2021 ལོའི་སྐལ་བཟང་ལེགས་སྐྱེས་ཀྱི་གཟེངས་རྟགས་འབུལ་བཞེས་མཛད་སྒོ།

བོད་རབ་བྱུང་བཅུ་བདུན་པའི་ལྕགས་གླང་ལོ་སྟེ། སྤྱི་ལོ་2021 ལོའི་ཟླ་ཚེས་དགེ་བར་སྐལ་བཟང་ལེགས་སྐྱེས་སིངྷ་བྷ་དྲའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་སྔ་འགྱུར་རྩ་བའི་གདན་ས་ཡང་དབེན་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་དུ་སྤེལ། 

WechatIMG1944.jpeg

སྐལ་བཟང་ལེགས་བྱས་ཀྱི་ཚོགས་པ་ནི། དུས་རབས་ཉི་ཤུ་པའི་དུས་མཇུག་ལོ་རབས་བརྒྱད་ཅུ་པའི་ལོ་འགོ་ཡུལ་དུས་དམིགས་བསལ་བ་ཞིག་གི་སྐབས་སུ་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་མཆོག་ཉིད་ཀྱིས་དབུ་བཙུགས་ཤིང་། ཚོགས་པ་འདིའི་ལེགས་མཛད་ལ་ནང་གསེས། ཁོར་ཡུག་ཉམས་གསོ། ཤེས་ཡོན་སློབ་གསོ། འཕྲོད་བསྟེན་ལྟ་སྐྱོང་སོགས་དགེ་ལས་ཀྱི་རྣམ་གྲངས་མང་དུ་ཡོད་པ་ལས། སྐལ་བཟང་ལེགས་སྐྱེས་ཀྱི་བྱ་དགའི་རིམ་པ་འདི་ནི། ཤེས་ཡོན་སློབ་གསོ་ཡི་ཆར་གཏོགས་པའི་ལེགས་མཛད་ཀྱི་བྱེ་བྲག་གལ་ཆེན་ཞིག་ཡིན་ཞིང་། འདི་ལ་གོང་འོག་གི་རིམ་པ་གཉིས་ཡོད་ཅིང་། གོང་མ་ཤྲཱི་མ་ཎི་ལ། དྷི་རམས། འབུམ་རམས། ཁྲི་རམས་ཀྱི་རིམ་པ་གསུམ་དང་། འོག་མ་སིངྷ་བྷ་དྲ་ལ་ཡང་། གསེར། དངུལ། ཟངས་གསུམ་གྱི་རྟགས་མའི་རིམ་པ་ཡོད་པ་ལས། ད་སྔོན་འཛམ་གླིང་སྤྱི་དང་བྱེ་བྲག་གི་ཆོས་སྲིད་ལུགས་གཉིས་གང་ཐད་ནས་མཛད་རྗེས་བླ་ན་མཐོ་བ་འགའ་ལ། ལེགས་སྐྱེས་ཀྱི་ཕུད་ཕུལ་བཞེས་མྱོང་པར་མ་ཟད། ཚད་མཐོའི་རྒྱུགས་སྤྲོད་ཀྱི་རིམ་པ་བརྒྱུད་ནས་རྒྱུགས་འབྲས་གཟེངས་སུ་ཐོན་པའི་གཞོན་སྐྱེས་སྡེ་སྣོད་འཛིན་པ་བཅུ་ཕྲག་ཁ་ཤས་ལ་འོག་མ་སིངྷ་བྷ་དྲའི་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ཕུལ་ཡོད། གོང་འོག་གང་ཡིན་ཡང་བྱ་དགའི་རྣམ་གྲངས་འདི་ནི་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ནས་ནང་བསྟན་སློབ་གཉེར་བ་ལ་ཕུལ་བའི་རིམ་པ་ཆེས་མཐོ་ཤོས་དེ་ཡིན་པར་སྣང་། 

