
༄༅།།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་ཟླ་མེད་པ་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་འཁྲུངས་རབས་ཀྱི་རྟོགས་པ་ཆ་ཙམ་བརྗོད་པ་འགག་མེད་ནཱ་དའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
སྣང་མཐའི་ཡེ་ཤེས་ཧྲཱིཿཡིག་ཞུན་མའི་ཁམས། །སིནྡྷུའི་རྒྱ་མཚོར་འཕོས་པའི་ངོ་མཚར་འཕྲུལ། །པད་སྡོང་འདབ་བརྒྱ་བཞད་པའི་ཟེའུ་འབྲུར་བལྟམས། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ་མགོས་ཕྱག་འཚལ། །ཡེ་ཤེས་མདངས་ལྔའི་འཇའ་ཟེར་འཁྲིགས་པའི་ཀློང་། །དཀར་མཛེས་ཉི་ཟླ་པདྨའི་གདན་གྱི་སྟེང་། །དུས་གསུམ་སངས་རྒྱས་ངོ་བོ་མཚོ་སྐྱེས་རྗེ། །དད་གསུམ་གེ་སར་འཛུམ་པའི་སྙིང་དབུས་རོལ། །ཞལ་རས་དཀར་གསལ་ཟླ་ཤེལ་འབུམ་གྱི་གཟི། །པད་རག་མདངས་ཀྱིས་འཁྱུད་པའི་མཚར་སྡུག་འབར། །ཞལ་གཅིག་ཕྱག་གཉིས་འཁོར་སྒྱུར་རོལ་བའི་སྟབས། །ཡིད་འཕྲོག་མཚན་དཔེའི་དཔལ་འབར་སྤྲུལ་བའི་སྐུ། །འཕགས་ཡུལ་རིག་འཛིན་བཀྲ་ཤིས་གྲངས་ཀྱིས་བརྒྱན། །གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་འཁོར་གྱིས་བསྐོར། །རྩ་གསུམ་དམ་ཅན་རྒྱ་མཚོའི་སྤྲིན་ཕུང་འཁྲིགས། །གནས་གསུམ་དཔའ་བོ་མཁའ་འགྲོའི་འཁོར་ཚོགས་བཅས། །རབ་གུས་ཏིང་འཛིན་འཕྲུལ་གྱིས་ཉེར་བསྐྲུན་པའི། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །དགྱེས་འཛུམ་མཚན་དཔེའི་གར་གྱིས་ལེགས་བཞུགས་ཏེ། །རྣམ་གཉིས་དངོས་གྲུབ་སྩོལ་བའི་དུས་ལ་བབ། །ཐུན་མཚམས་པདྨོར་རྗེས་ཆགས་སྒེག་པའི་ཞལ། །པད་ཞྭའི་ཉི་ཟླར་དར་ལྔའི་འཇའ་འོད་འཁྲིགས། །རྡོ་རྗེ་གསང་གོས་ཟ་བེར་སྔགས་ཆས་གསོལ། །ཁྲོ་ཆགས་ཞི་བའི་ཉམས་ལྡན་བརྗིད་པའི་སྐུ། །གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །ཁ་ཊྭཱཾ་རྩེ་གསུམ་ཟག་མེད་བྷནྡྷ་བསྣམས། །འཆི་མེད་ཚེ་བུམ་ལྗོན་དབང་གཡུ་ལོས་བརྒྱན། །དུས་གསུམ་སངས་རྒྱས་པདྨ་འབྱུང་གནས་འདུད། །དཔལ་ལྡན་གསེར་རིར་ཉིན་བྱེད་འཁྱུད་པའི་སྐུ། །རྣལ་འབྱོར་གྲུབ་པའི་བརྟུལ་ཞུགས་ཁ་ཊྭཱཾ་འཆང་། །བྱང་སེམས་རྒྱན་ལྡན་ཉི་ཟེར་འཕྲུལ་ཞགས་འཛིན། །ཉི་མ་འོད་ཟེར་ཞབས་ལ་དད་ཕྱག་བརྩེགས། །ཆགས་བྲལ་ཐུབ་པ་གསེར་སྦྱངས་བཙོ་མའི་མདངས། །ས་གནོན་མཉམ་བཞག་བདུད་རྩིའི་ལྷུང་བཟེད་འཛིན། །ཞབས་གཉིས་མི་ཤིགས་རྡོ་རྗེའི་དཀྱིལ་ཀྲུང་མཛད། །ས་གསུམ་འདྲེན་མཆོག་ཤཱཀྱ་སེངྒེའི་མཚན། །ཞལ་རས་དཀར་དམར་མདངས་ལྡན་སྔགས་ཆས་མཛེས། །ཌཱ་མ་རུ་དང་བདེ་སྟོང་ཀ་པཱ་ལ། །དུས་གསུམ་རབ་གསལ་འཕྲུལ་གྱི་མེ་ལོང་འཆང་། །ཤེས་བྱ་ཀུན་མཁྱེན་བློ་ལྡན་མཆོག་སྲེད་ཞབས། །ཞི་བའི་ཉམས་ལྡན་ཆགས་བྲལ་དགེ་སློང་ཆས། །ཚེ་འཛིན་བདེ་སྐྱོང་འཆི་མེད་བདུད་རྩིས་བཀང་། །བརྗིད་ཆགས་རྒྱལ་བོ་རོལ་བའི་སྟབས་ཀྱིས་འགྱིང་། །ཡོན་ཏན་རབ་རྫོགས་པདྨ་སམྦྷ་ཝ། །འདབ་སྟོང་ལང་ཚོའི་དཔལ་འཕྲོག་མཚར་སྡུག་ཞལ། །གཏི་མུག་གཉིད་སློང་ཌཱ་རུ་མཁའ་ལམ་བསྙེགས། །ཆོས་ཀུན་སྒྲིབ་བྲལ་ཀུན་མཐོང་གཟི་བྱིན་བཀྲ། །ཁམས་གསུམ་དབང་སྡུད་པདྨ་རྒྱལ་བོར་བསྟོད། །མཐིང་ནག་མི་བཟད་དུར་ཁྲོད་ཆས་ཀྱིས་བརྒྱན། །རྡོ་རྗེའི་སྡིགས་མཛུབ་ཕྱག་རྒྱས་ས་གསུམ་གཡོ། །གདོང་ལྔའི་གཡང་གཞིའི་སྟོད་གཡོགས་ལྷུག་པར་འཕྱང་། །སེངྒེ་སྒྲ་སྒྲོགས་མུ་སྟེགས་གཤེད་དུ་རྔམ། །དུས་མཐའི་མེ་རིས་རབ་འཁྱུད་ཁྲོ་གཏུམ་ཞལ། །རྡོ་རྗེ་རྩེ་ལྔ་གནམ་ལྕགས་ཕུར་བ་འདྲིལ། །རྔམ་བརྗིད་གར་དགུས་ལུས་བཀྲའི་སྟེང་འགྱིང་བའི། །ལོག་འདྲེན་སྲོག་འབྱིན་རྡོ་རྗེ་གྲོ་ལོད་རྩལ། །དུས་གསུམ་རྣམ་འདྲེན་ཀུན་གྱི་ངོ་བོ་ཉིད། །རིགས་གསུམ་སེམས་དཔའི་རོལ་གར་རིགས་སྔགས་འཆང་། །སྲིད་གསུམ་ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་ཡི། །སྐུ་གསུམ་ལྗོན་པར་མཚན་བརྒྱད་མེ་ཏོག་བཀྲ། །སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་། །དེ་སྙེད་གུ་རུའི་བཀོད་པ་འབྱམས་ཀླས་ཤིང་། །སྙིང་རྗེའི་ཟླ་ཤེལ་གདུལ་བྱའི་ཆུ་མཚོའི་ངོགས། །སྣ་ཚོགས་དུ་མར་འཆར་བའི་རོལ་གར་མཛེས། །ཀ་མ་ལ་ཡི་གེ་སར་སྦུབས་ལས་འཁྲུངས། །ཁ་དོག་དཀར་དམར་མདངས་ལྡན་ཞལ་རས་གསལ། །ག་བུར་ངད་འཕྲོག་ཚུལ་ཁྲིམས་དྲི་བསུང་ལྡང་། །ང་རྒྱལ་དྲེགས་ལྡན་བདུད་དཔུང་འཇོམས་ལ་བསྟོད། །ཅ་ཅོའི་སྐྱོན་བྲལ་ནཱ་དའི་སྒྲ་དབྱངས་སྒྲོགས། །ཆ་ལུགས་རྨད་བྱུང་རྒྱལ་བོ་རོལ་བའི་སྟབས། །ཇ་མདངས་ཟིལ་གནོན་པད་རག་མཐང་གོས་གཡོ། །ཉ་ཟླ་ཆུ་བཞིན་སྣང་སྟོང་རོལ་བར་འདུད། །ཏཱ་རེས་རྗེས་བཟུང་དབང་བཞི་རྫོགས་པར་བསྐུར། །ཐ་དད་ཤེས་བྱའི་གནས་ལ་མཁྱེན་རབ་རྒྱས། །ད་ལྟའི་དུས་ངན་སྙིགས་མར་ཐུགས་རྗེ་མྱུར། །ན་འཆིའི་འཇིགས་བྲལ་རྡོ་རྗེའི་སྐུ་ལ་འདུད། །པ་སངས་སྐར་མའི་གྲངས་ལྡན་ལྷ་སྲིན་ཚོགས། །ཕ་རོལ་མི་བསྲུན་གདོན་བགེགས་བྲན་དུ་འཁོལ། །བ་མཆོག་འོ་མ་ཟིལ་གནོན་གསང་ཆེན་གྱི། །མ་སྨད་བདུད་རྩིས་ལུས་ཅན་སྨིན་གྲོལ་མཛད། །ཙ་ཏུར་མཆེ་ལྡན་བསྟན་སྲུང་ཚོགས་རྣམས་ཀྱིས། །ཚ་དབལ་མཐུ་སྟོབས་མ་བཟོད་སྲོག་སྙིང་ཕུལ། །ཛ་ལང་བསྟན་དགྲ་སྒྲོལ་བར་གཡར་དམ་བཅས། །ཝ་སྐྱེས་ཟིལ་གནོན་གདོང་ལྔའི་དབང་པོར་བསྔགས། །ཞྭ་མཆོག་འདབ་ལྡན་མཐོང་གྲོལ་རྒོད་སྒྲོས་བརྒྱན། །ཟ་བེར་གསང་གོས་རྡོ་རྗེ་ཁ་ཊྭཱཾ་བསྣམས། །འ་ཅག་ཐེག་དགུའི་ཟབ་ལམ་སྟོན་པའི་བརྡར། །ཡ་མཚན་ཆ་ལུགས་མཛད་པར་གསོལ་བ་འདེབས། །ར་བ་གངས་རིས་བསྐོར་བའི་བསིལ་ལྗོངས་ཁྱོན། །ལ་ལུང་ཟབ་རྒྱས་རིན་ཆེན་གཏེར་གྱིས་བཀང་། །ཤ་ཟན་ཀླ་ཀློའི་མུན་སྟུག་མཐར་བྱས་ཏེ། །ས་སྟེང་གསང་ཆེན་བསྟན་པའི་སྒྲོན་མེ་སྦར། །ཧ་ཅང་བཀའ་དྲིན་དྲན་ནོ་གུ་རུ་རྗེ། །ཨ་མྲྀ་ཏ་འདྲའི་གསང་སྔགས་རོ་མཆོག་གིས། །ཧ་ལའི་དུག་མཚུངས་ཉོན་མོངས་དྲུངས་ཕྱུང་སྟེ། །ཨ་ཏིའི་དོན་རྟོགས་ཀུན་བཟང་གོ་འཕང་སྩོལ། །ངོ་མཚར་འདབ་སྟོང་ལས་འཁྲུངས་ཡིད་འཕྲོག་སྐུ། །ཟབ་ཞི་ཆོས་སྒྲས་ལུས་ཅན་གྲོལ་བའི་གསུང་། །ཨེ་ཝཾ་མཉམ་སྦྱོར་བདེ་སྟོང་སྙིང་རྗེའི་ཐུགས། །ལྷ་མཆོག་མངོན་ཤེས་རྩལ་རྫོགས་པད་འབྱུང་རྗེ། །〖ཀ་ཁ་སུམ་ཅུ་ཚང་བའི་ཚིགས་བཅད།〗ཟླ་རྒྱས་དཔལ་ལས་རབ་གསལ་ཞལ་རས་བཟང་། །དྲན་པས་ལས་ངན་བག་ཆགས་རྣམ་པར་འཛད། །སྐལ་ལྡན་ཀ་དག་རྒྱལ་སར་བཞག་མཛད་མཁས། །དཔལ་ལྡན་སངས་རྒྱས་པདྨ་ཀ་རར་བསྔགས། །〖དབྱངས་ཨ་ངེས་པ་བྱ་དཀའ་བའི་རྒྱན།〗ཇི་བཞིན་ཉིད་གཟིགས་རིག་འཛིན་སྲིད་ཞིའི་མིག །སྐུ་གསུམ་ལྷུན་གྲུབ་བདུད་དཔུང་ནུས་མཐུས་བཏུལ། །བདེ་ཆེན་ཡེ་ཤེས་མཁྱེན་བརྩེས་དགེ་ལེགས་སྟེར། །དགོས་འདོད་མཆོག་སྩོལ་མགོན་ཁྱོད་མངོན་མཐོར་བསྟོད། །〖དབྱངས་ཨི་ཨུ་ཨེ་ཨོ་བཞིར་ངེས་པ་བྱ་དཀའ་བའི་རྒྱན།〗མཛེས་སྐུའི་མཚར་སྡུག་འགྲོ་བའི་སྣང་ངོར་འབབ། །ཚངས་དབྱངས་གསུང་གི་རོལ་མོ་རྣ་བར་འབབ། །ཐུགས་རྗེའི་གྲུ་ཆར་ལང་ཚོའི་དཔྱིད་དུ་འབབ། །གསང་གསུམ་བྱིན་རླབས་ཡིད་ཀྱི་ཟེའུ་འབྲུར་འབབ། །〖རྐང་བ་བཞིའི་མཐའ་ཆོད་པའི་ཟུང་ལྡན་གྱི་རྒྱན།〗མཛེས་མཛེས་མཚན་དཔེའི་རི་མོ་བཀྲ་བའི་སྐུ། །གསལ་གསལ་སེམས་ཀྱི་ཆུ་ཤེལ་མེ་ལོང་ངོས། །དུང་དུང་དད་པས་བསྒོམས་ཏེ་གསོལ་འདེབས་ན།།ཡང་ཡང་ཐུགས་རྗེས་གཟིགས་ཤིག་ཐོད་ཕྲེང་རྩལ། །〖རྐང་བ་བཞིའི་ཐོག་མར་ཡོད་པའི་ཟུང་ལྡན་གྱི་རྒྱན།〗རྗེས་ཆགས་སྙིང་རྗེའི་འོད་ལྔའི་སྒྱུ་འཕྲུལ་གར། །ཉི་ཟེར་འཆར་ནུབ་རྡུལ་དང་ལྷན་ཅིག་ཏུ། །མཁའ་ཁྱབ་འགྲོ་བའི་དོན་དུ་མངོན་གཡོ་བས། །དགེ་ལེགས་པདྨའི་ཟིལ་དངར་འདོད་དགུར་སྩོལ། །ཞེས་བྱ་བ་ནི།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་ཟླ་མེད་པ་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་འཁྲུངས་རབས་ལས། སྤྲུལ་བའི་གུ་རུ་མཚན་བརྒྱད་ཀྱི་མཚན་དང་དཔེ་བྱད་ཀྱིས་ཐོག་མར་གླེང་བསླངས་པ་དཀར་མཛེས་པདྨའི་ཡལ་འདབ་སྟེ་དང་པོའོ།།

