
༄༅། །ཁྱབ་བདག་རྫོགས་ཆེན་པ་མཆོག་གི་《དུས་རིག》བཀླགས་པའི་མྱོང་ཚོར་ཕྲན་བུ།
གླེང་སློང་བ།
སྤྱིར་དུས་ཚོད་ཟེར་བ་ནི་དུས་ཀྱི་ཚད་ཇི་ཙམ་ཡིན་ངོས་འཛིན་བྱེད་ཀྱི་ལག་འདོགས་ཆུ་ཚོད་དང་ཅོང་དུས་སོགས་ཀྱི་སྤྱི་མིང་ལ་གོ་དགོས་ཤིང་། དེ་རིང་ཁོམ་ལོང་དང་བསྟུན་ནས་སྐྱབས་རྗེ་རྫོགས་ཆེན་པ་པདྨ་སྐལ་བཟང་མཆོག་གི་ཐུགས་མཚོ་ལས་འཁྲུངས་ཤིང་སོར་རྩེ་ལས་སྨིན་པའི་《དུས་རིག》ཅེས་པའི་མེ་ཏོག་ཆུང་ཆུང་རྒྱ་འགྱུར་མ་དེར་རོལ་མྱོང་ཐེངས་ཤིག་བྱས་པ་ཡིན། རྒྱ་འགྱུར་མའི་དཔེ་ཆ་དེ་སྒྱུར་པ་པོ་ནི་རྫ་མུ་ར་སྤྲུལ་སྐུ་མཆོག་དང་ཀུན་བཟང་དབྱངས་ཅན་ཞེས་བྱ་བ་གཉིས་ཡིན་ཞིང་། ཁྱོན་བསྡོམས་ཤོག་ངོས་ལྔ་བཅུ་ལྷག་ལས་མེད་མོད། གོ་བདེ་ཞིང་ཀུན་གྱིས་བལྟས་ན་འོས་ཤིང་འཚམ་པའི་དཔེ་དེབ་ཆུང་ཆུང་ཞིག་ཡིན་པ་རེད། དཔེ་ཆའི་མགོ་བརྗོད་དུ་དུས་རིག(时间真相)ཅེས་བྲིས་ཡོད་ནའང་། གོང་ནས་གླེང་ཟིན་པའི་ཐག་ཐག་སྒྲ་སྒྲོག་དང་ལག་འདོགས་དུས་ཚོད་ཙམ་ཞིག་གཏན་ནས་མིན་པར། ཁྱབ་ཆེ་ས་ནས་སྟོང་ཆེན་པོ་འཇིག་རྟེན་ཁམས་ཀྱི་གཟའ་སྐར་འཕྲོད་སྦྱོར་དང་ཆུང་ས་ནས་མི་ཚེ་དོན་ལྡན་གཏོང་བྱེད་ཀྱི་བདུད་རྩིའི་གསོས་སྨན་ཞིག་ཡིན།
དུས་ཀྱི་རྟིང་སྐུལ།
ནམ་རྒྱུན་ཤེས་བྱའི་སྐྱེད་ཚལ་དུ་རིག་གཞུང་གི་བདུད་རྩི་རྔམ་འཐུང་བྱེད་བཞིན་པའི་ཕྲན་ལ་མཚོན་ན། ཤེས་རིག་གི་ཚོམས་འདི་རུ་ནམ་ལངས་ཀྱི་སྐྱ་རེངས་དང་འགྲོགས་ཏེ་ཤེས་རིག་གི་སྦྲང་རྩི་ལ་སྐོམ་པའི་ཆུ་འདོད་ལྟར་མྱོ་བཞིན་དུས་ཚོད་དང་འགྲན་རྩོད་བྱེད་བཞིན་མཆིས་མོད། ཡིན་ནའང་བྱིང་རྨུགས་ཀྱི་དབང་གིས་དུས་འདའ་བར་བྱེད། ང་ཚོས་ནམ་རྒྱུན་རྒྱལ་ཁ་ནི་དུས་ཚོད་དམ་འཛིན་བྱེད་མཁན་ལ་དབང་ཟེར་བཞིན། དོན་ལ་དུས་ཚོད་ནི་རྒྱལ་ཁ་དང་ལེ་ལོ་ཟེར་བའི་སྐད་ཅིག་མའི་ཁྲོད་དུ་ཟད་ནས་ཚར་འགྲོ་བཞིན་ཡོད་པ་རེད། ཁྱབ་བདག་རྫོགས་ཆེན་པས་ “དུས་ཚོད་ནི་ཁམས་གསུམ་གྱི་བྱ་དངོས་ཡོད་དགུ་ཁྱུར་མིད་གཏོང་མཁན(吞噬者)དང་། དུས་ཚོད་ནི་དུས་ཚོད་ཀྱི་བདག་པོས་ཁྱུར་མིད་(吞噬)གཏོང་གིན་ཡོད” ཟེར་བ་ནང་བཞིན། དུས་ཚོད་ཀྱི་བདག་པོ་ནི་ཟུར་ཚད་མི་འདྲ་བ་ནས་བདག་པོ་མི་འདྲ་བ་ཡོད་པས། འགྲོ་བ་མིའི་ཟུར་ཚད་ནས་བརྗོད་ན་དུས་ཚོད་ཀྱི་བདག་པོ་ནི་ང་ཚོ་ཡིན་པའི་ཁར། དུས་ཚོད་ལ་བདག་པོ་རྒྱབ་པ་ནི་དོན་ལ་ཤེས་རིག་གི་ཅོང་བརྡ་ཞིག་དང་། རང་ཉིད་ཀྱི་མི་ཚེ་དོན་ལྡན་དུ་གཏོང་བའི་ཐབས་ཤིག་ཀྱང་རེད་སྙམ། གཞན་དུས་ཀྱི་འཁོར་མོའི་འགྲོས་དང་བསྟུན་ནས་འཚར་ལོངས་འབྱུང་བཞིན་པའི་རང་ཅག་ལ་མཚོན་ན། འཚར་ལོངས་འབྱུང་བཞིན་པའི་མྱུ་གུའི་སྐྱེ་སྟོབས་ཀྱི་དུས་ཚོད་དང་སྐར་ཆ་རེ་རེར་ནི་སང་ཉིན་གྱི་འབྲས་བུ་དང་ན་གཞོན་པ་རེ་རེ་ཡིན་པས། ཁ་སང་གི་མྱུ་གུའི་སྐྱེས་སྟོབས་ནི་དེ་རིང་ཕྱིར་ཡོང་མེད་ལ། དེ་རིང་གི་འབྲས་བུ་ཡང་འབྱུང་འགྱུར་གྱི་གང་ཟག་ཏུ་ཅིས་ཀྱང་འགྱུར་འགྲོ་བས། ང་ཚོས་ཁ་སང་གི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མྱུ་གུ་དང་དེ་རིང་གི་འབྲས་བུ་གཉིས་མཉམ་དུ་གཤིབ་བསྡུར་བྱས་ནས་འབྱུང་འགྱུར་གྱི་གང་ཟག་གི་མདུན་དུ་ཡོང་ཚེ། མྱུ་གུ་དང་འབྲས་བུ་གཉིས་ཀྱིས་ཁྱོད་འདི་ཡིན་གང་ཡིན་ཞེས་བརྡར་ཤ་ཆོད་དཀའ་བའི་གནད་ལ་ཐུག་པ་དང་། གལ་ཏེ་ང་ཚོས་མྱུ་གུ་དང་འབྲས་བུ་གཉིས་ཀ་ཁྱེད་ཡིན་ཞེས་གླེང་ཚེ། ཁྱེད་ནི་ཁ་སང་གི་མྱུ་གུ་དང་སང་ཉིན་གྱི་འབྲས་བུ། འབྱུང་འགྱུར་གྱི་གང་ཟག་གསུམ་དུས་གཅིག་ཏུ་ཡིན་ཟེར་དགོས་པ་ཡིན། འདི་ལྟར་དུས་ཚོད་ལ་རྩིས་ཤིག་བརྒྱབ་ཚེ། གལ་ཏེ་ལོ་རེར་ཁྱོད་ཟེར་བའི་གང་ཟག་ཅིག་འབྱུང་བཞིན་པའི་དབང་དུ་བཏང་ན། ལོ་ཐོག་ཟླ་བརྩེགས་ཀྱི་དུས་ཚོད་ཐུང་ངུའི་ནང་གང་ཟག་ཁྱོད་ཟེར་བ་གྲངས་མེད་ཅིག་འབྱུང་སྲིད་པ་རེད། དེ་ལྟར་རིམ་བཞིན་སྐར་མ། སྐར་ཆ། སྐད་ཅིག་མ། སེ་གོལ་ཙམ་ལ་གང་ཟག་བགྲང་ལས་འདས་པ་གདོན་མི་ཟ་ཞིང་། ཆེས་ཐུང་བའི་དུས་ཚོད་ཀྱི་ཚད་དེ་ནང་ཞིབ་མོར་བསམས་ན་གང་ཟག་གཅིག་ཀྱང་ཡོད་པ་མེད། དེ་ལྟར་ཡིན་ཚེ། ཁ་སང་གི་མྱུ་གུ་དང་དེ་རིང་གི་འབྲས་བུ། འབྱུང་འགྱུར་གྱི་གང་ཟག་ནི་དུས་ངེས་མེད་དང་ཡུལ་ངེས་མེད་དུ་འགྱུར་ལྡོག་འགྲོ་བཞིན་ཡོད་ལ། ཐ་ན་ད་ལྟ་འབྲི་བཞིན་པའི་ཡིག་རྡོག་གཅིག་གི་ཁྲོད་དུ་ཡང་དུས་ཚོད་ནི་ཆུ་བཞུར་བ་ལྟར་སྐད་ཅིག་ཙམ་ལའང་མི་སྡོད་པར་འགྲོ་བཞིན་མཆིས།
རྗེ་ས་པཎ་གྱིས། “མཁས་པ་སློབ་པའི་དུས་ན་སྡུག ། བདེ་བར་སྡོད་ལ་མཁས་མི་སྲིད། ། བདེ་བ་ཆུང་ལ་ཆགས་པ་དེས། ། ཆེན་པོའི་བདེ་བ་ཐོབ་མི་སྲིད། །” ཟེར་བ་ནང་བཞིན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པ། གསལ་བའི་རང་བཞིན་ལྡན་ལ། དེ་བས་ས་པཎ་གྱི་གསུངས་འདི་ལ་མཚོན་ན་ཡང་ལུགས་གཉིས་འདབ་ལྡན་གྱི་དྲི་ངད་ཁྱབ་པའི་ལེགས་བཤད་ཅིག་ཡིན་ཞིང་། ཟུར་གཞན་ཞིག་གི་ངོས་ནས་བརྗོད་ན་འདི་ཡང་གསལ་བཞིན་སྟོང་བ། སྟོང་བཞིན་གསལ་བའི་ཁྱད་ཆོས་ཅི་ནས་ཀྱང་ཡོད་པས། གསལ་སྟོང་གཉིས་མེད་ཀྱི་བདག་ཉིད་དེ་སྟོང་བའི་རང་བཞིན་ཏེ། དུས་ཀྱི་ཆ་ནས་དུས་ཚོད་ཀྱི་ཆེས་མཐོ་ཤོས་ཀྱི་ཁམས་ཤིག་ཡིན་པ་རེད། དེ་བས་གོང་ནས་ལུང་དྲངས་པའི་དགོས་པ་ནི་དུས་ཀྱི་ཁ་ལོ་སྒྱུར་བཞིན་པའི་དུས་ཚོད་སྐར་ཆ་རེ་རེའི་སྡུག་གི་མཚོ་མོ་ཡི་རྦ་རླབས་ཁྲོད་དུ་གྲིམས་ལྷོད་རན་པའི་འཆམ་མཐུན་གྱི་མཛེས་སྡུག་དང་བདེ་བ་ཞིག་ཡོད་ཀྱང་། སྐྱིད་ཀྱི་འདབ་ལྡན་གྱི་སྐྱེལ་ཚད་ཁྲོད་དུ་གྲིམ་ལྷོད་རན་པའི་བྱིངས་རྒོད་ཀྱི་གཉེན་པོ་གོམས་པ་བྱང་ཆུབ་རང་བཞིན་གྱི་སྟོབས་ཤིག་འདུག་པས། རྦ་རླབས་དང་སྐྱེད་ཚལ་གྱི་དུག་ལྔའི་གཡང་གཟར་ཀློང་དུ་རིག་པའི་ཡེ་ཤེས་ལྔའི་རང་རྩལ་ཞིག་འདུག་པ་དེ་ནི་ནམ་ཡང་དུས་ཚོད་ཀྱི་རྟ་ཕོ་ལ་བརྩོན་འགྲུས་ཀྱི་ལྕག་གིས་སྐུལ་བཞིན་རིག་པའི་གདེངས་ཀ་སྐྱོང་བཞིན་པའི་བརྩོན་པ་དེ་ཡིན་ཞིང་། བརྩོན་འགྲུས་དེ་ཡང་དུས་ཚོད་ཀྱི་རྦ་རླབས་ལ་ཆིབས་ཏེ་ཤེས་ཡོན་པའི་ཕྱོགས་ལ་ཆས་བཞིན་མཆིས་མོད། མདོར་ན་རྦ་རླབས་དང་སྐྱེད་མོས་ཚལ་གྱི་བར་ན་མི་ཚེ་དོན་ལྡན་དུ་བྱེད་པའི་གྲོགས་ཤིག་ཡོད་པ་ནི་དུས་ཚོད་རེད་སྙམ་སྟེ། གལ་ཏེ་ཁ་སང་གི་མྱུ་གུ་དང་དེ་རིང་གི་འབྲས་བུའི་བར་གྱི་དུས་ཚོད་སྐར་ཆ་རེ་རེས་རིག་པའི་རང་རྩལ་ལ་གྲོགས་བྱེད་མ་ཐུབ་པའི་ཚེ་ན་གཟུགས་བརྙན་ཟླ་བར་འཛིན་པ་བྱིས་པའི་བློ་ཟེར་བ་ནང་བཞིན་དུས་ཚོད་ཀྱིས་ཡོད་ཚད་ཟོས་ཟེར་བ་རེད། གལ་ཏེ་ཚད་འཕེལ་བྱུང་ནས་རིག་པའི་གདེངས་རྙེད་ཚེ་དོན་ལ་དུས་ཀྱི་གྲོགས་བྱས་ནས་རྒྱལ་ཁ་དང་འབྲས་བུ་བླངས་ཡོད་པ་རེད་སྙམ།
ཚེ་ཡི་གཟུང་ཐག
མི་ཚེ་ཉི་མ་བཞིན་དུ་ཕར་ཕར་སོང་། །འཆི་བདག་གྲིབ་མ་བཞིན་དུ་ཚུར་ཚུར་འོང་ཞེས་པ་ལྟར་དུས་ཚོད་ནི་གཙང་བོའི་རྒྱུན་བཞིན་དུ་སྐད་ཅིག་ཙམ་ལ་ཡང་སྡོད་མི་ཚུགས་པར་སྔུན་ནས་འགྲོ་བཞིན་མཆིས་ལ། དེའི་སྟབས་ཀྱི་དུས་ཚོད་ནི་སྐར་ཆ་གང་ལའང་མཚམས་མི་འཇོག་པར་གཡས་ནས་གཡས་སུ་འཁོར་བཞིན་ཡོད། ཁྱབ་བདག་རྫོགས་ཆེན་པའི་དུས་རིག་ནང་དུ་དུས་ཚོད་དམ་འཛིན་བྱས་པ་ནི་དོན་ལ་ཚེ་སྲོག་ལ་གཅེས་སྤྲས་དང་དང་དོད་བྱས་པ་བརྗོད་ལ། ཡང་ཆེད་དུ་བརྗོད་པའི་ཚོམས་ལས། “སང་ཙམ་འཆི་ཡང་སུས་ཤེས་ཀྱི། ། དེ་རིང་ཉིད་དུ་བསྟུན་ཏེ་བྱ། འཆི་བདག་སྡེ་ཆེན་དེ་དང་ནི། ། ཁྱེད་ཉིད་བཤེས་པ་མ་ཡིན་ནོ། །”ཞེས་ཟེར་བ་ནང་བཞིན་དང་པོ་སྐྱེས་པ་ནས་བཟུང་སྟེ་འཆི་བ་ལ་ཇེ་ཉེ་ཇེ་ཉེར་འགྲོ་བཞིན་འགྲོ་བས་ཚེ་ན་སྣོན་པ་མེད་པར་ཕྲི་བ་དང་བཅས་ཤིང་འཆི་བདག་གི་བདག་པོ་ནི། སྐད་ཅིག་ཙམ་ཡང་མི་སྡོད་པར་ནུབ་ཁའི་གྲིབ་སོ་བཞིན་ཚུར་ཚུར་འོང་བས་ནམ་འཆི་དང་འདིར་འཆིའི་ངེས་པ་ནི་མེད་དེ། དེ་བས་འཆི་བདག་གི་ཞགས་པས་ཟིན་པའི་ང་ཚོས་དུས་ཀྱི་འཁོར་མོ་ཆེ་ལ་དམ་འཛིན་བྱས་ཏེ་དོན་གཉིས་ལྷུན་གྲུབ་ཡོང་བའི་བྱ་གཞག་རེ་སྒྲུབ་རྒྱུ་ནི་གལ་ཆེ་བ་ཡིན་ཏེ། རྒྱ་ཆེར་རོལ་བའི་མདོ་ལས་ཀྱང་། “སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། ། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། ། རི་གཟར་རྦབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །”ཞེས་གསུངས་པ་ལྟར། འཆི་བ་ནི་གློག་ཞགས་དང་འདྲ་བར་དུས་ཚོད་སྐར་ཆ་རེ་རེའི་ནང་དུའང་ཟད་ནས་འགྲོ་བཞིན་ཡོད་པ་རེད།
