མཁན་ཆེན་ཨོ་རྒྱན་རིག་འཛིན་མཆོག་གིས་མཛད་པའི《སྒྱུ་འཕྲུལ་དྲྭ་བའི་ཚིག་མཛོད》པར་དུ་བསྐྲུན་པ།

WechatIMG189.jpeg

རྒྱུད་སྒྱུ་འཕྲུལ་དྲྭ་བའི་ཚིག་མཛོད་རྡོ་རྗེའི་གསང་མཛོད་འབྱེད་པའི་ལྡེ་མིག་ཅེས་བྱ་བ་འདི་ནི། རྫོགས་ཆེན་མཁན་ཆེན་ཨོ་རྒྱན་རིག་འཛིན་མཆོག་གིས་གསང་ཆེན་སྔ་འགྱུར་རྙིང་མའི་ཕ་ཆོས་མདོ་སྒྱུ་སེམས་གསུམ་ལས་རྒྱུད་སྒྱུ་འཕྲུལ་དྲྭ་བའི་ཚིག་མཛོད་ལ་ཁུངས་བཅོལ་ནས་མཛད་པ་སྟེ།  ཚིག་མཛོད་ཕལ་དང་མི་འདྲ་བར་རྒྱུད་གསང་བ་སྙིང་པོའི་དཀའ་བའི་གནད་རྣམས་གསལ་ལ་གོ་བདེར་བཀྲལ་བའི་དཀའ་འགྲེལ་ཞིག་ཏུ་ཆགས་ཡོད་པ་དང་། ཚིག་མཛོད་འདིའི་འབུར་དུ་ཐོན་པའི་ཁྱད་ཆོས་གཙོ་བ་ནི།  ཚིག་མཛོད་སྒྲིག་སྟངས་སྒྲོམ་གཞིའི་ཐད་དེང་རབས་ཚིག་མཛོད་རིག་པའི་སྒྲིག་ཚུལ་ལ་བསྟུན་ཅི་ནུས་བགྱིས་ཤིང་དེ་ཡང་རྒྱུད་ཀྱི་དཀའ་གནད་རྣམས་གཙོ་བོར་བྱས་པར་གསལ་ལ་གོ་བདེའི་སྡེབ་ལེགས་ཉུང་ངུའི་ཚིག་གིས་འགྲེལ་བཤད་བྱས་པ།   འགྲེལ་བཤད་དེ་དག་གི་ཁུངས་གང་ལ་བཏུག་པའི་སྔོན་གྱི་འགྲེལ་བ་དང་འགྲེལ་བཤད། སྤྱི་དོན་དང་ཆོ་ག་སོགས་ཀ་ཐོག་བཀའ་མ་རྒྱས་པ་གཞིར་བཞག་གི་པོད་ཕྲེང་དང་ལྡེབ་གྲངས་རྣམས་རིམ་པར་བཀོད་པ།  དཔེ་ཀློག་མཁན་དག་གིས་རྒྱུད་ཀྱི་དཀའ་གནད་རྣམས་ཐད་ཀར་འཚོལ་སླ་ཞིང་སྔོན་བྱོན་མཁས་གྲུབ་དག་གི་གསུང་ཚིག་ཇི་བཞིན་ཁུངས་སུ་དྲང་ཡོད་པ་ལས་རང་བཟོས་ཉོག་ཚིག་གིས་མ་བསླད་པས་ཡིད་ཆེས་སུ་རུང་བ་སོགས་ཀྱི་ཁྱད་ཆོས་མངའ་བ་ཡིན་ནོ།།