IMG_8762.JPG

IMG_8753.JPG

སྒྲུབ་སྡེ་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་སྤྱི་ཁྱབ་འགན་འཛིན་པ་རྗེ་དབོན་སྐུ་བཅར་རྫ་མུ་ར་རིན་པོ་ཆེ་དང་། པདྨའི་འོད་སྣང་ཚོགས་པའི་ཚོགས་གཙོ་མཆོག་སྤྲུལ་བསྟན་འཛིན་སྙན་གྲགས་རྣམ་གཉིས་ཀྱིས། ཐེངས་འདིའི་སྐལ་བཟང་ལེགས་སྐྱེས་སིངྷ་བྷ་དྲ་ཨང་དང་པོ་འཐོབ་མཁན་གསུམ་གྱི་མཚན་བྱང་གསལ་བསྒྲགས་དང་གསེར་གྱི་རྟགས་མའི་ཕྱག་ཁྱེར་དང་དམངས་སྒོར་ཁྲི་བདུན་རེའི་ཐོབ་དངུལ་གནང་། 

IMG_8700.JPG

ཨང་དང་པོ་མཁས་བཙུན་བཟང་པོ།  

སྡེ་སྣོད་འཛིན་པ་མཁས་བཙུན་བཟང་པོ་ལགས་ནི།  སྐུ་ཡུལ་རྫོགས་ཆེན་ནས་ཡིན་པ་དང་། དགོན་པ་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་ནས་ཡིན།  ད་ལོར་དགུང་གྲངས་ཉེར་གསུམ་བཞེས་ཤིང་། སྤྱི་ལོར་༢༠༡༦ ལོར་རྫོགས་ཆེན་ཤྲཱི་སེང་དཔལ་གྱི་ནཱ་ལེནྡྲའི་ཆོས་གྲཱ་ཆེན་མོ་རུ་ཞུགས་ནས་ལོ་དེར་རྟགས་རིགས་འཛིན་གྲྭའི་ཨང་གཉིས་པའི་གཟེངས་རྟགས་ཐོབ། ༢༠༡༧ ལོར་རིགས་གཏེར་འཛིན་གྲྭར་ཞུགས་ནས་ལོ་མཇུག་རྒྱུགས་སྤྲོད་སྐབས་ཨང་དང་པོའི་གཟེངས་རྟགས་ཐོབ། ༢༠༡༨ ལོར་རྣམ་འགྲེལ་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་རྒྱུགས་སྤྲོད་སྐབས་ཨང་དང་པོ་དང་། ལོ་མཇུག་རྒྱུགས་སྤྲོད་སྐབས་ཨང་གསུམ་པའི་གཟེངས་རྟགས་ཐོབ། ༢༠༡༩ ལོར་དབུ་མ་འོག་མའི་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་ལོ་མཇུག་གཉིས་ཀའི་རྒྱུགས་སྤྲོད་སྐབས་ཨང་དང་པོའི་གཟེངས་རྟགས་ཐོབ། ༢༠༢༠ལོར་དབུ་མ་གོང་མའི་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་ལོ་མཇུག་གཉིས་ཀའི་རྒྱུགས་སྤྲོད་སྐབས་ཨང་གཉིས་པའི་གཟེངས་རྟགས་ཐོབ། ༢༠༢༡ ལོར་ཕར་ཕྱིན་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་རྒྱུགས་སྤྲོད་སྐབས་ཨང་དང་པོའི་གཟེངས་རྟགས་ཐོབ་པ་དང་། ད་ལྟ་རྫོགས་་ཆེན་ཤྲཱི་སེང་ནཱ་ལེནྡྲར་ཕར་ཕྱིན་ལ་ཐོས་བསམ་གནང་བཞིན་ཡོད། ཁོང་གིས་ལོ་ངོ་མང་པོའི་རིང་འབད་པའི་བརྩོན་འགྲུས་དང་སྐྱེས་སྦྱངས་ཀྱི་ཤེས་རབ་འབུར་དུ་ཐོན་པ་ལ་བརྟེན་ནས་རྒྱུགས་འབྲས་ཁྱད་དུ་འཕགས་པས་ ༢༠༢༡ ལོའི་སྐལ་བཟང་ལེགས་སྐྱེས་སིངྷ་བྷ་དྲ་ཨང་རིམ་དང་པོའི་གཟེངས་རྟགས་ཐོབ།