མཁྱེན་རབ་འདབ་སྟོང་བཞད་པའི་ཆ་རེར་ཡང་། །གསང་ཆེན་སྦྲང་རྩིའི་རོ་མཆོག་འབུམ་འཁྱིལ་ཞིང་། །སྣ་ཚོགས་སྒྱུ་འཕྲུལ་གེ་སར་བཀྲ་ལྡེམ་པའི། །སངས་རྒྱས་པདྨ་སྐྱེས་ཀྱིས་དུས་ཀུན་སྐྱོངས། །ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྒྱུ་མའི་འཕྲུལ། །མཚན་དཔེའི་སྐྱེ་མཆེད་བཀྲ་བ་པད་འབྱུང་རྗེའི། །ཞལ་གྱི་དཀྱིལ་འཁོར་སྟོན་ཟླ་རྒྱས་པའི་གཟིས། །འཇིག་རྟེན་སྣང་བའི་ཚོགས་དག་མོག་པོར་བྱེད། །ཁྱོན་ཡངས་དབྱེས་ཆེའི་དཔྲལ་བའི་མ་ཀུ་རས། །ཟླ་རྒྱས་སྒེག་པའི་དཀྱིལ་འཁོར་ཡང་དག་གཞལ། །དུས་གསུམ་རྗེན་པར་གཟིགས་པའི་སྤྱན་གྱི་འཇའ། །སྨིན་འཁྱོག་ཨུཏྤལ་སྟུག་པོའི་ཚལ་ན་གཡོ། །ཡེ་ཤེས་རླུང་ལྔའི་རྒྱུ་བ་རྣམ་རྩེན་པའི། །གཟེངས་མཐོའི་ཤངས་ལ་ཁྱུང་རིའི་པ་ཏྲས་བརྒྱན། །དཀར་དམར་མདངས་ལྡན་བིམྤའི་མཆུ་སྒྲོས་འདབ། །འཇམ་མཉེན་པདྨ་གཞོན་ནུའི་དཔལ་ལ་སྡང་། །ཐགས་བཟང་བཞི་བཅུའི་མུ་ཏིག་ཕྲེང་བའི་ཚེམས། །རྣམ་མང་རྒྱུ་སྐར་ཚོགས་དང་ཡང་དག་སྡེབ། །སྲབ་འཇམ་ལྗགས་ཀྱི་འདབ་མ་རབ་ཡངས་པ། །གློག་ཕྲེང་འགྱུ་བའི་རྗེས་སུ་རྐང་བ་འཇོག །དྲི་ཟའི་དབྱངས་སྙན་ཟིལ་གནོན་རྡོ་རྗེའི་གསུང་། །ཚངས་པའི་དབྱངས་དང་རྣམ་སད་རོལ་མོར་འཁུ། །མཛེས་ཟླུམ་དབུ་ཡི་མཚར་སྡུག་ཡིད་འོང་བ། །རིན་ཆེན་གདུགས་ཀྱི་ཕུན་ཚོགས་དག་ལ་རྟོག །ཁམ་གནག་དབུ་སྐྲའི་ཟར་བུ་གཡོ་ལྡན་པས། །གསེར་སྦྱངས་བལ་བ་ཛ་ཡི་ཚལ་ལ་དམོད། །སྙན་ཤལ་པདྨོའི་མཛེས་པ་རྣམ་གྲོལ་བ། །སྙན་ཆ་གསེར་གྱི་དྲིལ་བུའི་འོད་ལ་ཆགས། །བཀྲ་ཤིས་དཔལ་འབར་མགུལ་གྱི་བུམ་པ་བཟང་། །ཟླ་བ་ནོར་བུའི་མེ་ལོང་གཟུགས་སུ་གྲུབ། །མཚན་དཔེའི་མེ་ཏོག་འབར་བའི་གཟི་དཔལ་གྱིས། །དབང་པོ་གཞུ་ཡི་མཛེས་སྡུག་ཟུམ་པར་བྱེད། །སྲབ་འཇམ་ཡང་བ་འཆི་མེད་ལྷའི་གོས་བཟང་། །ཁ་དོག་ལྔ་ལྡན་པཉྩ་ལི་ཀ་ཡིས། །མཚུངས་མེད་མཐོང་གྲོལ་གསང་ཆེན་སྔགས་ཀྱི་ཆས། །ཆ་ཙམ་མ་འགྲན་ཅ་ཅོའི་རྣམ་འགྱུར་མང་། །ཆུ་ཤེལ་མདངས་འཚེར་རྡོ་རྗེའི་གསང་བའི་གོས། །རྗེས་ཆགས་བྱུ་རུའི་འོད་འབར་མདུང་མས་འཁྱུད། །ཟ་འོག་ཕོད་ཆེན་མཐིང་ནག་གཟི་བྱིན་གྱིས། །ཨིནྡྲ་ནཱི་ལའི་མཛེས་པ་མངོན་པར་འཕྲོགས། །བླ་གོས་པདྨ་རཱ་གའི་ལྷུན་པོའི་སྤོར། །མཚར་སྡུག་ལི་ཁྲིའི་སྣམ་སྦྱར་བཀྲ་ལྡེམ་པར། །མངོན་ཆགས་གསེར་གྱི་མེ་ཏོག་ཕྲ་ཚོམ་གྱིས། །ཉེར་མཛེས་ན་བཟའི་འཇའ་འོད་གུར་དུ་ཕིབས། །ཐུན་མཚམས་མདངས་འཛིན་ཟ་འོག་བེར་ཆེན་གསོལ། །གུར་ཀུམ་གཟི་འབར་མཐང་གོས་ཤམ་བུ་གཡོ། །ཟ་ཧོར་ཞབས་ཕྱགས་འོད་ལྔའི་གཟི་བྱིན་དཔལ། །མཐོང་བ་ཙམ་གྱིས་རིག་པའི་རང་ངོ་གསལ། །རིག་པ་ཐོལ་སྐྱེས་སྣང་སྲིད་གཞིར་བཞེངས་ཀྱི། །རྟོགས་པ་མཆོག་ཏུ་བརྙེས་པའི་ཆེ་རྟགས་སུ། །གནས་གསུམ་ཌཱ་ཀྐཱིས་པདྨ་ཁ་འབུས་མཆོག །དད་པས་ལེགས་ཕུལ་རིགས་ཀྱི་བདག་པོར་བཀུར། །གདེངས་ཅན་གྲངས་ལྡན་དུར་ཁྲོད་བསིལ་བ་ཚལ། །བརྟུལ་ཞུགས་སྤྱོད་པས་སྣང་སྲིད་མ་མོའི་ཚོགས། །དབང་བསྡུས་ཆེ་བཙན་འགྲན་ཟླ་བྲལ་བའི་བརྡར། །ཡིད་འོང་ཤྭ་བའི་གཉེན་ཞུའི་དབུ་རྒྱན་བཞེས། །ས་སྤྱོད་ཟ་ཧོར་གཙུག་ལག་འཛིན་པའི་སྡེས། །གུས་པས་ཕུལ་བའི་པདྨ་མཐོང་གྲོལ་གྱི། །ངོ་མཚར་བཀོད་པའི་ཡོན་ཏན་ཆ་ཙམ་གྱི། །བསྔགས་བརྗོད་དྲི་ཟའི་རོལ་མོ་འཁྲོལ་བར་སྤྲོ། །དབུ་རྩེ་ཟུར་གསུམ་སྐུ་གསུམ་རང་བཞིན་ཉིད། །སྐུ་ལྔ་ཡེ་ཤེས་དབང་གཞུའི་མདངས་ཀྱིས་འཁྱུད། །ཕྱི་ནང་རིམ་གཉིས་བསྐྱེད་རྫོགས་ཟུང་དུ་འཇུག །ཐབས་ཤེས་ཉི་ཟླའི་གཟི་བྱིན་འོད་དུ་འཚེར། །མཐའ་བྲལ་དམ་ཚིག་གནས་ལུགས་མངོན་གསལ་བའི། །མུ་ཁྱུད་མཐིང་ག་རེ་ཁཱས་ཟླུམ་པོར་འཁྲིལ། །མི་གཡོ་ཏིང་འཛིན་བརྟན་པ་ཐོབ་པའི་བརྡར། །མི་འཇིགས་སྲ་མཁྲེགས་རྡོ་རྗེའི་ཏོག་གིས་མཛེས། །རབ་འབྱམས་རྒྱལ་བ་ཡི་དམ་ཞི་ཁྲོའི་ལྷའི། །སྒྲུབ་པ་མཐར་ཕྱིན་གྲུབ་པའི་རྟགས་མཚན་བརྙེས། །འོད་གསལ་ལྟ་བའི་ཡང་རྩེར་འཛེགས་པའི་རྟགས། །རིག་འཛིན་རྒོད་ཀྱི་རྩེ་སྒྲོ་མཁའ་ལ་བསྙེགས། །ཟག་མེད་བདེ་སྟོང་དགའ་མར་རྟག་རོལ་ཅིང་། །རིག་སྟོང་འགྱུར་མེད་ངོ་བོར་བཞུགས་པའི་བརྡ། །མི་འཇིགས་གསེར་གྱི་རྡོ་རྗེ་རྩེ་ལྔ་བ། །སྡིགས་མཛུབ་དང་བཅས་མདུན་གྱི་ཐུགས་ཀར་འཛིན། །གཡོན་པས་ཁྲོ་ཆགས་མཉམ་བཞག་ཕྱག་རྒྱའི་སྟེང་། །འདོད་པའི་ཡོན་ཏན་དཔལ་ལ་རྣམ་རོལ་པའི། །སྣང་སྟོང་གཉིས་མེད་ཡིད་འོང་ཀ་པཱ་ལ། །འཆི་མེད་ཡེ་ཤེས་བདུད་རྩིས་བཀང་བའི་དབུས། །ཡོ་གའི་ཚེ་དབང་རིག་འཛིན་གྲུབ་པའི་རྟགས། །ཚེ་བུམ་དཔག་བསམ་ལྗོན་པའི་ཁ་རྒྱན་ཅན། །ནོར་བུ་གསེར་གྱི་པ་ཏྲས་སྤྲས་པའི་སྟེང་། །རྗེས་ཆགས་ཧྲིཿཡིག་འོད་དམར་རྩེ་དགས་མྱོས། །ས་བཅུ་ལམ་ལྔའི་རིན་ཆེན་ཐེམ་པའི་སྐས། །དུས་གཅིག་མངོན་པར་འཛེགས་པའི་བརྡ་ཐབས་སུ། །ཞབས་གཉིས་མཉམ་པ་དཀྱིལ་ཀྲུང་ངང་བཞུགས་པའི། །མི་ཤིགས་རྡོ་རྗེ་རི་མོའི་གར་གྱིས་རོལ། །ཆོས་ཀུན་ཐེག་པ་གཅིག་ཏུ་མངོན་རྫོགས་ཚུལ། །ཆུ་ཤིང་ཕྱག་འཁར་གྲུ་མོ་གཡོན་ན་བསྣམས། །ལས་བཞིའི་འཕྲིན་ལས་ཐོགས་མེད་ལྷུན་གྲུབ་པའི། །སྣ་ཚོགས་རྡོ་རྗེའི་གཟི་བྱིན་ལྷམ་མེར་འཚེར། །མ་སྲིང་ཌཱ་ཀྐཱི་དགྱེས་པ་སྐྱེད་པའི་སྣོད། །དབྱིངས་ནས་སྐུ་གསུམ་འདུ་འབྲལ་མེད་པའི་བརྡ། །སྐལ་ལྡན་ཟག་མེད་ལོངས་སྤྱོད་རོལ་བའི་གཏེར། །བདེ་སྟོང་བྷནྡྷ་འབར་བའི་གཞལ་ཡས་སུ། །རིན་ཆེན་བྱང་ཆུབ་སེམས་ལས་བྱུང་བའི་རྒྱུན། །རྟོག་ཚོགས་བག་ཆགས་དྲི་མ་འཁྲུད་པའི་ཆབ། །ཉོན་མོངས་ཟུག་རྔུ་དྲུངས་ནས་འབྱིན་པའི་སྨན། །སྐྱེ་ཤི་གཉིས་མེད་བདུད་རྩིའི་ཆུ་གཏེར་འཁྱིལ། །གཙང་དམེའི་རྣམ་རྟོག་ཡིད་སྲུབས་ར་རིའི་གཟུགས། །རྩི་མཆོག་ཀེ་ཏ་ཀ་ཡིས་རབ་བགྲུངས་ནས། །སྣ་ཚོགས་འགྲོ་ཁམས་རྒྱ་མཚོའི་དུག་ལྔའི་རྒྱུད། །སྐུ་ལྔའི་ཡེ་ཤེས་འཇའ་ཚོན་ངོ་བོར་སྨིན། །ཤེས་རབ་རང་བཞིན་ཁ་ཊྭཱཾ་རྩེ་མོ་མེ། །རྣམ་གསུམ་ཐོད་སྐམ་རྒྱན་གྱི་དོ་ཤལ་བསྟར། །སྟོང་གསལ་དབྱེར་མེད་རང་བཞིན་ལྷུན་གྲུབ་པའི། །སྐུ་གསུམ་ཆུ་ཟླའི་རོལ་གར་འགོག་མེད་འཆར། །ཟབ་ལམ་ཐེག་དགུའི་བ་གམ་རབ་གསལ་བའི། །གནམ་ལྕགས་ཨ་ལུང་གཏེར་གྱི་གྲངས་ལྡན་ཚོགས། །རྡོ་རྗེའི་རྭ་བར་འཁྱུད་པའི་རོལ་རྩེད་ཀྱིས། །སྐལ་ལྡན་ལུས་ཅན་རིག་འཛིན་ཁྲི་ལ་འགོད། །ཡེ་ཤེས་ལྔ་ཡི་རང་མདངས་གསལ་འཚེར་བའི། །དར་ཚོན་སྣ་ལྔའི་འཇའ་འོད་འཁྲིགས་པ་ཉིད། །སྣང་སྲིད་དྲེགས་པའི་མ་མོ་དབང་བསྡུས་པའི། །གཤིན་གསོན་མགོ་སྐྱེས་ལན་བུའི་ཟར་བུ་གཡོ། །ཕུང་བོ་ལྷག་མེད་ཡེ་སངས་རྒྱས་པའི་བརྡ། །ལྔ་ལྡན་འཇའ་ཟེར་འཁྲིགས་པའི་ཀློང་ན་བཞུགས། །སྐལ་ལྡན་བུ་ལ་བྱིན་གྱིས་རློབས་པའི་རྟགས། །རིག་འཛིན་བཀའ་བརྒྱུད་བླ་མའི་འཁོར་གྱིས་བསྐོར། །མཛེས་སྡུག་ན་བཟའི་ཟ་འོག་ཐགས་སུ་བཀྲ། །ཁྲོ་ཆགས་ཞི་བའི་ཉམས་འགྱུར་འབུམ་གྱིས་ཕྱུག །གདུལ་བྱའི་ཆུ་མཚོར་གང་འདུལ་སྣང་བརྙན་བཀྲ། །ངོ་མཚར་སྒྱུ་མའི་བཀོད་པ་བརྗོད་ལས་འདས། །བརྒྱ་བྱིན་གཞུ་རིས་ཁ་དོག་བསླུ་བྱེད་པའི། །ཟ་བེར་གསང་གོས་སྣམ་སྦྱར་གཟི་བྱིན་འཁྱིལ། །གསང་ཆེན་རྒྱན་ཆས་འོད་ཚོགས་དྲྭ་བ་ཡི། །བཀྲ་ཤིས་གསེར་གྱི་འཁོར་ལོའི་རྩིབས་སྟོང་འབར། ། ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་ཟླ་མེད་པ་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་འཁྲུངས་རབས་ལས། སྐུའི་རྒྱན་དང་ཆ་ལུགས་བསྟན་པ་བཀྲ་ཤིས་འཁོར་ལོའི་ཡལ་འདབ་སྟེ་གཉིས་པའོ།།

