་གསུང་འབུམ་ལ་པོད་གཉིས། སློབ་དཔོན་དཔའ་བོའི་གསུང་འབུམ་ལ་པོད་བདུན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་འབུམ་ལ་པོད་གཅིག སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་འབུམ་ལ་པོད་གསུམ། སློབ་དཔོན་ཞི་བ་འཚོའི་གསུང་འབུམ་ལ་པོད་གཉིས། སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་འབུམ་ལ་པོད་དྲུག སློབ་དཔོན་འཕགས་པ་གྲོལ་སྡེའི་གསུང་འབུམ་ལ་པོད་གཅིག སློབ་དཔོན་སེངྒེ་བཟང་པོའི་གསུང་འབུམ་ལ་པོད་དགུ། སློབ་དཔོན་གསེར་གླིང་པ་ཆོས་གྲགས་ཀྱི་གསུང་འབུམ་ལ་པོད་གཅིག སློབ་དཔོན་ཇོ་བོ་རྗེ་ཨ་ཏི་ཤའི་གསུང་འབུམ་ལ་པོད་གསུམ། སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀིརྟིའི་གསུང་འབུམ་ལ་པོད་གཅིག སློབ་དཔོན་བཙུན་པ་གྲོལ་སྡེའི་གསུང་འབུམ་ལ་པོད་གཅིག་བཅས་པོད་ཞེ་བཞི་ཡོད།

     གསུང་འབུམ་འདི་དག་ངེད་རྩོམ་སྒྲིག་ཁང་གིས་ཞུ་དག་བྱས་པའི་གོ་རིམ་ཁྲོད་སྙིང་ཁམས་ཆེན་པོས་བཟོ་བཅོས་མ་བྱས་པར་སྡེ་དགེའི་པར་མ་གཞིར་བཟུང་ནས་སྣར་ཐང་། པེ་ཅིན། ཅོ་ནེ་བཅས་ཀྱི་པར་གཞི་ཁག་ལ་དཔེ་བསྡུར་རིམ་པར་བྱས་ནས་ཞབས་མཆན་བཀོད་ཅིང་། གཞུང་ཚན་གང་མང་ལ་ས་བཅད་གསར་དུ་བཀྲམས་ནས་དོན་གཉེར་ཅན་རྣམས་ལ་གཟིགས་བདེར་བྱས་ཡོད། དེ་མིན་འཕགས་བོད་མཁས་པའི་མཛད་བསྡུས་དང་གསུང་འབུམ་དཀར་ཆག་ཏུ་དེ་སྔོན་དཔར་དུ་བསྐྲུན་པའི་པཎ་གྲུབ་ཉེར་གཉིས་ཀྱི་མཛད་རྣམ་དང་པོད་གྱ་བདུན་གྱི་དཀར་ཆག་དཀྱུས་གཅིག་ཏུ་བཀོད་ཡོད་པ་སོགས་ཁྱོན་གསུང་འབུམ་པོད་གྱ་བརྒྱད་ཀྱི་བདག་ཉིད་ཅན་འདི་དག་ལོ་འདི་ག་ལ་སྤྱན་བསྟར་རིམ་པར་ཞུས་པའི་བསྐལ་བཟང་བྱུང་བ་འདི་ནི་མཆོག་སྤྲུལ་འཇམ་དཔལ་ཤེས་རབ་རྒྱལ་མཚན་གྱི་ཐུགས་བསྐྱེད་བཀའ་དྲིན་ཁོ་ན་ལས་བྱུང་བ་ལགས་ན། འདིས་ཀྱང་འགྲོ་ཀུན་བདེ་ལ་འགོད་པ་དང་། རྒྱལ་བསྟན་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་གུ། །

ཞེས་རྒྱལ་རོང་མཚམས་གནས་ཐོས་བསམ་ནོར་བུའི་གླིང་རིག་གཞུང་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པས།

20240208150827522752.jpg

20240207212165836583.jpg

20240208202078287828.jpg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།