IMG_8643.JPG

ཨང་དང་པོ་ཀུན་བཟང་ཤེས་རབ།

སྡེ་སྣོད་འཛིན་པ་ཀུན་བཟང་ཤེས་རབ་ལགས་ནི། སྐུ་ཡུལ་དཀར་མཛེས་རྟའུ་རྫོང་ནས་ཡིན་པ་དང་། དགོན་པ་ཁམས་མི་ཉག་སྐུ་ནུབ་ཡོན་ཏན་རིན་ཆེན་འཕེལ་རྒྱས་གླིང་ནས་ཡིན།  ད་ལོ་དགུང་གྲངས་ཉེར་བདུན་བཞེས་ཤིང་༢༠༠༧ ལོར་གསེར་རྟ་བླ་རུང་ཆོས་སྒར་དུ་ཞུགས་ཏེ་སུམ་རྟགས་སྙན་ངག་སོགས་རིག་གནས་སྐོར་དང་།  བློ་སྦྱོང་དང་འདུལ་བ་སོགས་ལ་ཐོས་བསམ་གནང་།  ༢༠༡༠ ལོ་ནས་ད་ལྟའི་བར་མི་ལོ་བཅུ་གཅིག་གི་ཡུན་ལ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་གདན་ས་ཆེན་མོ་ཤར་ཛཾ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་ཇོ་ནང་མདོ་སྔགས་སློབ་གླིང་དུ་ཞུགས་ཏེ།  བློ་རྟགས་བསྡུས་གསུམ་དང་།  གྲུབ་དོན་ས་གསུམ་སོགས་གཞུང་ཆེན་བཀའ་པོད་ལྔ་དང་དཔལ་ལྡན་དུས་ཀྱི་འཁོར་ལོའི་བར་གྱི་མདོ་སྔགས་གཉིས་ལ་སློབ་གཉེར་ཆ་ཚང་གནང་། ༢༠༡༣ ལོར་ཨ་མཆོག་མཚན་ཉིད་དགོན་དུ་ཕར་ཕྱིན་མཚན་ཕུད་དམ་བཅའ་བཞག  ༢༠༡༥ ལོར་ཇོ་ནང་སྐྱབས་མགོན་རིན་པོ་ཆེའི་ཁྲི་འདོན་མཛད་སྒོ་ཆེན་མོར་ཚོགས་ལངས་རྩོད་པ་བྱས།  ༢༠༡༦ ལོར་གཞན་སྟོང་དབུ་མ་ཆེན་མོའི་དམ་བཅའ་བཞག  

༢༠༢༠ ལོར་ཇོ་ནང་སྤྱིའི་གཞན་སྟོང་བགྲོ་གླེང་ཆེན་མོ་སྟེང་རྒྱུད་བླ་མའི་དམ་བཅའ་བཞག 

ད་ལྟ་ཇོ་ནང་མདོ་སྔགས་སློབ་གླིང་དུ་དཔེ་ཁྲིད་དགེ་རྒན་གྱི་འགན་བཞེས་བཞིན་ཡོད། 

ཁོང་གིས་༢༠༢༡ ལོའི་སྐལ་བཟང་ལེགས་སྐྱེས་རྒྱུགས་སྤྲོད་ཆེན་མོའི་སྐབས།  འདུལ་བ་འཆད་རྒྱུགས་དང་མངོན་པ་རྩོད་རྒྱུགས། ཕར་ཕྱིན་དཔྱད་རྩོམ་བཅས་ཀྱི་རྒྱུགས་སྤྲད་ནས་རྒྱུགས་སྐར་༨༣༡ དང་ཚེག་༦་ཐོབ་སྟེ་ལོ་འདིའི་སིངྷ་བྷ་དྲ་ཨང་རིམ་དང་པོའི་གཟེངས་རྟགས་ཐོབ།