འདི་སྐད་ཐོས་སོ་དབུས་འགྱུར་སའི་སྙིང་པོའི། །ཆུ་ལྷའི་ཕང་བར་ཕུན་ཚོགས་སྡེ་བཞིའི་ནོར།།འཇོག་པོའི་ཕོ་བྲང་འཛིན་མར་འཕོས་པའི་དཔལ། །ཨོོ་ཌི་ཡཱ་ནའི་མཚན་གྱི་ཅོད་པན་གཡོ། །བེེ་ཌཱུར་ཞུན་མའི་བ་གམ་འཁྱིལ་བ་ཅན། །བརྗིད་ཆགས་ཉམས་ལྡན་གསེར་སྦྱངས་རྒྱ་ཕིབས་མཛེས། །རིན་ཆེན་འོད་ལྔ་འཁྱུག་པའི་གཟི་བྱིན་ཚོགས། །བརྒྱ་བྱིན་གཞུ་རིས་འཕྲོགས་པའི་སྙན་པ་འཕུར། །དྲི་མེད་ཟླ་བ་ཆུ་ཤེལ་ལྷུན་པོའི་ཁྱོན། །གསལ་སྟོང་སྒྲིབ་མེད་ལང་ཚོའི་གཟི་དཔལ་རྒྱས། །རིན་ཆེན་ཀ་བ་སྣ་ལྔའི་རྩིག་པས་བརྒྱན། །ངོ་མཚར་ཡིད་འོང་ཉམས་དགའི་ཕོ་བྲང་དབུས། །རླབས་ཆེན་ཚོགས་གཉིས་དབྱིག་ལྡན་འཛིན་མའི་གཞིར། །མཐའ་བྲལ་ཐུགས་དགོངས་ལྗོན་དབང་ལོ་འདབ་རྒྱས། །བྱམས་བརྩེའི་རོ་བརྒྱའི་འབྲས་བཟང་དུད་པ་ཅན། །ཆོས་ལྡན་ས་སྐྱོང་ཨིནྡྲ་བྷཱུ་ཏིའི་ཞབས། །དྲི་ཟའི་ན་ཆུང་འཇོ་སྒེག་ཉམས་བྱེད་པའི། །མཚར་སྡུག་བཙུན་མོ་བརྒྱ་རྩས་ཉེར་མཛེས་ཀྱང་། །རྒྱུད་འཛིན་རིག་པའི་ཁྱེའུ་བསམ་འཕེལ་ནོར། །བྲལ་ཕྱིར་མྱ་ངན་རླབས་ཕྲེང་མཁའ་ལ་རྩེན། །ཡིད་འོང་རྒྱལ་སྲས་བསིལ་ཟེར་འཛུམ་པའི་ཞལ། །མངོན་པར་ཐོབ་འདོད་རེ་འབྲས་ལྷུན་པོའི་ལྕིད། །དུས་ཀུན་བརྣག་པའི་རྟོག་འགྱུ་ཧ་རི་ཎི། །རྣམ་ཀུན་འདོད་གདུང་སྨིག་རྒྱུའི་ཕྱི་ཕྱིར་འབྲང་། །ཆར་ལྡན་ར་བའི་ཟླ་རྒྱས་སྒེག་པའི་འོད། །ནོར་འཛིན་དཔལ་མོར་འཕོས་པའི་དུས་བཟང་ཆར། །ཐེག་ཆེན་ཆོས་ཀྱི་སྤྲིན་སྔོན་གདེངས་ཀ་ལས། །ཆོས་སྦྱིན་མི་ཟད་དབྱར་རྔ་ལྡིར་དང་ལྷན། །རིན་ཐང་གཞལ་མེད་གཏེར་གྱི་བང་བ་ལས། །ཕུན་ཚོགས་དཀོར་ནོར་རིན་ཆེན་ཐང་མའི་རྡུལ། །གང་གང་དགའ་དགའ་དེ་དེར་རབ་གཏོང་བའི། །ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེས། །སྦྱིན་པའི་དངོས་ཀུན་ཟད་ཀྱང་མུ་ཏོའི་ཚོགས། །ཆར་ལྟར་ལུད་པས་ས་སྐྱོང་ཡིད་བྱུང་ནས། །རཏྣའི་གླིང་དུ་ཀླུ་མོ་མཛེས་ལྡན་མར། །འདོད་འབྱུང་ནོར་བུ་སློང་བའི་ཐུགས་མོས་འཁྲུངས། །བཤོལ་འདེབས་དྲིལ་བུའི་དབྱངས་ཀྱིས་ཉེར་བསྐུལ་ཀྱང་། །ཐུགས་དམ་མི་འགྱུར་རྡོ་རྗེའི་གོ་བགོས་ཏེ། །དཔའ་མཛངས་དེད་དཔོན་བཀའ་ཉན་དཔུང་དང་བཅས། །མཐུན་པའི་དྲི་བཞོན་གྲོགས་དང་བསྡེབས་ཏེ་བཞུད། །གསེར་དངུལ་བེེ་ཌཱུར་ལྷུན་པོའི་ཕྲེང་བའི་མགུལ། །རིན་ཆེན་གཞལ་ཡས་ཁང་གི་སྒོ་གླེགས་ངོས། །རྡོ་རྗེ་གཏུན་གྱིས་བརྡུངས་ཚེ་ཡིད་འོང་མ། །བཀྲ་ཤིས་ལྷ་མོས་སྒོ་འཕར་འབྱེད་འདི་མཚར། །སྔོ་བསངས་ཀུན་གསལ་མདངས་འཛིན་ཡིད་འོང་མ། །མཛེས་ལྡན་ཀླུ་མོས་འོད་ལྔའི་དཔལ་འབར་བའི། །སྔོ་བསངས་བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ། །རྩོལ་མེད་སྦྱིན་པའི་དགའ་བ་གང་གིས་མཚོན། །ཐིག་ལེ་མཆོག་མའི་ལང་ཚོ་ཟིལ་གནོན་པའི། །ལེགས་བྲིས་བུ་མོ་བརྒྱད་ཀྱིས་དགོས་འདོད་ནོར། །ཅི་འདོད་བསྩལ་པས་བསམ་པའི་དོན་མཐའ་དག །འབད་མེད་ལྷུན་གྱིས་གྲུབ་འདི་ཨེ་མ་རྨད། །དེད་དཔོན་མཁས་པའི་རྣམ་དཔྱོད་ཀེ་ཏ་ཀས། །ཁེ་ཆུང་འཆིང་བུའི་རྙོགས་མ་དྲུངས་ཕྱུང་ཞིང་། །རིན་ཆེན་ནོར་བུར་ཆོག་ཤེས་རྒྱན་བསྟེན་ཏེ། །ཨིནྡྲ་རྙིལ་གྱི་ཆུ་གཏེར་འཇིངས་སུ་ཞུགས། །ཕྱི་རོལ་མཚོ་གླིང་ཉམས་དགའི་གུར་ཁང་དབུས། །སྦྲང་རྩིའི་རྒྱལ་མཚན་གེ་སར་བཞད་པའི་རྩེར། །མཚར་སྡུག་ཁྱེའུ་ལོ་བརྒྱད་ལང་ཚོ་ཅན། །ཐོག་མར་ཆོས་བློན་ཏྲི་ན་འཛིན་གྱིས་མཇལ། །མི་དབང་ངོ་མཚར་ཆུ་ཁུར་རབ་གཡོ་བཞིན། །ཁྱེའུའི་ཡབ་ཡུམ་ཆོ་འབྲངས་འབྱུང་ཁུངས་དག །སྙན་འཇེབས་དྲུག་སྐྱེས་སྒྲ་ལ་ཉེར་དྲངས་ཏེ། །གཡས་འཁྱིལ་མགྲིན་པའི་ལམ་ནས་དལ་གྱིས་འཁྲོལ། །དབྱིངས་རིག་ཡབ་ཡུམ་གཉིས་སྣང་ཟས་ཟ་ཞེས། །ནཱ་དའི་རོལ་མོ་སྤྲུལ་སྐུའི་མགུར་ལས་འཕོས། །སར་སྤྱོད་དད་སྤྲོས་པད་སྡོང་ཁྱེའུ་བཅས། །ལེགས་པར་སྤྱན་དྲངས་ཁྱིམ་དུ་བདེ་བར་འདོང་། །འཁོར་འབངས་མཆོད་བསུའི་རྫོགས་ལྡན་དགའ་སྟོན་ཁྲོད། །རྒྱལ་བོའི་ཐུགས་སྨོན་ཁྱེའུའི་བྱིན་རླབས་མཐུས། །སྣོད་བཅུད་དགེ་མཚན་དཔལ་གྱི་ཐིག་ལེ་བཀྲ། །སྣ་བདུན་རིན་ཆེན་ཁྲི་གདུགས་ལྷུན་གྱིས་གྲུབ། །ལྷ་ཀླུའི་ལོངས་སྤྱོད་དཔལ་ལ་ཅོ་འདྲི་བའི། །དགའ་སྟོན་ཡོ་ལང་འདུ་འགོད་རྣམ་པར་དཀྲིགས། །རྒྱལ་སྲས་རྒྱལ་བོའི་ཁྲི་ལ་མངའ་གསོལ་ཏེ། །མཚོ་སྐྱེས་རྡོ་རྗེའི་མཚན་གྱི་དབྱར་རྔ་ལྡིར། །བསོད་ནམས་སྟོབས་ཀྱིས་སྙེམས་ལྡན་མིའི་དབང་པོས། །བསམ་འཕེལ་ནོར་བུར་གཙང་མའི་ཉེ་རེག་བཅས། །དྷྭ་ཛའི་རྩེ་མོར་མཆོད་དེ་གསོལ་བཏབ་འབྲས། །ཟས་གོས་ལོངས་སྤྱོད་འདོད་དགུའི་གྲུ་ཆར་འཇོ། །སྔར་ཟད་བང་མཛོད་ཟླ་རྒྱས་ལང་ཚོ་འབར། །འགྲོ་ཀུན་བདེ་སྐྱིད་ཀུནྡའི་འདབ་གྲོལ་ཞིང་། །ཡིད་འོང་བྱང་སེམས་གེ་སར་བཞད་ལྡན་པར། །རྣམ་གྲོལ་ཟིལ་དངར་འཛགས་པའི་དཔལ་ལ་སྙེག །ལང་ཚོའི་སྐྱེ་མཆེད་མེ་ཏོག་བཀྲ་བའི་ཕུལ། །ཡིད་འོང་ཚངས་པའི་སྲས་མོའི་འཇོ་སྒེག་ངོམ། །སྙིང་སྡུག་ལྷན་སྐྱེས་དགའ་བའི་རོལ་གར་ཅན། །འོད་འཆང་ལྷ་མོ་བདེ་སྟོང་ཁབ་ཏུ་བསུས། །སྒྱུ་རྩལ་རེ་བཞིར་མངོན་པར་བྱང་ཆུབ་པའི། །གཞོན་ནུའི་རོལ་རྩེད་འགྲོ་བློའི་དཔྱིད་དུ་སྨིན། །ཨྱོན་རྒྱལ་ཁམས་ཆོས་བཞིན་སྐྱོང་མཛད་པའི། །དབང་ཕྱུག་བརྒྱད་ལྡན་རྒྱལ་པོ་ཐོར་ཅོག་ཅན། །ལས་ཉོན་ཆུ་སྲིན་གདུག་པའི་ཁར་ཚུད་པའི། །སྡུག་བསྔལ་འཁོར་བ་རྒྱ་མཚོའི་རྒྱུན་མཐོང་སྟེ། །སྐྱོ་ཤས་རླབས་ཕྲེང་བརྩེགས་པའི་ཀློང་ཡངས་ནས། །ངེས་འབྱུང་གསེར་ཉ་འཁྱུག་པའི་རོལ་གར་རྩེན། །
ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་ཟླ་མེད་པ་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་འཁྲུངས་རབས་ལས། རྒྱལ་བོ་ཨིནྡྲ་བྷཱུ་ཏི་རྒྱ་མཚོའི་གླིང་དུ་ནོར་བུ་ལེན་པར་སོང་ནས་སློབ་དཔོན་རིན་པོ་ཆེ་སྤྱན་དྲངས་པ་བཀྲ་ཤིས་གསེར་ཉའི་ཡལ་འདབ་སྟེ་གསུམ་པའོ།།

སྲིད་འབྱོར་སྒྱུ་མར་གཟིགས་པའི་རྒྱལ་སྲས་དེས། །བརྟུལ་ཞུགས་སྤྱོད་པའི་ཁ་ཊྭཱཾ་རོལ་རྩེད་ཀྱིས། །སྡིག་སྤྱོད་ཀ་ཀོ་ལ་ཡི་སྲིན་བུ་དེ། །འཇིགས་རུང་ལྔ་བའི་ལམ་དུ་ལྟད་མོར་བརྫངས། །བྱང་སེམས་འོད་དཀར་སྤྲོ་བའི་བསིལ་ཟེར་ཅན། །ཉེས་སྤྱོད་ར་རིའི་དྲི་མས་གོས་སོ་ཞེས། །མི་བསྲུན་གཏུམ་དྲག་རྗེ་བློན་འཁོར་བཅས་ཀྱིས། །རབ་འཇིགས་དུར་ཁྲོད་བསིལ་བ་ཚལ་དུ་སྤྱུགས། །འཇིགས་ཤིང་སྐྱི་གཡའ་གསང་བའི་གནས་ཆེན་དུ། །བརྟུལ་ཞུགས་སྦྱོར་སྒྲོལ་དྲག་པོའི་རྫུ་འཕྲུལ་གྱིས། །དབང་གི་ལས་གྲུབ་མ་ཚོགས་བྲན་དུ་བཀོལ། །མཐུ་སྟོབས་མེ་འབར་ཤཱནྟ་རཀྵི་ཏ། །དགའ་བའི་ཚལ་དུ་བདུལ་འདུད་མཁའ་འགྲོ་མས། །སྨིན་བྱེད་དབང་བཞིའི་བདུད་རྩིའི་ཆར་གྱིས་བརླན། །སོ་སའི་གླིང་ནས་ཌཱ་ཀྐཱི་ཞི་བ་འཚོའི། །བྱིན་རླབས་ཟླ་གཞོན་བྱེ་བའི་ཟེར་གྱིས་འཁྱུད། །རྡོ་རྗེ་ཕག་མོས་མངོན་སུམ་དབང་རབ་བསྐུར། །མཚོ་ཀླུ་བར་སྣང་གཟའ་བྲན་དབང་དུ་བསྡུས། །སྣང་སྲིད་མ་མོ་མཁའ་འགྲོས་མགྲིན་གཅིག་ཏུ། །གསང་མཚན་རྡོ་རྗེ་དྲག་པོ་རྩལ་ཏུ་གསོལ། །མཁྱེན་བརྩེའི་མངའ་བདག་ཤཱཀྱ་སྲིད་སྒྲུབ་ཀྱི། །ལེགས་བཤད་གུར་ཀུམ་ཆབ་ཀྱིས་རབ་བྲན་ཚེ། །གཙུག་ལག་རྩིས་ཀྱི་སྒོ་མོ་བྱེ་བ་བརྒྱའི། །གཟི་བྱིན་དུས་གཅིག་ཐུགས་ཀྱི་རྒྱ་མཚོར་སིམ། །ཚེ་རིག་ཡོན་ཏན་ནོར་བུའི་ཟ་མ་ཏོག །འཚོ་བྱེད་གཞོན་ནུས་ཐུགས་གསང་དཔལ་བེའུར་བསྐྱིལ། །འགྲོ་བའི་དུག་གསུམ་ནད་སེལ་སྨན་གྱི་བླ། །དབྱེར་མེད་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས། །ཡོན་ཏན་ནོར་བུའི་གཏེར་མཛོད་ཨ་ཙརྱ། །ཀུན་གྱི་བཤེས་གཉེན་མགུར་གྱི་བུམ་བཟང་ལས། །སྣ་ཚོགས་ཡིག་རིགས་མུ་ཏིག་དོ་ཤལ་འཕྱང་། །ལྷན་ཅིག་སྒྲ་རིག་བེེ་ཌཱུར་རྒྱུད་མངས་འཆང་། །ཇི་སྙེད་ཆོས་ཀུན་རྗེན་གཟིགས་མཁྱེན་པའི་མཁར། །བསླབ་སྦྱངས་ངལ་བའི་རྡུལ་གྱིས་རབ་དབེན་ཡང་། །མཚུངས་མེད་པཎ་གྲུབ་རིགས་པའི་སེང་ཆེན་ལས། །ལྔ་རིག་འོ་མས་མྱོས་པའི་ངང་ཚུལ་བཟུང་། །སྡེ་སྣོད་གསུམ་གྱི་འོ་མའི་ཆུ་གཏེར་གཡོ། །རྒྱུད་སྡེ་བཞི་ཡི་བང་རིམ་མངོན་པར་མཐོ། །སྒྲ་ཚད་ཡི་གེའི་ཉི་ཟླའི་གཟི་བྱིན་འཕྲོ། །ཕུན་ཚོགས་ལྷུན་པོ་གླིང་བཞིའི་དབུས་སུ་འཕགས། །ཚངས་སྤྱོད་མཁན་པོ་པྲ་བྷ་ཧ་སྟིའི་དྲུང་། །བག་ཡོད་ཚུལ་ཁྲིམས་རྒྱན་གྱི་ཅོད་པན་བཞེས། །ཡོན་ཏན་ཕུང་པོས་བརྒྱན་པ་མཚན་དཔེའི་སྐུར། །ཤཱཀྱ་སེངྒེའི་མཚན་གྱི་གཟི་འོད་འཕྲོས། །རྣམ་གསུམ་ཡོ་གའི་ཟབ་ཆོས་རྒྱུད་སྡེའི་དོན། །བསགས་སྦྱངས་ཚུལ་དུ་གྲངས་མེད་གསན་བཞེས་གནང་། །མཁའ་མེའི་ཐབས་ཤེས་གྲངས་ཀྱིས་ཉེར་མཛེས་པའི། །ཡོ་གའི་ལྷ་ཚོགས་མ་བསྒྲུབས་རང་ཞལ་གཟིགས། །ཚེ་གཅིག་ཕྱག་རྒྱ་མཆོག་དང་ཚེའི་རིག་འཛིན། །མངོན་པར་གྲུབ་དགོངས་གནམ་ལྕགས་མ་ལ་ཡར། །ཡེ་ཤེས་སྤྱན་ལྡན་འཇམ་དཔལ་བཤེས་གཉེན་ཞབས། །སྤྱི་གཙུག་ནོར་བུའི་རྒྱན་དུ་གུས་པས་བླངས། །སློབ་དཔོན་ཞལ་གྱི་མཆུ་སྒྲོས་ཨུཏྤལ་འདབ། །འཛུམ་པར་དམུལ་ལས་སྙན་འགྱུར་བྷྲ་མ་རས། །ཚུལ་ཁྲིམས་ངད་ལྡང་དགེ་སློང་ཀུན་དགའ་མོར། །བསྟེན་པའི་བཀའ་ལུང་འོད་དཀར་ཟེར་མ་སྤྲོས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་སྐུ་ཡི་ཁྱོན། །རབ་རྫོགས་བཀའ་ཉན་མ་ཡིས་གསུས་པོ་ཆེ། །ཤེས་རབ་མཚོན་གྱིས་ཕྱེས་པའི་རྫུ་འཕྲུལ་ལས། །ཞི་བའི་བུདྡྷ་རྩ་གཉིས་མངོན་སུམ་མཇལ། །ཤཱཀྱ་སེངྒེར་སྤྲུལ་བའི་དགེ་སློང་མས། །ཧཱུཾ་ཡིག་རྣམ་པས་ཁོང་ནས་གསང་གསུམ་དབང་། །མངོན་པར་བསྐུར་ཏེ་གསང་བའི་པདྨོ་ལས། །གྲོལ་ཚེ་སྒྲིབ་བྲལ་ཆུ་ཤེལ་ལང་ཚོ་འཚེར། །ཕྱི་ལྟར་སྣང་མཐའ་ཚེ་དབང་རིག་འཛིན་བརྙེས། །ནང་ལྟར་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། །གསང་བ་དབང་དྲག་རྟ་མཆོག་རོལ་བའི་ལྷ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོར་ཤར། །འཇམ་དཔལ་མཚན་འབར་བཤེས་གཉེན་རོལ་མཚོ་ལས། །གཙུག་ལག་ཟབ་ཆོས་ཚར་རེས་ཐོགས་མེད་མཁྱེན། །ཟུར་ཕུད་ལྔ་བས་དགྱེས་ཞལ་དབྱིངས་ནས་གཟིགས། །དྷཱིཿཡིག་ཞུན་མ་ཐུགས་གསང་དཔལ་བེའུར་འཁྱིལ། །ངེས་དོན་གསང་ཆེན་སློབ་དཔོན་ཧཱུཾ་ཀ་རའི། །སྤྱན་སྔར་ཡང་དག་ལྷ་ཚོགས་རབ་ཏུ་གྲུབ། །རྣམ་གསུམ་སྒྲུབ་པའི་ཟབ་ཆོས་ཨ་མྲྀ་ཏས། །རབ་མྱོས་རྡོ་རྗེའི་ལང་ཚོའི་མེ་ཏོག་བཞད། །རིགས་སྔགས་མཐུ་ལྡན་སོག་སྐྱ་ངྷེ་བ་ཡིས། །རྡོ་རྗེ་གཞོན་ནུའི་དབང་བཞིའི་རྒྱུན་བཟང་ཕབ། །དཔལ་ཆེན་ལྷ་ཚོགས་བྱིན་རླབས་འཇའ་ཟེར་ཟུག །མཐུ་སྟོབས་མེ་འབར་ཕུར་བ་གདེང་ཚད་འགུམས། །ནཱ་ག་རྫུ་ནའི་ཐུགས་དམ་ཟབ་གསང་གཏེར། །པདྨ་གསུང་གི་ཟབ་ཆོས་ཨ་མྲྀ་ཏ། །ཙིཏྟ་མ་ཎི་ཕ་ནོར་བུ་ལ་ཕོག །དབང་དྲག་ཁྲོ་རྒྱལ་བརྩེ་ཆེན་གར་གྱིས་འཁྱུད། །སངས་རྒྱས་གསང་བས་སྒྱུ་འཕྲུལ་ཞི་ཁྲོའི་ཆོས། །ལེགས་བསྟན་ཞི་བ་ལྷུན་གྲུབ་འོད་དཀར་ཅན། །མི་བཟད་ཁྲོ་བོ་རྟ་གདོང་འབར་བའི་མེ། །སྐུ་ཡི་དཀྱིལ་འཁོར་ཁྱོན་དུ་མངོན་པར་རྫོགས། །གསང་ཆེན་མཛོད་འཛིན་བི་མ་མི་ཏྲ་ལས། །མན་ངག་ཉིང་བཅུད་གངྒཱའི་རྒྱུན་བཟང་མནོས། །བདུད་རྩི་ཡོན་ཏན་ལྷ་ཚོགས་དགྱེས་ཞལ་འཛུམ། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་མཆོག་བརྙེས། །འཇིག་རྟེན་མཆོད་བསྟོད་མཐུ་སྟོབས་དུས་ཀྱི་ཞུགས། །རབ་འབར་རོམ་བུ་གུ་ཧྱ་དེ་བའི་དྲུང་། །དྲག་སྔགས་ནག་པོ་བརྩེགས་པའི་གོ་བགོས་ཏེ། །བསྟན་པའི་ལྕགས་རི་རྡོ་རྗེ་མཚོན་གྱིས་བསྲུངས། །མངོན་སྤྱོད་མཐུ་གྲུབ་ངྷ་ན་སཾ་སྐྲྀ་ཏའི། །སྤྱན་སྔར་སྣང་སྲིད་གདུག་ཅན་དབང་སྡུད་པའི། །རྦོད་གཏོང་རྣོ་དབལ་འབར་བའི་དུག་ཚེར་གཟེངས། །སྣང་སྲིད་མ་ཚོགས་སྒྱུ་འཕྲུལ་ཞགས་པས་བཅིངས། །ཤྲཱི་སེང་ཧས་འོད་གསལ་རྫོགས་པ་ཆེ། །བྱར་མེད་བློ་འདས་ལྟ་བའི་ཀློང་ཆེན་པོའི། །འཁྲུལ་མེད་རིག་པའི་རང་ངོ་རྗེན་པར་སྤྲད། །ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་ཀློང་མཇལ། །ཇི་ལྟ་ཇི་སྙེད་སྣ་ཚོགས་གདུལ་བྱའི་ཁམས། །མཁའ་དང་མཉམ་ཉིད་སོང་བ་ཤེས་བྱའི་མཐའ། །སྐད་ཅིག་འཇལ་བྱེད་མཁྱེན་རབ་ཡངས་ལྡན་དེ །།མཁས་པའི་གཙུག་རྒྱན་བློ་ལྡན་མཆོག་སྲེད་ཞབས། །གྲུ་འཛིན་ཞིང་མཆོག་མཱ་ར་ཏི་ཀའི་ཕུག །བཀྲ་ཤིས་མེ་ཏོག་ཆར་བ་དུས་སུ་འབབ། །རིགས་གསུམ་མགོན་པོའི་གཟི་བྱིན་འཁྱིལ་བའི་གནས། །ཚེ་མཐའ་ཡས་པའི་ངོ་བོར་སྙོམས་པར་ཞུགས། །ཟླ་གསུམ་ལོན་ཚེ་མགོན་པོ་ཚེ་དཔག་མེད། །མཚན་དཔེ་གཟི་འོད་འབར་བས་ཞལ་གཟིགས་ཤིང་། །ཚེ་བུམ་དབུར་བཞག་བདུད་རྩི་ཞལ་དུ་བསྟབས། །འཆི་མེད་ཡོ་གའི་ཚེ་དབང་རིག་འཛིན་གྲུབ། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་རབ་འབྱམས་སུ། །སྒྲུབ་ཆེན་བརྒྱད་ཀྱི་དགོངས་དོན་མངོན་བྱང་ཆུབ། །རྣམ་བཞིའི་རིག་འཛིན་རིན་ཆེན་ཁྲི་ལ་འཛེགས། །ཡོན་ཏན་ཀུན་རྫོགས་ཨྱོན་རིན་པོ་ཆེ། །གྲུབ་མཆོག་ཀླུ་དབང་འབུམ་དགུའི་ཞལ་གྱི་ཆབ། །གདམས་ངག་བྱེ་བའི་ཉིང་བཅུད་མ་དྲོས་ཀླུང་། །གསང་ཆེན་བདུད་རྩིའི་རོ་མཆོག་ཡོངས་འཁྱིལ་བ། །རིན་ཆེན་བུམ་པ་བཟང་པོས་དགོས་འདོད་སྐོང་། །
ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་ཟླ་མེད་པ་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་འཁྲུངས་རབས་ལས། འཕགས་ཡུལ་གྱི་རིག་འཛིན་སློབ་དཔོན་རྣམས་བསྟེན་ཏེ་མཁས་ཤིང་གྲུབ་པ་བརྙེས་པའི་རིན་ཆེན་བུམ་པའི་ཡལ་འདབ་སྟེ་བཞི་བའོ།།
ཨྱོན་མཁའ་འགྲོའི་ཡུལ་དུ་སྤྲུལ་བསྒྱུར་ཏེ། །སྣང་བྱེད་བདག་པོའི་རྒྱུ་བ་སྟོད་ནས་མནན། །གཙང་བོ་ཕྱག་མཛུབ་རྩེ་མོས་གྱེན་དུ་བཟློག །རྫུ་འཕྲུལ་སྟག་བཅིབས་ལྷ་ལམ་ཐོགས་མེད་བགྲོད། །ལོག་འདྲེན་ཟིལ་གནོན་འབྱུང་བཞིར་རང་དབང་ཐོབ། །དུས་གསུམ་རྗེན་གཟིགས་འཕྲིན་ལས་གློག་ལྟར་མྱུར། །ལུས་ཅན་ཚེ་གཅིག་སྨིན་གྲོལ་ས་ལ་འགོད། །འཆི་མེད་གྲུབ་བརྙེས་པདྨ་རྒྱལ་བོར་འདུད། །གང་ཐུགས་གཏིང་མཐའ་བྲལ་བའི་ཨ་དརྴར། །ཟ་ཧོར་རྒྱལ་ཁམས་འདུལ་བའི་སྣང་བརྙན་བཀྲ། །ལྷ་ལྕམ་མནྡྷ་ར་བའི་འཇོ་སྒེག་ལུས། །བདེ་སྟོང་ཕྱག་རྒྱར་རོལ་བའི་གར་གྱིས་བྲེལ། །རྐྱེན་དེས་ས་སྤྱོད་མི་ཡི་དབང་ཕྱུག་ཆེ། །མཐུ་སྟོབས་གཏུམ་དྲག་རྡོ་རྗེའི་མེ་ཆར་ཅན། །ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་པའི་སྡེས། །བཀར་བཏགས་གདོང་ལྔ་ཁྲོས་པའི་ང་རོ་བསྒྲགས། །ཙནྡན་ལྗོན་པའི་ཁང་བཟང་གུར་དུ་ཕིབས། །ཏིལ་མར་གསེར་ཞུན་དྭངས་མ་རྫིང་བུར་བསྐྱིལ། །རབ་འཇིགས་བསྐལ་བའི་མེ་དཔུང་འབར་བའི་ཀློང་། །ཡིད་འོང་མཛེས་སྐུ་སྲེག་ཟའི་རྫས་སུ་བྱིན། །རྔམ་འཇིགས་མེ་དཔུང་དྭངས་བསིལ་པད་མཚོར་བསྒྱུར། །སོལ་མེ་པད་སྡོང་གེ་སར་བཞད་པའི་རྩེར། །སྐུ་མཆོག་གྲང་བསིལ་ཟིལ་བ་ཕྲོམ་མེ་བར། །བཞུགས་པའི་གྲུབ་རྟགས་འཛམ་གླིང་རྒྱན་དུ་བཞག །དེ་ཚེ་མི་དབང་ངོ་མཚར་དད་པའི་སྤྲིན། །འགྱོད་གདུང་མཆི་མའི་ཆར་རྒྱུན་དུས་གཅིག་འཁྲིགས། །གྲངས་མེད་བཀའ་ཉན་འཁོར་ཚོགས་རྒྱ་མཚོ་ཆེར། །བང་མཛོད་གཏེར་སྒོ་འབྱེད་པའི་བཀའ་ཡང་བསྒོས། །གཅེས་པའི་ལུས་དང་ལོངས་སྤྱོད་ཆབ་འབངས་ཚོགས། །རིན་ཆེན་སྣ་བདུན་རྒྱལ་སྲིད་འཁོར་ལོ་བཅས། །ཕངས་མེད་ཕུལ་བས་ལོངས་སྤྱོད་གཏེར་བརྒྱ་བརྡོལ། །སྣང་སྲིད་དབང་སྡུད་པདྨ་སམྦྷ་ཝ། །ཁྱད་པར་འདབ་ལྡན་པདྨ་མཐོང་གྲོལ་དང་། །ཟ་བེར་གསང་གོས་འཇའ་ཆེན་ཞབས་ཕྱགས་ཕུལ། །འཇིགས་མེད་གདོང་ལྔའི་ཁྲི་ལ་མངའ་གསོལ་ཚེ། །ས་ཆེན་དབང་ཕྱུག་རྒྱལ་པོ་ཐོར་ཅོག་ཅན། །ལྷ་ལྕམ་མཛེས་སྡུག་ཕྱག་རྒྱར་ལེགས་བསྟེན་ཅིང་། །ཨོོ་ཌི་ཡཱ་ནར་བག་ཡངས་རྒྱུ་མཐོང་སྟེ། །བདུད་བློན་ཚོགས་ཀྱིས་སྔར་བྱས་ཉེས་ཁྲིམས་སུ། །ཡ་མུ་ན་གྲོང་སྡིག་སྤྱོད་ལག་ཏུ་བླངས། །མ་ལ་ཡར་སྐྱེས་ལྷུན་པོའི་བ་གམ་ཁྱོན། །ཏིལ་མར་ཆུ་གཏེར་རླབས་ཀྱིས་ཉེ་རེག་བགྱིས། །དུས་མཐའི་སྲེག་ཟའི་ཚ་དབལ་འབར་བའི་ཀློང་། །ཡབ་ཡུམ་ལྷན་ཅིག་མེ་ལྷའི་ཞལ་དུ་བསྟབས། །རྔམ་གནག་དུད་སྤྲིན་ཉིན་ཞག་ཉེར་གཅིག་བར། །མ་ཆད་སྔར་མེད་ངོ་མཚར་རྟགས་མཚན་བྱུང་། །རྗེ་བློན་སོམ་ཉིའི་དྲ་བར་མངོན་ཆུད་དེ། །རྟབ་ཅིང་རིངས་པར་ཡུལ་དེར་གཟིགས་མོར་ཕྱིན། །ཏིལ་མར་མཚོར་བསྒྱུར་སོལ་མེ་པད་སྡོང་གྱུར། །ཡིད་འོང་འདབ་སྟོང་གེ་སར་བཞད་པའི་སྟེང་། །ཡབ་ཡུམ་སྔར་ལས་གཟི་བྱིན་ཆེར་འབར་བའི། །ཡ་མཚན་གྲུབ་རྟགས་འདྲེན་བྱེད་དགའ་སྟོན་གྱུར། །ས་སྐྱོང་དད་གདུང་དབྱངས་ཀྱི་རོལ་མོ་ཡིས། །སྐྱེ་འཆི་གཉིས་སྤངས་པདྨའི་སྦུབས་ལས་འཁྲུངས། །འགྲོ་ཀུན་ཐུགས་རྗེས་སྒྲོལ་ཕྱིར་ཐོད་ཕྲེང་གསོལ། །སྤྲུལ་སྐུ་ཐོད་ཕྲེང་རྩལ་ཅེས་དད་ཕྱག་བརྩེགས། །འབྱུང་བཞིའི་ཉེར་འཚེ་བ་མོའི་གྲང་རེག་གིས། །རྡོ་རྗེའི་སྐུ་ལ་བརྫི་བར་མི་ནུས་པའི། །འཆི་མེད་གྲུབ་བརྙེས་པདྨ་འབྱུང་གནས་ཞེས། །མཚན་ཙམ་གྱིས་ཀྱང་སྲིད་ཞིའི་གདུང་བ་འཕྲོགས། །རྒྱལ་སྲིད་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་ཕུལ། །ཆབ་འབངས་མངའ་རིས་རྒྱུ་སྐར་དོ་ཤལ་བསྟར། །མཚུངས་མེད་རྒྱལ་པོའི་ཁྲི་ལ་དབང་བསྐུར་ཏེ། །པདྨ་རྒྱལ་པོའི་མཚན་གྱི་སྒྲ་བརྒྱ་གླལ། །ཚེ་རིང་གནམ་གྱི་ཤེད་མོང་མཐུ་ལས་ས་ཆེན་འཁོར་བསྒྱུར་མིའི་དབང་པོའི། །ཐོག་མེད་དུས་ནས་བདག་འཛིན་ར་རིས་རང་ཡིད་ཉེར་གོས་ལྕགས་ཀྱི་ཁམས། །གསང་ཆེན་གསེར་འགྱུར་རྩི་ཡིས་རབ་བྲན་རང་སེམས་ཆོས་སྐུར་ངོ་སྤྲད་ཚེ། །རྟོགས་གྲོལ་ཡོན་ཏན་ཅིག་ཅར་བྱུང་སྟེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས། །རྒྱལ་བའི་རང་བསྲེལ་སྲོག་ཞུགས་མཆོད་པའི་རྟེན། །བྱེ་བ་ཞག་གཅིག་བཞེངས་པའི་ངོ་མཚར་འཕྲུལ། །དཔག་པར་དཀའ་ཡང་ཤོང་བའི་སྣོད་གྱུར་པ། །གསེར་ལྡན་ཁྱོན་འདི་ཨེ་མ་ཤིན་ཏུ་ཡངས། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཨུཏྤལ་ནགས། །ཕྱི་རོལ་ལྟ་ངན་གཉིས་འཐུང་མཆེ་བའི་རྩེས། །ཉེར་བཅོམ་སྐྱེ་འགྲོར་ངན་སོང་སྒོ་མོ་བརྒྱ། །འབྱེད་པའི་ཆུ་སྲིན་རྒྱལ་མཚན་གཡུལ་ངོ་བཤམས། །ལུང་རིགས་ཐོག་མདའ་མི་བཟད་དུས་ཀྱི་ཞུགས། །མུ་སྟེགས་རྒོལ་བ་བུད་ཤིང་གཤེད་དུ་མཆེད། །སྨྲ་ངན་རོ་འཛིན་རྡུལ་ཕྲན་གཟུགས་བཀོད་ཚེ། །དམོད་སྤྱོད་དུག་གི་ཚེར་མ་སླར་ཡང་གཟེངས། །དེ་ཚེ་བདུལ་འདུལ་འཇིགས་རུང་སེངྒེའི་ཞལ། །དྲག་སྔགས་མངོན་སྤྱོད་རྡོ་རྗེའི་མེ་ཆར་གྱིས། །མུ་སྟེགས་རྩྭ་སྦུར་ཐལ་བར་བརླགས་མཛད་པའི། །སེངྒེ་སྒྲ་སྒྲོགས་སྲིད་ཞིའི་གཡུལ་ལས་རྒྱལ། །མུ་སྟེགས་རྒྱལ་བོས་གངྒཱའི་ཀླུང་བསྐྱུར་ཚེ། །ཆུ་བོ་གྱེན་ལྡོག་ཁྱེའུ་ཆུང་མཁའ་ལྡིང་རྩལ། །ཡིད་སྲུབས་ངན་སྤྱོད་ནག་པོ་བརྩེགས་པའི་ཟས། །བཅུད་ལེན་རྩིར་བསྒྱུར་ཉི་མ་འོད་ཟེར་མཚན། །བལ་བོའི་རྗེ་བདག་བ་སུ་ངྷ་རའི་ཞབས། །བརྩེ་བས་རྗེས་བཟུང་རིག་འཛིན་ས་ལ་བཀོད། །ཨ་སུ་ར་སོགས་བལ་ཡུལ་འཛིན་མའི་ཁྱོན། །རིན་ཆེན་གཏེར་སྒྲོམ་ནོར་བུའི་ཐང་མ་བརྡལ། །འཆི་མེད་ཚེ་ཡི་ལང་ཚོའི་དཔལ་འབར་ཡང་། །ཕྱག་རྒྱ་ཆེན་པོའི་རིག་འཛིན་བཅུ་དྲུག་ཆ། །མཐོང་འདོད་ཡིད་ཀྱི་ཀུ་མུད་གཞོན་ནུའི་ཕོན། །དུས་ཀུན་ཟུམ་པ་མེད་པར་མཁའ་ལ་ཕྱོགས། །དགེ་མཚན་ཐིག་ལེ་རྣམ་བཀྲ་རྒྱ་བལ་མཚམས། །ཡིད་འོང་ཉམས་དགའ་ཡང་ལེ་ཤོད་ཀྱི་ཕུག །འདབ་སྟོང་དགུན་ཡང་འཁྲུངས་པའི་གནས་མཆོག་ཏུ། །ཡང་དག་སྒྲུབ་ལ་གཞོལ་བའི་ཐུགས་མོས་འཁྲུངས། །བདེ་ཆེན་སྦྲང་རྩིའི་རོ་ལྡན་ལུས་ཕྲ་མ། །སྒྲུབ་སྡེ་བལ་མོ་ཤཱཀྱ་དེ་ཝའི་མཚན། །ཕྱག་རྒྱར་བསྟེན་ཏེ་ཡང་དག་མར་མེ་དགུའི། །དཀྱིལ་འཁོར་ཞལ་ཕྱེས་ཏིང་འཛིན་དཔལ་ལ་རོལ། །སྒྲུབ་ལ་གླགས་ལྟ་བར་གཅོད་མི་མ་ཡིན། །ཀླུ་དང་གནོན་སྦྱིན་གློག་མ་སྤྲིན་གསུམ་གྱིས། །ལོ་འཁོར་རྩེ་མོར་གྲུ་ཆར་རྒྱུན་བཅད་དེ། །ཐན་སྐྱོན་ནད་མུག་མི་དགེ་མཚོ་ལྟར་བརྡོལ། །དུས་གསུམ་རྗེན་གཟིགས་མ་ཧཱ་གུ་རུ་ཡིས། །རིག་འཛིན་སློབ་དཔོན་པྲ་བྷ་ཧ་སྟིའི་དྲུང་། །བལ་བོའི་ཇི་ལ་ཀུ་ལ་ཕོ་ཉ་ཟུང་། །གསེར་ཕྱེ་བྲེ་བཅས་བར་ཆད་འདུལ་ཕྱིར་མངགས། །ཐུགས་རྗེ་དུས་ལས་ཡོལ་མེད་སློབ་དཔོན་གྱིས། །རྡོ་རྗེ་ཕུར་བ་བི་ཏོ་ཏ་མ་ལ། །འབུམ་སྡེའི་རྒྱུད་ལས་བདུད་འདུལ་པུསྟི་ཀ །ལྷུན་པོའི་གཏོས་ཀྱི་སྐྱེས་བཅས་བདེ་བར་འབྱོར། །དེ་མ་ཐག་ཏུ་བར་གཅོད་རྣམ་གསུམ་ཞི། །འཛིན་མར་དྲོད་འཁྱིལ་མཚོ་ལས་རླངས་པ་འཐུལ། །ཀུན་གསལ་ངོས་སུ་ཆུ་ཁུར་ལང་ལོང་གཡོས། །སྤྲིན་གྱི་མེ་ཏོག་དངོས་གྲུབ་ལྷུག་པར་འཇོ། །སྣོད་ལ་བཅུད་ཆགས་རྩི་ལྗོན་ལོ་འདབ་རྒྱས། །མཛེས་སྡུག་ཡིད་དགའི་ཕྲ་ཚོམ་གཡུར་ཟ་ལྡེམ། །ནད་མུག་མི་དགེའི་མཚན་མ་དབྱིངས་སུ་ཡལ། །དགེ་མཚན་དཔྱིད་ཀྱི་དཔལ་མོའི་ལང་ཚོ་རྒྱས། །དྲི་བྲལ་ཐུགས་ཀྱི་ཆུ་ཤེལ་རྩིག་ངོས་སུ། །ཡང་ཕུར་ལྷ་ཚོགས་དགྱེས་ཞལ་སྣང་བརྙན་བཀྲ། །མཆོག་ཐུན་དངོས་གྲུབ་ཟེགས་མ་ཆར་དུ་བསྙིལ། །དགྲ་བགེགས་སྒྲོལ་བའི་འཕྲིན་ལས་ལྷུན་གྱིས་གྲུབ། །སྲོད་ལ་ཆོ་འཕྲུལ་ཟུང་ལྡན་ལྷ་མ་སྲིན། །ཤྭ་ན་མུ་ཁ་རྣམ་བཞི་དམ་ལ་བཞག །བསེ་དུང་ལྕགས་ཀྱི་སྐྱེས་བུ་རྟེན་འབྲེལ་གྲངས། །རྡོ་རྗེ་ཕུར་པའི་བཀའ་ཡི་བསྲུང་མར་བསྐོས། །སྐུ་གསུམ་རྒྱལ་བའི་རང་གཟུགས་མཚོ་སྐྱེས་རྗེའི། །གསང་གསུམ་མི་ཟད་སྐུ་ཡི་དཀྱིལ་འཁོར་ལས། །སྣང་སྲིད་དྲེགས་པ་ཕོ་རྒྱུད་མོ་རྒྱུད་བཅས། །ཟིལ་མནན་དབང་བསྡུས་དམ་ཚིག་ཕྱག་རྒྱས་བཅིངས། །ཐུགས་ཀྱི་ཆོས་ཉིད་དཀྱིལ་འཁོར་སྤྲོས་བྲལ་བས། །རྣམ་རྟོག་དུག་ལྔ་རང་བཞིན་དངོས་མེད་ངང་། །ཕྱག་རྒྱ་ཆེན་པོའི་དགོངས་པའི་ཀློང་དབྱིངས་སུ། །རྟག་བརྟན་འཕོ་འགྱུར་མེད་པའི་དཔལ་དུ་བཞུགས། །རྩེ་གཅིག་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་མི་མཐུན་མཚན་མ་དབྱིངས་སུ་ཞི། །མཐུན་རྐྱེན་དངོས་གྲུབ་མ་ལུས་ལྷུན་འགྲུབ་པའི། །དགེ་ལེགས་གདུགས་དཀར་སྣུམ་པོའི་གྲིབ་བསིལ་སྩོལ། །
ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་ཟླ་མེད་པ་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་འཁྲུངས་རབས་ལས། སློབ་དཔོན་རིན་པོ་ཆེའི་མཚན་གྱི་རྣམ་གྲངས་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་པ་ཕུན་ཚོགས་གདུགས་ཀྱི་ཡལ་འདབ་སྟེ་ལྔ་བའོ།།

ཕ་མཐའ་མི་མངོན་རྒྱ་མཚོའི་གོས་ཅན་ཁྱོན། །འཕྲིན་ལས་གདུགས་དཀར་གཅིག་གིས་ཡོངས་ཁྱབ་པ། །འཇམ་དབྱངས་འཁོར་ལོས་བསྒྱུར་པ་ཁྲི་སྲོང་རྗེ། །ལྷ་གཅིག་འཕྲུལ་གྱི་རྒྱལ་པོ་གཙུག་ན་རྒྱལ། །ལུགས་གཉིས་གསེར་གྱི་འཁོར་ལོའི་རྩིབས་སྟོང་གཟི། །སྐྱེ་དགུའི་ཕན་བདེ་དཔལ་དུ་ལེགས་བཀོད་དེ། །ཕུན་ཚོགས་སྡེ་བཞིའི་མི་ཟད་ཆུ་བོའི་གཏེར། །གངས་རིའི་ཞིང་སར་བསྐྱིལ་བའི་དགེ་མཚན་ལས། །མཐའ་འཁོབ་མུན་པར་མནལ་བའི་སཱ་ལའི་ལྗོངས། །རྒྱལ་བསྟན་རྫོགས་ལྡན་དཔྱིད་ཀྱི་ལང་ཚོ་རྒྱས། །དགེ་ལེགས་ཟླ་གཞོན་བྱེ་བས་རབ་མཛེས་པའི། །སྐུ་དྲིན་བསམ་གྱིན་དད་པའི་སྤུ་ལོང་གཡོ། །གངས་ལྗོངས་ཕན་བདེའི་ལེགས་ཚོགས་ཆུ་བོའི་གཏེར། །རྒྱས་མཛད་མངའ་བདག་མཁྱེན་བརྩེའི་བསིལ་ཟེར་གྱིས། །རྒྱལ་སྲས་བྷོ་ངྷི་ས་ཏྭ་སྤྱན་དྲངས་ཏེ། །དཔལ་གྱི་བསམ་ཡས་བཞེངས་བཀོད་དབུ་ཁྱུད་བྲིས། །དེ་ཚེ་རྣམ་དཀར་ཆུ་ཁུར་དོག་པ་ཅན། །ཕན་བདེའི་ལོ་ཏོག་རྒྱས་བྱེད་སྦྲང་རྩིའི་བཅུད། །མི་བསྲུན་འབྱུང་པོ་དྲི་གཞོན་དར་མའི་ཁས། །སྐད་ཅིག་མི་བརྟན་གཡོ་བའི་ཆོ་འཕྲུལ་འགྱེད། །གངས་རིའི་ཞིང་སར་སྡོམ་གསུམ་ཟ་མ་ཏོག །ཐོག་མར་འདྲེན་མཛད་སྔོན་མེད་ཤིང་རྟ་བ། །བྱང་སེམས་ཟླ་རྒྱས་མཁན་ཆེན་ཞི་བ་འཚོའི། །འཁྲུལ་མེད་བཀའ་ལུང་འོད་དཀར་ཕྲེང་བའི་ཟེར། །འགྲོ་མགོན་ལྷ་གཅིག་ཟུར་ཕུད་ལྔ་བ་ཡི། །དཀྱིལ་ཡངས་ཐུགས་ཀྱི་ཀུནྡའི་ཟེ་འབྲུར་ཕོག །གྲུབ་པའི་དབང་ཕྱུག་པདྨ་སམྦྷ་ཝ། །སྤྱན་འདྲེན་རེ་བའི་འདབ་ཕྲེང་ལྷུག་པར་གྲོལ། །རྡོ་རྗེ་བདུད་འཇོམས་མཚན་འཛིན་ཕོ་ཉའི་ཚོགས། །རིན་ཆེན་དང་པོའི་སྐྱེས་ཀྱིས་ལེགས་བརྒྱན་ཏེ། །རིངས་པར་བགྲོད་པའི་གོམ་སྟོབས་འཁོར་ལོའི་འགྲོས། །མཁའ་ལྡིང་འདབ་མའི་གར་གྱི་ཚུལ་ལ་བལྟ། །དགེ་མཚན་དཔལ་གྱིས་རབ་བརྗིད་གུང་ཐང་མཐིལ། །རྩེ་མོའི་ཟླ་བར་ཏིང་འཛིན་བདེ་དགར་རོལ། །ཟབ་གཏེར་མུ་ཏིག་དཀར་པོའི་ཚོམ་བུ་ཡིས། །ནོར་འཛིན་དཔལ་མོར་ཕུན་ཚོགས་གཟི་བྱིན་བསྣན། །མཚུངས་མེད་མཁྱེན་བརྩེའི་གཟི་འབར་འོད་སྟོང་ཅན། །བསིལ་ལྗོངས་གདུལ་བྱར་རྗེས་ཆགས་ཐུན་མཚམས་གོས། །གུང་ཐང་འཛིན་མར་འཕྲོས་པའི་ངོ་མཚར་དཔལ། །བང་ཆེན་བསུ་བའི་ངང་ཚུལ་ཅི་ཡང་འཛིན། །དཔོན་སློབ་ལྷན་འཛོམས་ཆུ་སྐྱེས་འདབ་གྲོལ་ཚེ། །སྐུ་ཡོན་གསེར་ཕྱེ་ཕྱོགས་ཀྱི་བུ་མོར་བྱིན། །གཞན་ཡང་འབུལ་ནོམ་གང་ཡོད་ཅི་བདོག་ཅེས། །དཔལ་གྱི་མགུར་ལས་སེངྒེའི་ང་རོ་བསྒྲགས། །མངག་གཞུག་ཚོགས་དག་རྟབ་ཅིང་རིངས་པའི་ངང་། །སྐྱེས་ནོར་གཞན་མེད་ལུས་ངག་ཡིད་གསུམ་སྒོ། །ཕངས་མེད་འབུལ་བའི་དད་ཕྱག་བདེ་སྟོང་གར། །གྲངས་མེད་བསྒྱུར་ཏེ་འཛིན་མར་ངལ་བ་བྱིན། །གུ་རུས་བྷོ་ཊའི་དད་པར་ཚོད་བགམ་ལས། །སྣང་བ་གསེར་ཡིན་ལོངས་སྤྱོད་མཁོ་མེད་ཅེས། །ཕྱག་རྒྱས་གར་མཛད་ཕྱོགས་ཀྱི་འཁོར་ལོའི་ཁྱོན། །གསེར་དངུལ་གཟི་མཆོང་རིན་ཆེན་སྐྱེད་ཚལ་བསྐྲུན། །ཟོང་མཆོག་མནྡ་ར་ཡི་ཆུན་པོ་ཡིས། །ཕོ་ཉའི་འདོད་པའི་ཡོལ་གོ་བྱུར་བུར་གཏམས། །ངོ་མཚར་ཡིད་ཆེས་དད་པའི་འོ་མཚོ་དང་། །ཁྱིམ་གྱི་བདེ་དགའི་དཔལ་ཡོན་ལྷན་ཅིག་རྒྱས། །མང་ཡུལ་ཞང་ཞུང་དགྲ་ལྷ་མཐུ་བོ་ཆེས། །སློབ་དཔོན་ལྷུན་པོའི་ཧྲག་བར་ཉེར་བཅར་ཚེ། །ཐུགས་དམིགས་ཕྱག་རྒྱས་དམ་བཏགས་སྲོག་སྙིང་ཕུལ། །གསང་བའི་མཚན་གསོལ་རྡོ་རྗེ་གཡུ་བུན་མ། །གནམ་ལྷ་དཀར་མོས་ཐོག་འབེབས་རི་ཚོགས་སྙིལ། །སློབ་དཔོན་འབྱུང་བཞིས་མ་ཚུགས་གཏུམ་དྲག་འབར། །དཔལ་མཚོར་ཡིབ་ཚེ་སྲེག་ཟས་ཤ་རུས་ཕྱེ། །རྡོ་རྗེ་འཕངས་པས་ལྟ་བྱེད་ཡ་གཅིག་བཅར། །དགོངས་པ་གློད་པར་སྨྲེ་སྔགས་དབྱངས་ཀྱིས་ཞུས། །སྲོག་སྙིང་ཕུལ་ཏེ་ཅི་བགྱིའི་གཡར་དམ་བཅས། །བསྲུང་མར་དམ་བཞག་གསང་བའི་མཚན་གསོལ་བ། །ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མ། །ཆོ་འཕྲུལ་ཡ་མ་ཟུང་གི་གློག་སྟོང་འགྱུ། །སྒྲུབ་ལ་བར་གཅོད་མཐོ་འཚམ་བསྟན་མའི་ཚོགས། །བཀའ་བསྒོས་དམ་བཞག་བོད་སྐྱོང་སྲུང་མར་བསྐོས། །གདུག་པའི་མཐུ་སྟོབས་མུ་སྟེགས་གཤེད་དུ་བཞེངས། །སྲིད་པའི་ལྷ་ཆེན་བདེ་འབྱུང་དྲག་རྩལ་ཅན། །སྤྲུལ་བའི་གངས་དཀར་འབྲོང་གཡག་ལྷུན་པོ་ཙམ། །ཤངས་ནས་སྔོ་དམར་དུག་སྤྲིན་ཁ་རླངས་འཁྲིགས། །སྒྲ་བརྒྱ་གླལ་བའི་ངར་སྒྲས་ཐོག་བརྫིས་བྱུང་། །རིག་འཛིན་གྲུབ་དབང་པདྨ་ཐོད་ཕྲེང་གིས། །ཏིང་འཛིན་གནམ་ལྕགས་ཀྱོ་བ་སྣ་ལ་བཏབ། །འཆོར་མེད་རྡོ་རྗེ་ཞགས་པས་མགྲིན་པ་བཙིར། །ཡན་ལག་ལྕགས་སྒྲོག་འབར་བས་དམ་དུ་བཅིངས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱས་གཏུན་བརྡུངས་ཚེ། །དཀར་མཛེས་ཁྱེའུའི་གཟུགས་བསྟན་སྲོག་སྙིང་ཕུལ། །བཀའ་བསྲུང་གངས་དཀར་ལྷུན་པོའི་མངའ་བདག་ཆེ། །ཡར་ལྷ་ཤམ་པོའི་གཟི་བརྗིད་སྲིད་རྩེར་འཕགས། །གདུག་ཅན་ཀླུ་དང་གནོད་སྦྱིན་དྲི་ཟའི་རྒྱལ། །སྣ་ཚོགས་ཅིར་ཡང་སྟོན་པའི་ཆོ་འཕྲུལ་བདག །གནོད་སྦྱིན་གཟུགས་འཆང་གནམ་ས་གདངས་པའི་ཁས། །སློབ་དཔོན་འཁོར་བཅས་ཁྱུར་མིད་གཏོང་བར་བརྩམ། །སྡིགས་མཛུབ་ཀྱིས་བཏུལ་བསྲུང་མར་གཉེར་གཏད་ཚེ། །གཡུ་ཡི་ཟུར་ཕུད་རབ་མཛེས་ཁྱེའུ་ཡིས། །གྱ་ནོམ་རོ་བརྒྱའི་ཞལ་ཟས་ལྷུན་པོར་བརྩེགས། །གཉན་ཆེན་ཐང་ལྷའི་དབུ་འཕང་མཐོངས་སུ་བསྙེགས། །འབྱུང་བཞིར་དབང་བསྒྱུར་ཉི་ཟླ་ཆ་ལང་རྡེབ། །དྲག་རྔམ་བདུད་བཙན་གནོད་སྦྱིན་ལྷ་སྲིན་ཚོགས། །མཐུ་སྟོབས་ཕྱག་རྒྱས་ཟིལ་གནོན་པདྨ་འབྱུང་། །སྲིད་གསུམ་འགྲན་གྱི་དོ་མེད་བདུད་ཀྱི་གཤེད། །མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེའི་སྐུར། །མི་མིན་གདུག་པའི་ལྷ་འདྲེ་ཐམས་ཅད་ཀྱིས། །གནས་ཆེན་བུ་ལེར་ཚོགས་འཁོར་དགའ་སྟོན་མཆོག །ནམ་མཁའ་མཛོད་ཀྱི་སྒོ་མོ་ལེགས་པར་ཕྱེས། །ཤེལ་དཀར་ལྷུན་པོའི་མངའ་བདག་གང་བ་བཟང་། །ལྡན་མ་སྤུན་དགུ་ཕོ་མ་གངས་འཇོའི་མཚན། །སྐུ་ལ་མཁའ་རི་དང་བཅས་ཕྱོགས་སྐྱོང་ཚོགས། །དམ་བཞག་རྣམ་དཀར་བ་དན་ཕྱག་ཏུ་གཏད། །ལྷ་གཅིག་དཀའ་ལུང་ཛ་ཧུའི་བུ་མོའི་རྒྱུན། །རལ་བའི་ཀློང་འཁྱིལ་ལྷ་བཟང་ཀླུ་བཟང་དཔལ། །མགྱོགས་འགྲོའི་བསུ་ཕྲེང་མཆོད་སྦྱིན་བརྒྱ་བའི་དཔུང་། །སྟོད་ལུང་ཞལ་འཛོམས་གཞུང་པར་ལྷ་ཆུ་བཏོན། །གདུགས་དང་དྷྭཛ་མཆོད་པའི་བྱེ་བྲག་མང་། །འཁར་རྔ་རོལ་མོ་ཚངས་ཆེན་མྱོས་པའི་གླུ། །དྲི་ཞིམ་བདུག་སྤོས་ཆུ་འཛིན་གཡོ་བའི་རླབས། །བཀོད་ལེགས་མཆོད་སྤྲིན་རྒྱ་མཚོས་མདུན་ནས་བདར། །ལྷ་དབང་གཟི་བརྗིད་ཟིལ་གནོན་ཁྲི་སྲོང་རྗེ། །ཟ་འོག་ན་བཟའ་རིན་ཆེན་རྒྱན་གྱིས་མཛེས། །དྲི་ཟའི་ན་ཆུང་བཙུན་མོའི་འཁོར་ཚོགས་བཅས། །དབང་གཞུ་འཛིན་མར་འཁྱུག་པའི་གཟི་དཔལ་ངོམ། །པདྨ་རྒྱལ་བོས་སྤྲུལ་བའི་རྩེ་མོ་ཅན། །ང་རྒྱལ་བུད་ཤིང་སྲེག་པའི་གཤེད་དུ་སྤྲོས། །མངའ་བདག་གུས་ཕྱག་གེ་སར་རྡུལ་མང་བརྩེགས། །གོར་མའི་ཐུགས་རྟེན་སྐྱེ་དགུའི་དཔལ་དུ་བཞེངས། །རོ་བརྒྱའི་བཟའ་ཤིང་གཡུར་ཟ་འབྲས་ལྡན་དུས། །བཀྲ་ཤིས་དཀར་ཕྱོགས་དགའ་བ་དང་པོའི་ཆར། །རྒྱལ་སྲས་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་གར། །མཁན་སློབ་ཆོས་རྒྱལ་གསེར་ཞལ་ལྷུན་པོ་འཛོམས། །འགྲོ་བའི་རེ་སྐོང་རིན་ཆེན་རྡུལ་བརྩེགས་ལྷུན། །ཉི་ཟླ་ནོར་བུའི་དཔལ་འཕྲོག་རྣམ་འདྲེན་རྗེའི། །བྱིན་རླབས་ཆུ་ཤེལ་ལྷུན་པོའི་མེ་ལོང་གཟིས། །ལྗོངས་འདི་མྱ་ངན་མེད་པའི་དཔལ་ལ་བཀོད། །མི་མཐུན་ཉེར་འཚེའི་བ་མོ་དབྱིངས་སུ་ཡལ། །ཕུན་ཚོགས་སྡེ་བཞིའི་ལོ་ཏོག་གཡུར་དུ་ཟ། །ཕན་བདེའི་འབྱུང་གནས་དམ་ཆོས་རིན་ཆེན་གྱི །།བཀྲ་ཤིས་དུང་དཀར་དབྱངས་སྙན་ཕྱོགས་མཐར་སྒྲོགས། །ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་ཟླ་མེད་པ་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་འཁྲུངས་རབས་ལས། སློབ་དཔོན་རིན་པོ་ཆེ་དཔལ་གྱི་བསམ་ཡས་སུ་སྤྱན་དྲངས་ཏེ་མཁན་སློབ་ཆོས་གསུམ་གདན་འཛོམས་པ་བཀྲ་ཤིས་དུང་དཀར་གྱི་ཡལ་འདབ་སྟེ་དྲུག་པའོ།།

