འཇམ་མགོན་མི་ཕམ་རིན་པོ་ཆེ་དགོངས་རྫོགས་དུས་དྲན།

WechatIMG92.jpeg


གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་གིས། བོད་རབ་བྱུང་བཅུ་བདུན་པའི་ལྕགས་གླང་ལོའི་བོད་ཟླ་ ༤ པའི་ཚེས་ ༢༩ ཕྱི་ཟླ་ ༦ པའི་ཚེས་ ༩ ཉིན། སྔ་འགྱུར་རྒྱལ་བསྟན་གསལ་བའི་སྒྲོན་མེ་གངས་ལྗོངས་མ་ཧཱ་པཎྜི་ཏ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ལམ་མི་ཕམ་དགྱེས་པའི་རྡོ་རྗེ་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་བརྒྱ་དང་དགུ་ལོན་པའི་རྗེས་དྲན་དུ། ཐོག་མར་འདས་མཆོད་ཀྱི་ཞལ་འདོན་རྣམས་སྔོན་དུ་གསུངས་འཕྲལ། ལོ་ཕྱེད་བཀའ་པོད་དམ་བཅའ་ཆེན་མོ་ལུང་རིགས་ཀྱི་དཔུང་སྡེས་ཉིན་གུང་གི་གསོལ་ཚིགས་གསོལ་བའི་དུས་ཚོད་ལས་གཞན་ཉིན་ཧྲིལ་པོ་ལ་བརྒལ་བརྟག་གི་རིག་རྩལ་འགྲན་ནས་མཇུག་ཏུ་བསྟན་རྒྱས་སྨོན་ལམ་སོགས་ཀྱིས་མཐར་བརྒྱན་ཏེ་གཟི་བརྗིད་དང་རྒྱལ་ཁའི་ངང་གནས་སྐབས་སུ་ཡོངས་སུ་གྲོལ་བའོ། །

7111623236624_.pic_hd.jpg

འཇམ་མགོན་མི་ཕམ་པའི་ཞལ་ཐང་ཆེན་མོ་འདི་ནི། པར་ཤིང་པར་རྙིང་ཁུངས་བཙུན་དག་གཞིར་བྱས་ཤིང་ཤྲཱི་སེང་ནཱ་ལེནྡྲའི་ལས་འཛིན་ལྷན་རྒྱས་ནས་བཟོ་བཀོད་དང་ཞལ་འཆོས་བྱས་ཏེ་འབྲི་བཞེངས་བཅུག་པ་ཡིན་ལ། ཐེངས་འདིར་མཆོག་ཉིད་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་༡༠༩ལོན་པའི་འདས་མཆོད་ཉིན་གདན་ས་ཤྲཱི་སེང་དཔལ་གྱི་ནཱ་ལེནྡྲར་དངོས་སུ་བཤམ་བཀོད་བྱས་པའི་ཡུལ་ངོས།

WechatIMG723.jpeg

གྲགས་སྙན་གདུགས་དཀར་གཅིག་གིས་ས་སྟེང་ཀུན།།

མངོན་མཐོར་བྱེད་པ་གྲུབ་དབང་རྫོགས་ཆེན་པ།།

ཡབ་སྲས་བརྒྱུད་པར་བཅས་པའི་ཞབས་ཀྱི་རྡུལ།།

ས་གསུམ་ཀུན་དགར་བྱེད་པས་ཤིས་གྱུར་ཅིག །

                                   འཇམ་མགོན་མི་ཕམ་རིན་པོ་ཆེས།

WechatIMG720.jpeg

༄༅། །རྗེ་འཇམ་མགོན་བླ་མ་མི་ཕམ་པའི་བླ་མའི་རྣལ་འབྱོར་ཉུང་བསྡུས་ཤེས་རབ་མཆོག་སྦྱིན་ཞེས་བྱ་བ་བཞུགས།