IMG_8698.JPG

ཨང་དང་པོ་རྟ་མགྲིན་ཚེ་རིང་།

སྡེ་སྣོད་འཛིན་པ་རྟ་མགྲིན་ཚེ་རིང་ལགས་ནི།  སྐུ་ཡུལ་འཛིང་པ་ནས་ཡིན་པ་དང་། དགོན་པ་རབ་མཐོ་དགོན་ནས་ཡིན།  ད་ལོ་དགུང་གྲངས་ཉེར་བརྒྱད་བཞེས་ཤིང་།    ༢༠༡༢ ལོར་རྫོགས་ཆེན་ཤྲཱི་སེང་དཔལ་གྱི་ནཱ་ལེནྡྲའི་ཆོས་གྲྭ་ཆེན་མོ་རུ་ཞུགས་པ་ནས།   གཞུང་ཆེན་ཁག་ལ་ཐོས་བསམ་གནང་བ་སྟེ།  ༢༠༡༢ ལོར་རིག་གནས་འཛིན་གྲྭར་ཞུགས་ནས་ལོ་མཇུག་རྒྱུགས་སྤྲོད་ལ་ཨང་དང་པོའི་གཟེངས་རྟགས་ཐོབ།  ༢༠༡༣ ལོར་འདུལ་བ་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་དང་ལོ་མཇུག་གཉིས་ཀའི་རྒྱུགས་སྤྲོད་ལ་འདུལ་བ་ཨང་དང་པོའི་གཟེངས་རྟགས་ཐོབ།    ༢༠༡༤ ལོར་འདུལ་བ་ཆེད་སྦྱོང་བྱས་ནས་ལོ་ཕྱེད་དང་ལོ་མཇུག་གཉིས་ཀའི་རྒྱུགས་སྤྲོད་ལ་འདུལ་བ་ཨང་དང་པོའི་གཟེངས་རྟགས་ཐོབ།  ༢༠༡༨ ལོར་ཕར་ཕྱིན་འོག་མའི་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་རྒྱུགས་སྤྲོད་ལ་ཕར་ཕྱིན་ཨང་གཉིས་པ་དང་ལོ་མཇུག་རྒྱུགས་སྤྲོད་ལ་ཕར་ཕྱིན་ཨང་དང་པོའི་གཟེངས་རྟགས་ཐོབ།   ༢༠༡༩ ལོར་ཕར་ཕྱིན་གོང་མའི་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་དང་ལོ་མཇུག་གཉིས་ཀའི་རྒྱུགས་སྤྲོད་ལ་ཕར་ཕྱིན་ཨང་དང་པོའི་གཟེངས་རྟགས་ཐོབ།  ༢༠༢༠ ལོར་མངོན་པ་འོག་མའི་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་རྒྱུགས་སྤྲོད་ལ་མངོན་པ་ཨང་གཉིས་པ་དང་།    ལོ་མཇུག་རྒྱུགས་སྤྲོད་ལ་མངོན་པ་ཨང་གསུམ་པའི་གཟེངས་རྟགས་ཐོབ།   ༢༠༢༡ ལོར་མངོན་པ་གོང་མའི་འཛིག་གྲྭར་ཞུགས་ནས་ལོ་ཕྱེད་རྒྱུགས་སྤྲོད་སྐབས་མངོན་པ་ཨང་གཉིས་པའི་གཟེངས་རྟགས་ཐོབ།     ད་ལྟ་ཤྲཱི་སེང་ཆོས་གྲྭར་མངོན་པ་ལ་ཐོས་བསམ་གནང་བཞིན་ཡོད།    ཁོང་གིས་ཡུན་རིང་འབད་པའི་བརྩོན་འགྲུས་དང་སུས་ཀྱང་འགྲན་པར་དཀའ་བའི་ཤེས་རབ་ལ་བརྟེན་ནས་རྒྱུགས་འབྲས་ཁྱད་དུ་འཕགས་པ་ཐོབ་པས་ ༢༠༢༡ ལོའི་སྐལ་བཟང་ལེགས་སྐྱེས་སིངྷ་བྷ་དྲ་ཨང་རིམ་དང་པོའི་གཟེངས་རྟགས་ཐོབ།

IMG_8741.JPG

IMG_8749.JPG


རྫོགས་ཆེན་ཤྲཱི་སེང་མཐོ་རིམ་ནང་བསྟན་སློབ་གླིང་གི་མཁན་རབས་སོ་བདུན་པ་མཁན་ཆེན་ཁྲི་པ་པདྨ་འཇམ་དབྱངས་མཆོག་དང་། སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་གྱི་བསྟན་བདག་ཁྲི་པ་མཆོག་སྤྲུལ་དགེ་སྐྱབས་རྣམ་གཉིས་ཀྱིས། སྐལ་བཟང་ལེགས་སྐྱེས་སིངྷ་བྷ་དྲ་ཨང་གཉིས་པ་འཐོབ་མཁན་གྱི་མཚན་བྱང་གསལ་བསྒྲགས་གནང་ཞིང་དངུལ་གྱི་རྟགས་མའི་ཕྱག་ཁྱེར་དང་དམངས་སྒོར་ཁྲི་ལྔ་རེའི་ཐོབ་དངུལ་གནང་།

IMG_8646.JPG

ཨང་གཉིས་པ། སྡེ་སྣོད་འཛིན་པ་ཤེས་རབ་མཆོག་ལྡན་ལགས་ནི། སྐུ་ཡུལ་བྱང་སྡེ་ཉི་མ་རྫ་ཆུ་ཁ་ཁྲོམ་རྫ་འགབ་མ་ནས་ཡིན། དགོན་པ་སྔ་འགྱུར་དྲེལ་དཀར་དགོན་འོག་མིན་གསང་ཆེན་བཤད་སྒྲུབ་དར་རྒྱས་གླིང་ནས་ཡིན། ད་ལོར་དགུང་གྲངས་ཉེར་བདུན་བཞེས་ཤིང་། ༢༠༠༨ ལོ་ནས་སྔ་འགྱུར་དྲེལ་དཀར་བཤད་གྲྭ་མི་ཕམ་ནོར་བུའི་སློབ་གླིང་དང་གསེར་རྟ་བླ་རུང་ཆོས་སྒར་ཆེན་མོ།  རྫོང་སར་ཁམས་བྱེའི་བཤད་གྲྭ་སོགས་སུ་ལོ་མང་ཐོས་བསམ་བྱས།  ༢༠༡༡ ལོ་ནས་བསྟུད་མར་ལོ་བཅུ་གཅིག་རིང་སྔ་འགྱུར་རྒྱལ་བསྟན་དར་སྤེལ་ཚོགས་པའི་རྒྱུགས་སྤྲོད་ལ་ཞུགས་ནས་བསྡོམས་གཞུང་ཆེན་ཁག་གི་རྒྱུགས་སྤྲོད་ཀྱི་ཨང་དང་པོའི་བྱ་དགའ་བཅུ་དྲུག་དང་། གཉིས་པའི་བྱ་དགའ་གཅིག  གསུམ་པའི་བྱ་དགའ་གཅིག་བཅས་ཐོབ། ༢༠༡༦ ལོར་སྔ་འགྱུར་དྲེལ་དཀར་དགོན་གྱི་མཁན་པོའི་མཚན་གནས་བཞེས་ཏེ་ད་ལྟའི་བར་དམ་ཆོས་འཆད་ཉན་གྱི་ལས་ལ་གཞོལ་བཞིན་ཡོད།  ཁོང་གིས་༢༠༢༡ ལོའི་སྐལ་བཟང་ལེགས་སྐྱེས་རྒྱུགས་སྤྲོད་ཆེན་མོའི་སྐབས། དབུ་མ་འཆད་རྒྱུགས་དང་། ཚད་མ་རྩོད་རྒྱུགས།  མངོན་པ་དཔྱད་རྩོམ་བཅས་ཀྱི་རྒྱུགས་སྤྲད་ནས་རྒྱུགས་སྐར་༨༢༡ དང་ཚེག་༨ ཐོབ་སྟེ་འདི་ལོའི་སིངྷ་བྷ་དྲ་ཨང་རིམ་གཉིས་པའི་གཟེངས་རྟགས་ཐོབ། 