སྤྱིར་སྨྲ་ཤེས་ཤིང་དོན་གོ་བའི་གང་ཟག་སུ་ཞིག་ཡིན་རུང་དུས་ཚོད་ཀྱིས་ཟད་ནས་འགྲོ་བཞིན་ཡོད་པ་ནི་བདེན་དུ་གྲུབ་སྟེ། གང་ཟག་ཅིག་གི་ཚེ་ཡི་ཚད་དེ་ཡང་དུམ་བུ་གསུམ་དུ་བགོས་པའི་དབང་དུ་བཏང་ན། འདས་མ་འོངས་ད་ལྟ་གསུམ་དུ་བགོས་ཆོག་ལ། འདས་པ་ནི་ད་ལྟ་ཡན་ཆད་ཀྱི་དུས་ཟད་ཚར་བས་ལྗོངས་རྒྱུ་ཐེངས་ཤིག་དང་འདྲ་ལ། མ་འོངས་པ་ཡང་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ། ནམ་མཁའི་པདྨོ་སོགས་དང་འདྲ་བར་གཞི་ནས་མེད་པ་དང་གཉིས་སུ་མ་མཆིས་ཤིང་། ད་ལྟ་ཟེར་བ་དེ་ཡང་ད་ལྟའི་སྐད་ཅིག་ཉིད་ཀྱི་སྔོན་ལ་འདས་པ་དང་སྐད་ཅིག་ཉིད་ཀྱི་རྗེས་ལ་མ་འོངས་པ་ཡིན་པས། མདོར་དེད་ན་སྐད་ཅིག་མ་གཉིས་ཀྱི་བར་དུ་རང་ཉིད་ལ་དབང་བའི་ཚེ་སྲོག་ཅིག་ཡོད་པ་དེ་ནི་ནམ་ཡང་རང་ལ་དབང་བ་ཡིན་ཏེ། དེ་ལྟར་དུ་གྲུབ་པའི་ཚེ་སྲོག་འདི་ནི་གཅེས་སྤྲས་བྱེད་དགོས་པ་རེད། ཟུར་གཞན་ཞིག་གི་ངོས་ནས་བརྗོད་ན་ཚེ་སྲོག་ལ་གཅེས་སྤྲས་དང་དམ་འཛིན་བྱེད་པ་ནི་རང་གི་བྱ་བའི་ངོས་ནས་དམ་འཛིན་བྱས་ཆོག་ཏེ། དཔེར་ན། ཐོས་པ་དོན་དུ་གཉེར་མཁན་ཞིག་ལ་མཚོན་ན། 《ས་སྐྱ་ལེགས་བཤད》ལས། “རིག་པ་ནངས་པར་འཆི་ཡང་བསླབ། ། ཚེ་འདིར་མཁས་པར་མ་གྱུར་ཀྱང་། ། སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། ། ”གསུངས་པ་དང་། མ་ཧཱ་གན་དྷིས་ཀྱང་། “སངས་ཉིན་འཆི་རྒྱུཡིན་པ་ལྟར་སློབ་གཉེར་བྱོས། གཏན་དུ་གནས་རྒྱུ་ཡིན་པ་ལྟར་འཚོ་བ་རོལ། ”ཞེས་ལེགས་བཤད་ཀྱི་གདམས་པ་གནང་ཡོད་པ་བཞིན་ཤེས་བྱ་མཐའ་དག་སང་ཉིན་འཆི་བར་ཐུག་ཡོད་ཀྱང་སྦྱང་བ་ལྷུར་ལེན་བྱ་དགོས་ཤིང་། དེ་སྦྱངས་ན་གོ་འཕང་ཐོར་པར་གྱུར་ན་ནི། རང་གཞན་དང་འདི་ཕྱིའི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་ལ། གལ་ཏེ་དེ་ལྟར་མཁས་པའི་གོ་འཕང་མ་ཐོབ་ཀྱང་རང་གི་ཉོན་མོངས་སྒྲིབ་པ་རིམ་གྱིས་བསལ་བར་ཤིན་ཏུ་ཕན་པར་འགྱུར་ཏེ། སྐྱེ་བ་ཕྱི་མར་སྔར་བཅོལ་བའི་ནོར་ཚུར་བླངས་པ་བཞིན་དུ་སྔོན་གྱི་བག་ཆགས་བཟང་པོའི་སྟོབས་ཀྱིས་ཡོན་ཏན་བདེ་བླག་ཏུ་ཐོབ་པ་ཡིན་པ་བསྟན་ཞིང་།དེ་རིང་གི་དཔེ་ཀློག་དང་ཤེས་བྱ་ལ་འབད་པའི་དུས་ཚོད་སྐར་ཆ་རེ་རེ་ནི་སང་ཉིན་གྱི་ཚེ་སྲོག་ལ་གཅེས་སྤྲས་དང་འབྱུང་འགྱུར་གྱི་ཤེས་ཡོན་པ་རེ་རེ་ཡིན་པ་རེད། དེ་བས། དུས་ཚོད+ཚེ་སྲོག+དོན་གཉིས་ལྷུན་གྲུབ=དེང་རབས་ཀྱི་འཇོན་མི་དང་འབྱུང་འགྱུར་གྱི་ཤེས་ཡོན་པ་ཡིན།
མཇུག་སྡུད་པ།
མདོར་ན། དུས་ཚོད་ནི་གཞུ་ལས་མཆེད་པའི་མདའ་མོ་བཞིན་སྐད་ཅིག་ལ་མདུན་དུ་བཞུད་ཅིང་། སྒེག་མོའི་མགོ་ལ་མེ་ཤོར་བ་དང་། སྡར་མའི་པང་དུ་སྦྲུལ་ལྷུང་བ་ལྟར་འདུག་པས་ཇི་འདྲའི་མགྱོགས་པ་ལ་ཨང་། མིག་རྡེབ་དབང་ཙམ་གྱིས་ད་ནི་རྩོམ་གྱི་ཡལ་འདབ་རྒྱས་ནས་འབྲས་བུ་སྨིན་པའི་དུས་ལ་སླེབས་བྱུང་བས། ལང་ཚོ་སྟོན་འབྲས་བཞིན་དུ་སྨིན་པའི་དུས་དེ་ལ། ཤེས་རབ་ཀྱི་འཕེལ་ཁ་དབྱར་མཚོ་བཞིན་རྒྱས་པའི་དུས་དེ་ལ་རུས་སྦལ་ནུར་འགྲོའི་ཚུལ་དུ་བསྐྱོད་དེ་བརྩོན་འགྲུས་ཀྱི་གཤོག་ཟུང་མཁའ་རུ་བརྐྱང་དགོས་པ་ལས། གློ་བུར་དང་ཐོལ་བྱུང་གི་སེང་གེའི་མཆོང་སྟོབས་ལ་ལད་མོ་བྱས་པས་གང་ཡང་མི་ལོན་པར། ནམ་ཡང་རིགས་པ་ཚུགས་ཐུབ་ལྡན་པའི་སྒོ་ནས་འབད་པ་ལྷོད་མེད་བྱས་ན་ནི་བློ་གྲོས་ཀྱི་ལྗོན་པའི་རྩ་བ་ཚུགས་ཤིང་རྩི་མོ་རྒྱས་ལ། ཟེའུ་འབྲུ་ཁྱོན་ཡོངས་ནས་སྨིན་ཏེ་འབྲས་བུ་ཉི་མ་སྤྲིན་ལས་གྲོལ་བུ་ལྟ་བུ་འོངས་ངེས་པ་རེད། རེ་ཞིག་དེ་ལྟ་བུའི་མྱོང་ཚོར་ཐན་ཐུན་གྱིས་རྩོམ་གྱི་རྫོགས་ཚིག་འགོད་དགོས་བྱུང་ངོ་། །
༢༠༢༦ལོའི་ཟླ༡པའི་ཚེས༡༥ཉིན།རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།