དྷཱིཿ བདག་ཉིད་ཐ་མལ་གནས་པའི་མདུན་མཁའ་རུ། །ཡེ་ཤེས་འོད་ཟེར་དྲ་བའི་ལྡིང་ཁང་དབུས། །རབ་མཛེས་པད་དཀར་ཟླ་བའི་དཀྱིལ་འཁོར་སྟེང་། །དམར་སེར་དྷཱིཿཡིག་འོད་ཞུ་སྐད་ཅིག་གིས། །རྒྱལ་ཀུན་མཁྱེན་རབ་དབང་ཕྱུག་སྨྲ་བའི་རྒྱལ། །གངས་ལྗོངས་མཁས་པའི་ཁྱུ་མཆོག་མིའི་སེང་གེ། །མཚུངས་མེད་འཇམ་མགོན་བླ་མ་མི་ཕམ་པ། །སྐུ་མདོག་དཀར་དམར་གཞོན་ནུའི་ལང་ཚོ་ཅན། །མཁྱེན་རབ་ཡེ་ཤེས་སྐུ་ཅན་མཚན་དཔེར་འབར། །ངུར་སྨྲིག་རྒྱན་འཆང་པཎྜི་ཏ་ཡི་ཆས། །ཕྱག་གཉིས་ཆོས་འཆད་མཐེབ་མཛུབ་པདྨ་དང་། །ཨུཏྤལ་སྡོང་བུ་འཛིན་པའི་གེ་སར་རྩེར། །ཤེས་རབ་རལ་གྲི་པོ་སྟིས་གཡས་གཡོན་མཚན། །ཕྱོགས་དུས་སྲས་བཅས་རྒྱལ་བའི་ངོ་བོར་བཞུགས། །ཐུགས་དབུས་ཟླ་དཀྱིལ་དྷཱིཿཡིག་འབར་བ་ལ། །སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས། །སྙིང་ལ་འཇམ་དཔལ་དཔའ་བོའི་མཐུ་ཞུགས་ཏེ། །ཇི་ལྟ་ཇི་སྙེད་མ་ལུས་ཤེས་བྱའི་དོན། །མངོན་སུམ་མྱུར་དུ་མཐོང་བའི་མཁྱེན་རབ་ཀྱི། །ཡེ་ཤེས་སྣང་བ་ཆེན་པོ་རྒྱས་པར་བསམ། །ཨོཾ་མ་ཧཱ་གུ་རུ་བཱ་དི་སིངྷ་བཛྲ་ཏིཀྵྞ་ས་ར་ད་མུ་སྭཱ་ཧཱ། ཅི་ནུས་བཟླས་མཐར། མོས་གུས་གདུང་དབྱངས་སྙན་པོས། ཨེ་མ་ཡབ་གཅིག་བླ་མ་ཆོས་ཀྱི་རྗེ། །མཆོག་གསུམ་རྩ་གསུམ་ཀུན་འདུས་ཡིད་བཞིན་ནོར། །ཁྱེད་ཐུགས་མོས་པའི་བུ་ལ་ཉེར་དགོངས་ནས། །མཆོག་སྦྱིན་བྱིན་རླབས་ཡེ་ཤེས་དབང་ཆེན་སྐུར། །སྙིང་དབུས་པདྨོ་རྣམ་པར་བཞད་པའི་རྩེར། །མཁྱེན་རབ་ཡེ་ཤེས་ཉི་མ་རབ་ཞུགས་ཏེ། །རྨོངས་ཆེན་མུན་པའི་སྨག་རུམ་སེལ་བ་དང་། །སྒྲིབ་གཉིས་དྲི་མ་དྲུངས་ནས་འབྱིན་པར་མཛོད། །ཁྱད་པར་ཟབ་དང་རྒྱ་ཆེའི་མདོ་རྒྱུད་ཀྱི། །ཚིག་དོན་མི་བརྗེད་གཟུངས་ལ་དབང་འབྱོར་ཞིང་། །ཞུམ་མེད་སྤོབས་པའི་གདེང་དང་ལྡན་པ་ཡིས། །འཆད་རྩོད་རྩོམ་ལ་ཐོགས་པ་མེད་པར་མཛོད། །དཀའ་བའི་གནས་ལ་རྨོངས་པས་ཉམས་ཐག་ཚེ། །འཇམ་དབྱངས་བླ་མས་དགྱེས་ཞལ་དངོས་སུ་སྟོན། །མགྲིན་པའི་ཆོས་དུང་གཡས་འཁྱིལ་ནོར་བུས་མཚན། །དབྱངས་ཅན་སྙན་པའི་ངག་གིས་རྟག་ཏུ་སྲུངས། །ཨེ་ཡིག་ཀ་དག་སྟོང་ཆེན་ཆོས་ཀྱི་དབྱིངས། །ཝཾ་ཡིག་ལྷུན་གྲུབ་སྒྱུ་འཕྲུལ་རོལ་མོའི་སྤྲིན། །ཟུང་འཇུག་སྣང་སྟོང་ཡེ་ཤེས་སྒྱུ་མའི་སྐུས། །མངོན་སུམ་དགྱེས་བཞིན་རྗེས་སུ་བཟུང་བར་མཛོད། །མཐར་ནི་རིགས་སྔགས་ཉི་ཟླའི་སྒྲོན་མེ་ཡིས། །ཐུགས་ཀྱི་རྒྱུད་བསྐུལ་བླ་མ་ལྷག་པའི་ལྷའི། །ཐུགས་སྲོག་དྷཱིཿལས་འོད་འཕྲོས་རང་ལ་ཕོགས། །རང་ལུས་འོད་ཞུ་བླ་མའི་ཐུགས་ཀར་ཐིམ། །བླ་མ་མཆོག་ཉིད་ཐུགས་སྲོག་དྷཱིཿལ་བསྡུས། །དྷཱིཿཡིག་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །བློ་འདས་ཆོས་སྐུའི་དགོངས་ཀློང་མཚན་མ་བྲལ། །རིག་སྟོང་བརྗོད་པ་བྲལ་བའི་ངང་ལ་བཞག །དྷཱིཿ དྷཱིཿ དྷཱིཿ ཞེས་རེ་ཞིག་མཉམ་པར་བཞག་མཐར། བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷ། །འབྲལ་མེད་སྙིང་གི་ཟེའུ་འབྲུར་མཆོད་པའི་མཐུས། །དེང་ནས་མཁྱེན་བརྩེ་ནུས་གསུམ་མཐར་ཕྱིན་ཏེ། །འཇམ་མགོན་བླ་མ་ཉིད་དང་མཉམ་པར་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་མགོན་བླ་མ་འགྲུབ་གྱུར་ནས་སོགས་སྨོན་ལམ་ཅི་རིགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་གངས་ལྗོངས་མཁས་པའི་འབྱུང་གནས་ཤྲཱི་སེང་དཔལ་གྱི་ནཱ་ལེནྡྲའི་ཆོས་གྲྭ་ཆེན་པོའི་མཁན་ཆེན་ཁྲི་འཛིན་པ་པདྨ་འཇམ་དབྱངས་རྣམ་པར་རྒྱལ་བའི་སྡེའི་བཞེད་སྐོང་དུ་འཕྲལ་མར་ཤར་འབྲི་བྱས་པ་པདྨ་སྐལ་བཟང་དེས་སོ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།