IMG_8713.JPG

ཨང་གཉིས་པ། སྡེ་སྣོད་འཛིན་པ་པདྨ་ཐེག་མཆོག་ལགས་ནི། སྐུ་ཡུལ་མདོ་སྨད་མགོ་ལོག་ཨ་སྐྱོང་ནས་ཡིན་པ་དང་། དགོན་པ་ཨ་སྐྱོང་རྟོགས་ལྡན་དགོན་ནས་ཡིན་ཞིང་། ད་ལོར་དགུང་གྲངས་ཉེར་ལྔ་བཞེས་པ་དང་། ༢༠༡༥ ལོར་སྔ་འགྱུར་རྩ་བའི་གདན་ས་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་ཤིང་གཞུང་ཆེན་ཁག་ལ་ཐོས་བསམ་མཛད། ༢༠༡༧ ལོར་རྣམ་འགྲེལ་འཛིན་གྲྭར་ཞུགས་ནས་ལོ་མཇུག་རྒྱུགས་སྤྲོད་ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ། ༢༠༡༩ ལོར་དབུ་མའི་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་རྒྱུགས་སྤྲོད་ལ་ཨང་གཉིས་པ་དང་། ལོ་མཇུག་རྒྱུགས་སྤྲོད་ལ་ཨང་དང་པོའི་གཟེངས་རྟགས་ཐོབ། ༢༠༢༠ ལོར་ཕར་ཕྱིན་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་དང་ལོ་མཇུག་གཉིས་ཀའི་རྒྱུགས་སྤྲོད་ལ་ཕར་ཕྱིན་ཨང་དང་པོའི་གཟེངས་རྟགས་ཐོབ། ད་ལྟ་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲར་མུ་མཐུད་ཐོས་བསམ་གནང་བཞིན་ཡོད་ལ་ཁོང་གིས་ལོ་ངོ་མང་པོར་ཐོས་བསམ་ལ་འབད་བརྩོན་ཆེར་བསྐྱེད་ཀྱིས། ཐེངས་འདིར་༢༠༢༡ ལོའི་སྐལ་ལེགས་སྐྱེས་སིངྷ་བྷ་དྲ་ཨང་རིམ་གཉིས་པའི་གཟེངས་རྟགས་ཐོབ།


IMG_8726.JPG

IMG_8736.JPG

པདྨའི་འོད་སྣང་ཚོགས་པའི་ཚོགས་གཙོ་བོད་ཀྱི་སློབ་གསོ་བ་ཆེན་མོ་དགུ་སྤྲུལ་གཅན་རོང་བསྟན་འཛིན་མཆོག་སྤྲུལ་དང་། པདྨའི་འོད་སྣང་ཚོགས་པའི་ཚོགས་གཙོ་མཆོག་སྤྲུལ་བསྟན་སྐྱོང་ནོར་བུ་རྣམ་གཉིས་ཀྱིས། སྐལ་བཟང་ལེགས་སྐྱེས་ཨང་གསུམ་པ་འཐོབ་མཁན་གྱི་མཚན་བྱང་གསལ་བསྒྲགས་མཛད་དེ་ཟངས་ཀྱི་རྟགས་མའི་ཕྱག་ཁྱེར་དང་དམངས་སྒོར་ཁྲི་གསུམ་རེའི་ཐོབ་དངུལ་གནང་། 