WechatIMG385.jpeg

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

 གྲུབ་དབང་རྫོགས་ཆེན་པའི་མཁན་རབས་སོ་བཞི་པ་ཨོ་རྒྱན་རིག་འཛིན་མཆོག་ནི། སྤྱི་ལོ་༡༩༦༨བོད་ས་སྤྲེལ་ལོར་ཡབ་ལྷ་སྐྱབས་དང་ཡུམ་པདྨ་གཉིས་ཀྱི་སྲས་སུ་ད་ལྟའི་སྲིད་འཛིན་ས་ཁོང་ལྟར་ན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ཨ་སེ་རུ་སྐུ་འཁྲུངས། དགུང་གྲངས་བཅུ་གཅིག་པ་ནས་ཁོང་གི་ཞང་བོ་མཁན་པོ་ཆོས་གྲགས་ལས་ཀློག་དང་བྲིས་གཟུགས། སུམ་རྟགས་དང་ཆོ་གའི་ཕྱག་ལེན་སྐོར་སོགས་སྦྱངས་པ་ཚེགས་མེད་དུ་མཁྱེན། བཅུ་བཞི་པ་ནས་ལོ་གཉིས་རིང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ནས་ཐུན་མོང་རིག་གནས་འགའ་ཞིག་ལ་སློབ་སྦྱོང་བྱས། བཅོ་ལྔ་བར་བོ་རོད་གང་སྤྲུལ་ལས་སྟོད་འདུལ་སྡོམ་རྒྱུན་དུ་རབ་ཏུ་བྱུང་། བཅོ་བརྒྱད་པར་དགེ་མང་མཁན་ཆེན་དབང་རྡིས་ལས་སྤྱོད་འཇུག་དང་སྡོམ་གསུམ་སོགས་ཆོས་བཀའ་ཅི་རིགས་གསན། བཅུ་དགུ་ནས་ལོ་བདུན་རིང་མ་ཧཱ་པཎྜི་ཏ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་ལས་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཚུལ་རྒྱ་ཆེན་གསན། དེ་ཐམས་ཅད་ཀྱི་སྐྱོར་དཔོན་དང་ཞར་ལ་སྤྱོད་འཇུག་དང་འཇུག་པ་སོགས་ཀྱི་ཆོས་ཁྲིད་ཀྱང་གནང་། ཉེར་གཉིས་པར་༡༩༨༩ལོར་རྫ་ཕུག་དགོན་བླ་མ་སྡོམ་བརྩོན་པདྨ་འོད་ཟེར་ནས་མཁན་པོ་དང་མཁན་ཆེན་དགེ་ལེགས་ཆོས་འཕེལ་གྱི་ཞལ་སྔ་ནས་ཀྱིས་ལས་ཀྱི་སློབ་དཔོན་མཛད་པ་སོགས་ཡུལ་དབུས་ཀྱི་གྲངས་དང་མཉམ་པའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། སྔ་ཕྱིར་སྐྱབས་རྗེ་པདྨ་སྐལ་བཟང་། རྫོགས་ཆེན་འབྲུག་སྤྲུལ་ཐུབ་བསྟན་ཉི་མ། རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ། ཨ་འཛོམས་འབྲུག་སྤྲུལ་ཐུབ་བསྟན་པདྨ་ཕྲིན་ལས། དིལ་མཁྱེན་རབ་གསལ་ཟླ་བ། དགེ་མང་མཁན་ཆེན་དབང་ལོ། དབོན་སྤྲུལ་བསྟན་པའི་དབང་ཕྱུག་སོགས་ལས་ནང་རྒྱུད་སྡེ་གསུམ་གྱི་སྨིན་ཁྲིད་མང་པོ་གསན། དགུང་གྲངས་ཉེར་ལྔ་པར་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་མཆོག་གིས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་རུ་སེང་ཁྲིར་མངའ་གསོལ། དགུང་གྲངས་ཉེར་དྲུག་ནས་བཟུང་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་རུ་བཞུགས་ནས་ཆོས་འཆད་སྤེལ་རྒྱ་ཆེན་མཛད་ཅིང་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་པ་ཁྲི་རབས་སོ་བཞི་བའི་གདན་རབས་བཟུང་། ད་ལྟའི་བར་མདོ་སྔགས་རིག་གནས་དང་བཅས་པར་འཆད་རྩོམ་མཛད་བཟང་ཟབ་རྒྱས་སྐྱོང་བཞིན་པའི་ཞར་ལ། ཕྱི་ལོ་༢༠༠༦ལོར་པེ་ཅིན་ནང་བསྟན་མཐོ་རིམ་སློབ་གླིང་ནས་གདན་ཞུས་ལྟར་ཕེབས་ཏེ་བྱང་སེམས་སྤྱོད་འཇུག་ཆེན་མོ་སོགས་འཆད་ཁྲིད་རྒྱ་ཆེར་གནངས།  ཨ་སེ་དགོན་དུ་རྫོགས་ཆེན་སྙིང་ཐིག་སྒྲུབ་གྲྭ་སོགས་སྐྱེ་རྒུའི་བསོད་ནམས་ཀྱི་དཔལ་དུ་བཞེངས་བསྐྲུན་རྒྱ་ཆེན་མཛད་པ་སོགས་བསྟན་འགྲོའི་དོན་ཆེན་མཛད་བཞིན་བཞུགས་པའོ།  

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།