IMG_8711.JPG

ཨང་གསུམ་པ། སྡེ་སྣོད་འཛིན་པ་བསོད་ནམས་སྟོབས་རྒྱལ་ལགས་ནི། སྐུ་ཡུལ་ཡིད་ལྷུང་རྣ་རོང་སྡེ་བ་ནས་ཡིན་པ་དང་། དགོན་པ་རྒྱལ་རོང་རྟག་བརྟན་རྣམ་རྒྱལ་གླིང་ནས་ཡིན། ད་ལོར་དགུང་གྲངས་ཉེར་ལྔ་བཞེས་ཤིང་། ༢༠༡༤ ལོར་སྔ་འགྱུར་རྩ་བའི་གདན་ས་རྫོགས་ཆེན་ཤྲཱི་སེང་དཔལ་གྱི་ན་ལེནྡྲའི་ཆོས་གྲྭ་ཆེན་མོར་ཞུགས། རིག་གནས་ནས་གཞུང་ཆེན་ཁག་ལ་ཐོས་བསམ་གནང་སྟེ། ༢༠༡༥ ལོར་འདུལ་བ་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་རྒྱུགས་སྤྲོད་ལ་ཨང་གསུམ་པའི་གཟེང་རྟགས་ཐོབ་ཅིང་ལོ་དེའི་ལོ་མཇུག་རྒྱུགས་སྤྲོད་ལ་ཨང་གསུམ་པའི་གཟེངས་རྟགས་ཐོབ།  ༢༠༡༩ ལོར་ཕར་ཕྱིན་གོང་མའི་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་རྒྱུགས་སྤྲོད་ལ་ཨང་གསུམ་པའི་གཟེངས་རྟགས་ཐོབ་ཅིང་། ལོ་དེའི་ལོ་མཇུག་རྒྱུགས་སྤྲོད་ལ་ཡང་ཨང་གསུམ་པའི་གཟེངས་རྟགས་ཐོབ། ༢༠༢༠ ལོར་མངོན་པ་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་རྒྱུགས་སྤྲོད་ལ་ཨང་དང་པོའི་གཟེངས་རྟགས་ཐོབ་པ་དང་ལོ་དེའི་ལོ་མཇུག་རྒྱུགས་སྤྲོད་ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ། ༢༠༢༡ ལོར་སླར་ཡང་འདུལ་བ་འཛིན་གྲྭར་ཞུགས་ནས་ལོ་ཕྱེད་རྒྱུགས་སྤྲོད་ལ་ཨང་དང་པོའི་གཟེངས་རྟགས་ཐོབ་པ་དང་། ད་ལྟ་རྫོགས་ཆེན་ཤྲཱི་སེང་ན་ལེནྡྲར་འདུལ་བ་ལ་ཐོས་བསམ་གནང་བཞིན་ཡོད། ཁོང་གིས་ལོ་ངོ་མང་པོའི་རིང་ལ་དཀའ་སྡུག་གི་འགག་འཕྲང་གཏོར་ཏེ་བརྩོན་འགྲུས་ཐང་ལྷོད་མེད་པར་ཐོས་བསམ་ལ་བརྩོན་པས་རྒྱུགས་འབྲས་གཟེངས་སུ་ཐོན་པར་བྱུང་སྟེ། ཁོང་ལ་༢༠༢༡ལོའི་སྐལ་བཟང་ལེགས་སྐྱེས་ཀྱི་སིངྷ་བྷ་དྲ་ཨང་རིམ་གསུམ་པའི་གཟེངས་རྟགས་ཐོབ། 

IMG_8796.JPG

ཨང་གསུམ་པ། སྡེ་སྣོད་འཛིན་པ་བཀྲ་ཤིས་བཟང་པོ་ལགས་ནི།    སྐུ་ཡུལ་བྱང་སྡེ་ཉི་མ་རྫ་ཆུ་ཁ་ཁྲོམ་རྫ་འགབ་མ་ནས་ཡིན་པ་དང་། དགོན་པ་སྔ་འགྱུར་དྲེལ་དཀར་དགོན་འོག་མིན་གསང་ཆེན་བཤད་སྒྲུབ་དར་རྒྱས་གླིང་ནས་ཡིན།  ད་ལོར་དགུང་གྲངས་ཉེར་དྲུག་བཞེས་ཤིང་། སྤྱི་ལོ་༢༠༠༨ ལོར་སྔ་འགྱུར་དྲེལ་དཀར་བཤད་གྲྭ་མི་ཕམ་ནོར་བུའི་སློབ་གླིང་དང་། ལབ་བཤད་གྲྭ།  ཉ་་མཚོ་ཟིལ་དཀར་དགོན།  རྫོང་སར་ཁམས་བྱེས་བཤད་གྲྭ་སོགས་སུ་ལོ་མང་རིང་ཐོས་བསམ་བྱས།    ༢༠༡༣ ལོ་ནས་བསྟུད་མར་ལོ་དགུའི་རིང་ལ་སྔ་འགྱུར་རྒྱལ་བསྟན་དར་སྤེལ་ཚོགས་པའི་རྒྱུགས་སྤྲོད་ལ་ཞུགས་ནས་བསྡོམས་གཞུང་ཆེན་ཁག་གི་རྒྱུགས་སྤྲོད་ཨང་དང་པོའི་བྱ་དགའ་དགུ་དང་། ཨང་གཉིས་པའི་བྱ་དགའ་ལྔ་བཅས་ཐོབ། རང་དགོན་དྲེལ་དཀར་བཤད་གྲྭ་ནས་སྤྱི་ལོ་༢༠༠༨ནས་ད་ལྟའི་བར་དུ་རིག་གནས་སུམ་རྟགས་དག་གསུམ། རིགས་ལམ་ཆེ་འབྲིང་ཆུང་གསུམ། ཚད་མ་རྣམ་འགྲེལ་དང་རིགས་གཏེར་གཉིས་ཀྱི་གཙོས་ཚད་གཞུང་རྣམས་དང་། མངོན་པ་མཛོད་ཀྱི་གཙོས་མཛོད་འགྲེལ་རྣམས་དང་། དབུ་མ་རྒྱན་འཇུག་གཉིས་ཀྱི་གཙོས་དབུ་གཞུང་རྣམས་དང་། འདུལ་བ་མདོ་རྩ་བའི་གཙོས་འདུལ་གཞུང་རྣམས་དང་། ཕར་ཕྱིན་མངོན་རྟོགས་རྒྱན་དང་མ་ཕམ་ཞལ་ལུང་གཉིས་ཀྱི་གཙོས་ཕར་ཕྱིན་ཀྱི་གཞུང་རྣམས་དང་། ད་དུང་རྒྱུད་སྡེ་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་དང་སྤྱི་དོན་འོད་གསལ་སྙིང་པོ་གཉིས་ཀྱི་གཙོས་རྒྱུད་གཞུང་རྣམས་ལ་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་དཀའ་བ་ཁྱད་བསད་དང་ངལ་བ་དང་བླངས་བྱས། འཆད་རྩོད་རྩོམ་གསུམ་གྱི་རྒྱུགས་ཀྱི་རིམ་པའང་ལོ་རེ་བཞིན་ལོ་མཇུག་གི་རྒྱུགས་དང་ཟླ་རྒྱུགས་སོགས་རྒྱུགས་གང་ཡིན་རུང་ཨང་རིམ་དང་པོ་ཕལ་ཆེར་ཐོབ། ད་ལྟ་མུ་མཐུད་ཐོས་བསམ་གནང་བཞིན་ཡོད།


ཁོང་གིས་༢༠༢༡ལོའི་སྐལ་བཟང་ལེགས་སྐྱེས་རྒྱུགས་སྤྲོད་ཆེན་མོའི་སྐབས་སུ་རྒྱུགས་སྤྲད་ནས་རྒྱུགས་སྐར་༧༧༨.༥ ཐོབ་སྟེ་ལོ་འདིའི་སིངྷ་བྷ་དྲ་ཨང་རིམ་གསུམ་པའི་གཟེངས་རྟགས་ཐོབ།


IMG_8770.JPG

ཐེངས་འདིའི་རྒྱུགས་སྤྲོད་ཆ་ཚང་ལ་དངོས་སུ་ཞུགས་པའི་ཤེས་བརྩོན་འདུན་པ་མཆོག་ཏུ་དགེ་བའི་ཕྱོགས་ཀྱི་སློབ་གཉེར་བ། ཉི་འབུམ་དང་། སངས་རྒྱས་རྡོ་རྗེ། པདྨ་དཀར་པོ། དགེ་ལེགས་ཡར་འཕེལ་རྣམས་ལ་གཟི་བརྗིད་དཔང་ཡིག་དང་དམངས་སྒོར་སྟོང་གསུམ་རེའི་ཕྱག་དངུལ་ཐོབ།

IMG_8662.JPG

ཉི་འབུམ།

IMG_8657.JPG

སངས་རྒྱས་རྡོ་རྗེ།

IMG_8654.JPG

པདྨ་དཀར་པོ།

IMG_8650.JPG

དགེ་ལེགས་ཡར་འཕེལ།

IMG_8777.JPG

IMG_8768.jpg

སྐལ་བཟང་ལེགས་བྱས་ཚོགས་པའི་ཚོགས་གཙོ་ལྕམ་རིག་འཛིན་དབང་མོ།

2021 ལོའི་སྐལ་བཟང་ལེགས་སྐྱེས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་མདོ་འཛིན་པ།  སྡེ་སྣོད་འཛིན་པ་ཨོ་རྒྱན་དངོས་གྲུབ།

WechatIMG759.jpeg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།