མི་གཙང་མངལ་གྱི་དྲི་མས་རབ་གོས་ཤིང་། །མྱང་འདས་སྒྱུ་མ་ཆེན་པོའི་རོལ་གར་བསྒྱུར། །ཟབ་དོན་ལྷ་རྔ་རྡུང་བའི་རྣམ་འདྲེན་འགས། །མཚོ་སྐྱེས་རྡོ་རྗེར་ཆ་ཙམ་བསྒྲུན་དུ་མེད། །སྣང་མཐའི་རྗེས་ཆགས་འོད་དམར་ཧྲིཿཡིག་ཁམས། །གསེར་སྦྱངས་རྡོ་རྗེ་རྩེ་ལྔས་པད་མཚོར་འཁྱུད། །མཚན་དཔེའི་སྐྱེ་མཆེད་མཚུངས་ཟླ་མེད་པའི་དཔེར། །རང་ཉིད་ལེགས་བསྟན་པདྨ་སམྦྷ་ཝ། །བེེ་ཌཱུར་དྭངས་མར་འཁྱིལ་བའི་མལ་གྲོའི་མཚོར། །འཁོར་བ་དོང་སྤྲུགས་འོ་མའི་བསང་གཏོར་བགྱིས། །ངན་སོང་སྦྱོང་བའི་དཀྱིལ་འཁོར་ལེགས་བཞེངས་དགེས། །རྗེ་འབངས་ཉེས་ལྟུང་དྲི་མ་དྲུངས་ནས་ཕྱུང་། །རིན་ཆེན་ཤེལ་དཀར་རྡུལ་མང་བརྩེགས་པའི་ལྷུན། །ས་བཅུའི་དབང་ཕྱུག་མདོ་སྨད་གཏེར་གྱི་བདག །མཆོད་སྦྱིན་ནོར་གྱིས་རྨ་རྒྱལ་རབ་མྱོས་ཏེ། །མངའ་བདག་དགྲ་ལྷའི་བ་དན་སྲིད་རྩེར་བསྒྲེངས། །གྲུབ་པའི་དབང་ཕྱུག་པདྨ་སམྦྷ་ཝས། །མི་འགྱུར་དཔལ་གྱི་བསམ་ཡས་ཧས་པོ་རིར། །དྲེགས་ལྡན་ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་རྣམས། །སྒྱུ་འཕྲུལ་དོན་ཡོད་ཞགས་པས་དབང་མེད་བཀུག །གདུག་པའི་སེམས་འཆང་མི་བསྲུན་ལྕགས་ཀྱི་ཁམས། །དམ་ཆོས་གསེར་འགྱུར་རྩི་ཡིས་མངོན་བསྒྱུར་ཏེ། །རྒྱགས་བརྔན་ལྷ་བསང་བདུད་རྩིའི་མཆོད་སྤྲིན་གྱིས། །རབ་མྱོས་མངོན་ཚིམ་ཅི་བགྱིའི་ལས་སུ་བཀོལ། །སྣང་སྲིད་ཟིལ་གནོན་སེང་ཆེན་གད་རྒྱངས་བསྒྲགས། །མཁའ་ལ་རྡོ་རྗེའི་འགྲོས་ཀྱིས་རོལ་གར་བསྒྱུར། །གྲིབ་གཟུགས་རེ་ཁཱས་གར་འཁྱུད་དབྱིག་ལྡན་གདོང་། །རྩིག་རྨང་མི་ཤིགས་དཔལ་བེའུའི་མུ་ཁྱུད་བྲིས། །ལྟ་བས་མི་ངོམ་དཔག་ཡས་ཡོངས་འདུའི་ཚལ། །གདེངས་ཅན་ཀླུ་ཡིས་མ་དྲོས་ཀླུང་ལས་དྲངས། །གདུགས་དུས་རྐང་གཉིས་དག་གི་རྩོལ་སྒྲུབ་ལས། །བྱ་བྲལ་འབྱུང་བོའི་བ་གམ་མངོན་པར་མཐོ། །ལུགས་གསུམ་ལྷུན་གྲུབ་དཔལ་གྱི་བསམ་ཡས་གླིང་། །གསེར་རི་རོལ་མཚོ་ཉི་ཟླ་སྒྲོན་མེའི་འོད། །མངོན་པར་རབ་འཁྱུད་འཕུར་འགྲོའི་གཙུག་ལག་ཁང་། །ཚངས་ཆེན་པིར་གྱིས་བྲིས་པ་འོལ་མི་དབྱི། །བརྩིགས་པ་མི་འདྲ་ས་ལས་འཁྲུངས་འདྲ་བའི། །གླིང་བཞི་གླིང་ཕྲན་ལྕགས་རིའི་མུ་ཁྱུད་བཅས། །བི་ཤྭ་ཀརྨར་སྐྱེངས་སྟེར་བཟོ་བཀོད་འཕྲུལ། །མ་བཞེངས་ལྷུན་གྱིས་གྲུབ་པའི་ངོ་མཚར་རྨད། །དབུ་རྩེ་རིགས་གསུམ་རི་རྒྱལ་ལྷུན་པོའི་འཁོར། །གསེར་རི་ཐུབ་པའི་ཕྲེང་བ་ཚར་དུ་དངར། །བདེ་གཤེགས་རྣམ་སྣང་ངན་སོང་རྣམ་སྦྱོང་བའི། །དཀྱིལ་འཁོར་ལྷ་ཚོགས་མཚན་དཔེའི་མེ་ཏོག་བཀྲ། །རིན་ཆེན་གཞལ་ཡས་ཁང་གི་བ་གམ་ཁྱོན། །འདུལ་བ་མདོ་སྡེ་གསང་བ་སྔགས་ཀྱི་སྒོ། །ལེགས་མཚོན་ཡིད་འཕྲོག་དོན་གྱི་འགངས་གསལ་བའི། །མཐོ་རིས་འོད་ཆགས་ལྡེར་རིས་མཚར་སྡུག་འབར། །རིན་ཆེན་ཀ་བ་སེང་ལྡེང་སྒོ་མོ་ཆེ། །བེེ་ཌཱུར་འབབ་སྟེགས་མངོན་པའི་དགེ་མཚན་འབུམ། །འཕོས་པའི་གླིང་ཕྲན་ཉི་ཟླའི་ཅོད་པན་ཅན། །ཕུན་ཚོགས་བདེ་ལྡན་ཞིང་གི་གཟུགས་ཀྱི་ཟླ། །རྣམ་དག་ཚུལ་ཁྲིམས་མཁྱེན་རབ་འཇམ་དཔལ་གླིང་། །བརྡ་སྦྱོར་ཚང་མང་ཟླ་གམ་འཁྱིལ་བའི་རིས། །ཤར་ཕྱོགས་ལུས་འཕགས་དཔལ་ཡོན་གཅིག་བསྡུས་ཏེ། །ཚངས་ཆེན་བློ་ལས་བཏོན་ནམ་འཕྱང་མོ་ཉུག །བདུད་འདུལ་སྔགས་པ་ཨརྱ་པ་ལོའི་གླིང་། །སྒྲ་བསྒྱུར་རྒྱ་གར་ཛམྦུ་པྲྀཀྵའི་ཞིང་། །རང་བྱུང་སོག་ཁའི་རྣམ་པར་བཀྲ་བའི་གཟུགས། །ཁྱབ་འཇུག་སྦར་མོའི་འཕྲུལ་གྱིས་གནས་འདིར་དྲངས། །བེེ་རོ་ཙ་ན་དགའ་ལྡན་བྱམས་པ་གླིང་། །མི་གཡོ་བསམ་གཏན་བཀོད་པ་ལྷུན་གྱིས་གྲུབ། །བ་ལང་སྤྱོད་ཀྱི་དོ་ཟླར་རབ་ཆས་པའི། །ཟླ་རྒྱས་ལང་ཚོ་ངོམ་པའི་དཔལ་གྱིས་སྙེམས། །རིན་ཆེན་སྣ་ཚོགས་བྱང་ཆུབ་སེམས་བསྐྱེད་གླིང་། །པེ་ཧར་དཀོར་མཛོད་བརྗིད་ཆགས་ཤོ་གམ་ཟླ། །སྒྲ་མི་སྙན་གྱི་ཡོན་ཏན་གཟུགས་ཅན་བཞིན། །རྣམ་པར་འཕོས་ཞེས་སྟེང་གི་ལྷ་རྣམས་གླེང་། །ཆུ་ཤེལ་ལང་ཚོ་པདྨ་རཱ་གའི་འོད། །མིག་སྨན་ཨིནྡྲ་ནཱི་ལའི་མདངས་འཛིན་པའི། །རྒྱལ་བའི་རིང་བསྲེལ་རབ་འཆང་མཆོད་པའི་རྟེན། །ལས་བཞི་ལྷུན་འགྲུབ་བདུད་དཔུང་ཟིལ་གྱིས་གནོན། །ཕྱི་རོལ་སྲ་བརྟན་ལྕགས་རིའི་མུ་ཁྱུད་ཟླུམ། །ཟུར་མང་རྡོ་རྗེའི་འགྲོས་ཀྱི་རེ་ཁཱས་བརྒྱན། །བཀྲ་ཤིས་སྟོང་རྩའི་གྲངས་ལྡན་མཆོད་པའི་རྟེན། །དགེ་མཚན་རྣམ་བཀྲ་སྲིད་ཞིའི་རྒྱན་དུ་བརྗིད། །ཕྱོགས་བཞིའི་མཚམས་སུ་དབང་དྲག་མགོན་ཁང་བཞི། །སྒོ་བཞིའི་ཐད་ན་མི་འཇིགས་རྡོ་རིང་བཞི། །གདོང་བཞིའི་ངོས་སུ་ཟངས་ཀྱི་ཁྱི་མོ་བཞི། །བདུད་བཞིའི་དོན་སྙིང་འབྱིན་པའི་མཆེ་བ་བཞི། །བདེ་སྟོང་ཕྱག་རྒྱ་བཙུན་མོ་རྣམ་གསུམ་གྱིས། །རིན་ཆེན་གསེར་ཟངས་ལི་མའི་རྒྱན་གསུམ་གླིང་། །མཐོང་ཐོས་དྲན་རེག་གྲོལ་བའི་སྒོ་གསུམ་རྟེན། །ལེགས་བསྐྲུན་གཙུག་ལག་ཁང་བཟང་སྲིད་གསུམ་རྒྱན། །སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་། །སྙིང་བོར་ཡོངས་སྨིན་འཛམ་གླིང་མཛེས་པའི་རྒྱན། །མི་འགྱུར་ལྷུན་གྱིས་གྲུབ་པའི་བསམ་ཡས་གླིང་། །འཇིག་རྟེན་ཡོངས་ཀྱི་ཡོན་གནས་འདི་རྨད་བྱུང་། །ཉི་ཟླའི་གཟི་འབར་མཁན་སློབ་རྣམ་གཉིས་ཀྱིས། །དམ་ཡེ་དབྱེར་མེད་བསྲེས་པའི་བྱིན་ཕབ་ཚེ།།དབུས་ཀྱི་བྱང་ཆུབ་རྣམ་སྣང་མཁའ་ལ་འཕགས། །དབུ་རྩེའི་ལྷ་ཚོགས་ཕྱི་རོལ་གཟིགས་མོར་ཕེབས། །རབ་འབྱམས་ལྷ་ཚོགས་ཆུ་གཏེར་འཕྱུར་བའི་རླབས། །གཙུག་ལག་ཁང་དུ་སླར་ཡང་ཤོང་དཀའ་བ། །མངའ་བདག་སོམ་ཉིའི་དྲ་བར་ཚུད་མ་ཐག །སྐད་ཅིག་རང་གནས་གཤེགས་པའི་རྫུ་འཕྲུལ་བསྟན། །སྤྱན་རས་གཟིགས་དབང་མ་རུངས་གདུལ་བྱའི་ངོར། །གར་དགུའི་རྣམ་རོལ་རྟ་མཆོག་རོལ་བའི་ལྷས། །རྟ་སྐད་ཐེངས་གསུམ་མ་ཚོགས་དབང་དུ་བསྡུས། །གནོད་བྱེད་དགྲ་བགེགས་རྩྭ་སྦུར་གཞོབ་ཐལ་བསྲེགས། །བཀྲ་ཤིས་དཔལ་འབར་ཡིད་འོང་ལེགས་བྲིས་བུས། །དགའ་བའི་གར་འཁྲབ་སྙན་འཇེབས་རོལ་མོ་འཁྲོལ། །སྨན་རྒྱལ་ཨ་རུ་ར་ཡི་ཆར་བ་འབེབས། །སྔར་མེད་འདབ་སྟོང་ལྗོན་པའི་མཛེས་སྡུག་གྲོལ། །གོར་མའི་གླེགས་བུའི་སྒོ་སྲུང་གཞོན་ནུ་མ། །གཏུམ་དྲག་ངར་སྒྲས་ཕྱོགས་བཞིར་མཆོངས་གར་རྩེན། །འཁོར་སའི་ཆུ་ཤིང་སྐྱེ་སྟོབས་ཚད་དུ་རྫོགས། །འབུམ་ཕྲག་ངོ་མཚར་འདྲེན་བྱེད་དཔྱིད་དུ་སྨིན། །གནམ་གྱི་ལྷ་བབས་བདག་པོའི་དཔལ་མགུར་ལས། །བཅུ་གསུམ་གྲངས་ལྡན་རྡོ་རྗེའི་ཐོལ་གླུ་བཞེངས།། མི་རེས་གླུ་རེ་རྟ་རེས་བང་རེ་ངོམ། །བདེ་སྐྱིད་དགའ་སྟོན་རྫོགས་ལྡན་དཔལ་ལ་འགྲན། །ཀུན་བཟང་མཆོད་པའི་སྤྲིན་ཕུང་སྐྱེངས་བྱེད་པའི། །མཁོ་རྒུའི་ལོངས་སྤྱོད་མ་དྲོས་གཏེར་བརྒྱ་གྲོལ། །གནམ་ལ་བཀྲ་ཤིས་ཉི་ཟླའི་གཟི་བྱིན་འཚེར། །ས་གཞིར་ཕུན་ཚོགས་འདབ་སྟོང་རྣམ་པར་བཞད། །སྲིད་གསུམ་ཀུན་ཏུ་གཟི་བརྗིད་དཔལ་འབར་ཞིང་། །ས་གསུམ་མིག་གི་བདུད་རྩི་ལྷང་ངེ་བ། །ལུགས་གསུམ་ལྷུན་གྱིས་གྲུབ་པའི་བསམ་ཡས་གླིང་། །སྐུ་གསུམ་དཔལ་བེའུའི་རི་མོ་གཡས་སུ་འཁྱིལ། །ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་ཟླ་མེད་པ་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་འཁྲུངས་རབས་ལས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཏེ་རྒྱལ་བོས་དགའ་སྟོན་མཛད་པ་མི་ཤིགས་དཔལ་བེའུའི་ཡལ་འདབ་སྟེ་བདུན་པའོ།།
མཐུ་སྟོབས་དྲག་རྔམ་གདུག་པའི་མེ་ཆར་གྱིས། །ནག་ཕྱོགས་མི་དང་མི་མིན་འབྱུང་པོའི་གདོན། །ཉེར་བཅོམ་སྐྱེ་དགུའི་ཕན་བདེའི་པད་ཚལ་འབུམ། །རྒྱས་མཛད་བདུལ་འདུལ་རྡོ་རྗེ་གྲོ་བོ་ལོད། །གསང་ཆེན་བསྟན་པའི་འབྱུང་གནས་མ་དྲོས་ཀླུང་། །གངས་ལྗོངས་བསོད་ནམས་ཞིང་དུ་ལེགས་དྲངས་ཏེ། །དགེ་ལེགས་མན་ཤེལ་གཟི་འོད་འབུམ་སྤྲོ་བའི། །བཀའ་དྲིན་བསམ་གྱིན་དད་པའི་མཆི་མ་འཁྲིགས། །ཆེ་བ་དྲུག་ལྡན་གསེར་རི་རོལ་མཚོའི་དབུས། །གོས་དཀར་ལྕང་ལོ་འབུམ་དགུའི་ཟར་བུ་གཡོ། །རབ་བྱུང་ངང་མོའི་དམ་ཆོས་མགྲིན་དབྱངས་ཀྱིས། །ལྗོངས་འདི་སྟུག་པོ་བཀོད་པའི་ཞིང་དུ་བསྒྲུབས། །རྒྱལ་བའི་བཀའ་དང་སྡེ་སྣོད་ཟ་མ་ཏོག །བསྒྱུར་ཞུས་གཏན་འབེབས་འཕྲིན་ལས་འོད་སྟོང་ཅན། །སྤྲུལ་བའི་ཆོས་རྒྱལ་ལོ་པཎ་བཀའ་དྲིན་མཐའ། །སྟོང་གསུམ་ནོར་བུས་བཀང་ཡང་གཞལ་ནུས་མིན། །ལུང་རྟོགས་བསྟན་པའི་གདུགས་དཀར་བླ་རུ་འཕགས། །གྲུབ་མཐའ་རྣམ་བཞིའི་ཆུ་ཀླུང་གཅིག་ཏུ་འཁྱིལ། །བཤད་སྒྲུབ་འཁོར་ལོ་གསུམ་གྱིས་ཉེར་མཛེས་པའི། །ཐུབ་བསྟན་དཔྱིད་དཔལ་ལང་ཚོ་དར་ལ་བབ། །གསེར་གྱི་རྡོ་རྗེ་མཁའ་ལ་འཕགས་པའི་ལྷུན། །ཉམས་དགའི་བཀོད་པ་པད་སྡོང་ཁ་ཕྱེའི་ཚུལ། །འོག་མིན་གསང་ཆེན་གཞལ་ཡས་མ་ལ་ཡའི། །ཡོན་ཏན་ལྷུན་རྫོགས་མཆིམས་ཕུའི་ནགས་ཀྱི་ཁྲོད། །འཕགས་ཡུལ་གནས་ཆེན་ཉེར་བཞིའི་དཔལ་ཡོན་འབུམ། །སྙིང་པོར་ཡོངས་སྨིན་བསིལ་བའི་ཚལ་ཆེན་པོ། །གསང་ཆེན་རོལ་པ་མཆིམས་ཕུའི་ཀེའུ་ཚང་དུ། །ཟག་མེད་ཏིང་འཛིན་བདེ་དགར་རོལ་བའི་ཚེ། །གློ་བུར་རྔམ་བརྗིད་རྫ་རི་ཀླད་ཉིལ་བ། །འགག་མེད་ཧཱུཾ་གི་གསུང་སྒྲས་གྱེན་བཟློག་ཅིང་། །རང་བྱུང་ལྷུན་པོ་གཡོ་མེད་བརྗིད་ཆགས་པར། །ཧཱུཾ་ཡིག་རང་བྱོན་ལ་ཐོད་གཙུག་ན་མཛེས། །གསལ་སྟོང་དབྱེར་མེད་ཆུ་ཤེལ་གུར་ཁང་དབུས། །སྣང་སྟོང་ཟུང་འཇུག་ལྔ་ལྡན་འཇའ་ཟེར་འཁྲིགས། །བདེ་སྟོང་དབྱེར་མེད་ཆུ་ཟླའི་སྣང་བརྙན་མཛེས། །སྐུ་ཐིག་ཡེ་ཤེས་གཟི་བྱིན་ལམ་མེར་བཀྲ། །ཀ་དག་རིག་སྟོང་འོད་གསལ་ཀློང་ཡངས་སུ། །ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་རང་མདངས་གསལ། །གཞོན་ནུ་བུམ་སྐུའི་ལང་ཚོའི་འདབ་སྟོང་གྲོལ། །ཀུན་བཟང་གདོད་མའི་མགོན་པོ་གཟུགས་སྐུར་ཤར། །ཆོས་རྒྱལ་ཆེན་པོས་མཎྜལ་མེ་ཏོག་ཚོམ། །གུས་ཕྱག་ཀུནྡའི་འདབ་ཕྲེང་རབ་གཡོ་བཞིན། །སྨིན་གྲོལ་དབང་བཞིའི་རྒྱུན་བཟང་རྟག་འཇོ་བའི། །གསོལ་འདེབས་དྲུག་སྐྱེས་རོལ་མོའི་དབྱངས་ལས་གྱེར། །ཞི་བའི་ཉམས་ལྡན་རྡོ་རྗེ་དབྱིངས་ཀྱི་ལྷ། །འབར་བ་ཁྲག་འཐུང་འཇིགས་རུང་ཧེ་རུ་ཀཿ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་མཆོག །གདོད་མའི་མགོན་པོ་ཨྱོན་རིན་པོ་ཆེ། །རྩ་གསུམ་འཁོར་ལོའི་མགོན་པོར་མངོན་བཞེངས་ཏེ། །སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ཚེ། །སྐལ་ལྡན་སྙིང་གི་ཐུགས་སྲས་རྗེ་འབངས་དགུ། །སྨིན་གྲོལ་བདེ་ཆེན་བདུད་རྩིས་ཅི་ཡང་མྱོས། །ཆེ་མཆོག་བདེ་གཤེགས་འདུས་པའི་བཀའ་བབས་མཆོག །ཏིང་འཛིན་མངོན་གྲུབ་རྡོ་རྗེའི་གསང་མཚན་དུ། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ཅེས། །མཚན་ཙམ་གྱིས་ཀྱང་སྐྱེ་དགུའི་གདུང་བ་སེལ། །བྲག་རིར་ཐོགས་མེད་མཁའ་ལྡིང་ཟློས་གར་རྩེན། །ཆུ་གཏེར་འཇིངས་སུ་གསེར་མིག་འཁྱུག་འགྲོས་ངོམ། །འབྱུང་བཞིས་མི་ཚུགས་གོར་མ་འདམ་ལྟར་བརྫི། །གྲུབ་ཐོབ་བུ་སློབ་སྤྲུལ་སྒྱུར་མིག་གི་དཔྱིད། །ཁྱེད་ཞལ་ཨུ་དུམ་ཝ་རའི་སྐྱེད་ཚལ་དུ། །གསང་ཆེན་བདེ་སྟོང་སྦྲང་རྩིའི་རོ་མཆོག་འཁྱིལ། །འགག་མེད་གསུང་སྙན་ནཱ་དའི་རོལ་མོ་ཡིས། །འཇིག་རྟེན་ཤེས་ལྡན་ཚོགས་ཀྱི་ཡིད་རབ་འཕྲོག །བསྐལ་བར་ཚོགས་བསགས་ངལ་བར་མ་བསྟེན་པར། །ཚེ་གཅིག་ཕུང་པོ་འོད་སྐུར་གྲོལ་བའི་ལམ། །བླ་མེད་ཨ་ཏིའི་གདམས་ངག་འཆི་མེད་རོ། །འཐུང་འདོད་སྐལ་ལྡན་འགྲམ་ཆུའི་ཟེགས་མ་འཐོར། །རྗེ་འབངས་གྲོགས་གསུམ་སྐལ་ལྡན་ཚོམ་བུ་ཡིས། །གཅེས་དགུའི་དྭངས་མ་ལུས་སྲོག་ལོངས་སྤྱོད་བཅས། །སྟོང་གསུམ་མཎྜལ་གཟུགས་སུ་རྣམ་སྤྲུལ་ཏེ། །སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མཚོ་སྐྱེས་རྡོ་རྗེའི་ཐུགས་ཀྱི་ཏི་ལ་ཀ །གསེར་ཞུན་ཡོན་གྱིས་མི་ཁུགས་ཟབ་གསང་མཛོད། །དགོངས་འདུས་གསེར་ཆོས་ཌཱ་ཀྐཱིའི་ཞལ་རླངས་བཅུད། །རྗེ་འབངས་བུ་སློབ་ཐུགས་ཀྱི་ཀློང་དུ་འཕོས། །ཀ་དག་སྤྲོས་བྲལ་རིག་པ་རང་སར་གྲོལ། །ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་འཆར་བའི་གནས། །གྲུབ་བརྙེས་རིག་འཛིན་འཇའ་ལུས་དེངས་པའི་ས། །ངོ་མཚར་རང་བྱོན་འབྱམས་ཀླས་མཆིམས་ཕུའི་ནགས། །ལྷོ་བྲག་མཁར་ཆུ་གཞོ་སྟོད་ཏི་སྒྲོའི་ཕུག །ལས་ཅན་བུ་སློབ་རྗེ་འབངས་ཉེར་ལྔའི་འཁོར། །རྣམ་གསུམ་ཡོ་གའི་ཟབ་ཆོས་ཨ་མྲྀ་ཏས། །ཡོངས་སྨིན་རིག་འཛིན་གྲུབ་པའི་མཁའ་ལ་གཤེགས། །གངས་དཀར་མཆེ་བ་གཙིགས་པའི་བསིལ་ལྗོངས་ཁྱོན། །ཅང་ཤེས་རྨིག་པའི་རྗེས་ཙམ་ལྷག་མེད་པར། །ཞབས་ཟུང་རྩིབས་སྟོང་འཁོར་ལོའི་གར་བསྒྱུར་ཏེ། །སྒྲུབ་ཕུག་ཨྱོན་གནས་མཚུངས་བྱིན་གྱིས་བརླབས། །རིག་འཛིན་དཔའ་བོ་ཌཱ་ཀྐཱིའི་སྤྲིན་ཕུང་འཁྲིགས། །རྩ་གསུམ་སྲུང་མའི་བླ་མཚོའི་དྲོད་རླངས་འཁྱིལ། །རྡོ་རྗེའི་གནས་ཆེན་དང་མཉམ་བྱིན་མཐུ་ཡིས། །ལུས་ཅན་གང་ཟག་ཐར་བའི་ཐེམ་སྐས་འགོད། །སྟོད་ཀྱི་གངས་བྲག་ཉི་ཤུར་ཡང་དབེན་མཛད། །བར་གྱི་ཉེར་གཅིག་སྒྲུབ་གནས་བྱིན་དྲོད་ཕབ། །སྨད་ཀྱི་གནས་ཆེན་ཉེར་ལྔའི་སྒོ་འཕར་ཕྱེས། །སྦས་གནས་དཔག་མེད་ཆོལ་གསུམ་འཛིན་མར་བརྡལ། །འབུམ་ཐང་རྡོ་རྗེ་བྲག་ལ་ཞབས་རྗེས་གསལ། །བེེ་ཌཱུར་གནམ་མཚོ་ཕྱུག་མོར་ཕྱག་རྗེས་བཀྲ། །སྤ་གྲོ་བྲག་དཀར་སྐུ་རྗེས་ངོ་མཚར་གྱིས། །ཕྱི་རབས་དད་ལྡན་ཡིད་ཀྱི་དང་བ་འདྲེན། །གཉིས་འཐུང་མཆེ་བ་ངོམ་པའི་གངས་ཁྲོད་དང་། །སྨུག་རྩིའི་དཔལ་གྱི་སྙིང་པོ་གཤིབས་འདྲའི་བྲག །གནམ་སྔོན་ཞུན་མར་འཁྱིལ་བའི་དྭངས་གསལ་མཚོར། །གསང་གསུམ་ཟླ་ཚེས་གསར་བའི་འོད་རིས་འཛུམ། །གསང་ཆེན་བསྟན་པ་མི་ནུབ་མཐར་རྒྱས་སླད། །བླ་གཏེར་ཐུགས་གཏེར་ཟབ་གཏེར་ནོར་བུའི་ཚོམས། །མི་འཇིག་སྒྲོམ་བུར་རྒྱས་བཏབ་ཕྱག་རྒྱས་བཅིངས། །ལས་ཅན་བུ་དང་འཕྲད་པའི་ཐུགས་སྨོན་མཛད། །ཟབ་རྒྱས་ཁ་ཚང་མཐར་རྒྱས་སྙིང་པོར་སྨིན། །བྱིན་རླབས་ཙནྡན་སྤང་སྤོས་ངད་མ་ཡལ། །གདམས་པ་སྣ་རེས་གང་ཟག་རྣམ་གྲོལ་བ། །གཏེར་ཆོས་གསེར་ཞུན་དྭངས་མའི་ཁྱད་ཆོས་ཉིད། །བརྩེ་ཆེན་ཐུགས་རྗེ་འབུམ་ཕྲག་ཟླ་རྒྱས་འོད། །ལྔ་བདོའི་འགྲོ་ལ་ལྷག་པར་སྙིང་བརྩེ་བ། །མཚུངས་མེད་སྤྲུལ་སྐུ་མ་ཧཱ་གུ་རུ་རྗེས། །མཐའ་དབུས་གཏེར་གྱིས་བཀང་བའི་བཀའ་དྲིན་ལྕི། །ནད་མུག་མཚོན་ཁ་ལྡང་བ་ལྔ་བདོའི་སྨག །བྱིན་རླབས་སྣང་བས་དབྱིངས་སུ་ཞི་མཛད་པའི། །མཚུངས་མེད་ཟབ་གཏེར་ཡིད་བཞིན་དབང་གི་རྒྱལ། །ལུས་ཅན་སྐྱེས་བུའི་བསོད་ནམས་སྐལ་བར་སྨིན། །ནེེ་རིང་རྫོང་དང་སྟག་ཚང་མིང་ཅན་དུ།།རབ་འཇིགས་རྡོ་རྗེ་དྲག་པོའི་སྐུར་བཞེངས་ཏེ།།བྷོ་ཊའི་ལྷ་འདྲེ་ཐམས་ཅད་དམ་བཞག་ནས།།གཏེར་སྲུང་མུ་ཏིག་ཆོ་ལོའི་དོ་ཤལ་བྱིན།།སྲིད་གསུམ་སྲོག་བདག་གནོན་སྦྱིན་ཤིང་བྱ་ཅན། །བཀར་བཏགས་ཕྱག་རྒྱས་ཆོས་འཁོར་བསྲུང་མར་བསྐོས། །ཆོས་རྒྱལ་གདུང་རྒྱུད་བསྟན་པ་མཐར་རྒྱས་སླད། །མཐུ་རྩལ་མེ་ཆར་སྤྲོ་བའི་ཐ་ཚིག་བསྒོས། །བརྗིད་ཆགས་ལྷུན་སྟུག་གུང་ཐང་ལ་ཐོག་ཏུ། །རྗེ་འབངས་མུ་ཏིག་རྒྱུ་སྐར་ཕྲེང་བའི་དབུས། །པད་འབྱུང་དངོས་ཀྱི་གདུལ་བྱ་དེ་ཙམ་ཞེས། །ལྷོ་ནུབ་དཔལ་རིར་འབྱོན་པའི་ཉེར་བསྡོགས་བརྩམས། །ལྷ་སྲས་མྱ་ངན་དུད་སྤྲིན་མཁར་འཕྱོ་བཞིན། །སོར་མོའི་ལྕུག་ཕྲན་ལྷ་གོས་ཐུ་བར་འཁྲིལ། །བཤོལ་འདེབས་གདུང་དབྱངས་ས་འཛིན་ངེས་བཅིངས་གླུ། །དཔལ་མགུར་སྐྱེ་བ་ལྔ་བའི་རྒྱུད་ལས་དྲངས། །དུས་གསུམ་ཀུན་མཁྱེན་ཨྱོན་རིན་པོ་ཆེས། །བརྩེ་ཆེན་ཕྱག་སོར་དཔག་བསམ་ལྗོན་པའི་འདབ། །ལྷ་གཅིག་སྤྱི་གཙུག་རྒྱན་དུ་ལེགས་བཀོད་དེ། །ཡིད་བཞིན་ནོར་བུའི་མན་ངག་བཅུ་གསུམ་བསྩལ། །འདི་ནས་བཅུ་བདུན་སྐྱེ་ཕྲེང་ལུ་གུ་རྒྱུད། །གངས་ལྗོངས་ཕན་བདེའི་དཔལ་དུ་ལེགས་བསྒྱུར་མཐར། །ཨྱོན་རིག་འཛིན་ཌཱ་ཀྐཱིའི་ཚོགས་བདག་ཏུ། །འབྱོན་དགོས་ལུང་བསྟན་མན་ཤེལ་ཕྲེང་མཛེས་བསྟར། །མཛེས་སྡུག་ཕྱག་རྒྱ་ཡེ་ཤེས་མཚོ་རྒྱལ་མ། །བརྩེ་ཆེན་མངའ་བདག་བདུད་རྩིའི་འོད་དཀར་ཅན། །བྲལ་བས་སྒེག་འཛུམ་ཀུནྡ་གློ་བུར་ཟུམ། །སྐྱོ་གདུང་བུང་བའི་མགྲིན་གླུ་བར་མེད་སྒྲོགས། །པི་ཝཾ་གླིང་བུའི་སྒྲར་དྲངས་ཚིག་བདུན་མ། །ཁྱེའུས་མ་བཞིན་གདུང་བས་གསོལ་འདེབས་ན། །ཐུགས་རྗེ་ཉེ་རིང་མེད་པར་རྗེས་འཛིན་པའི། །ཞལ་བཞེས་ཚངས་པའི་དབྱངས་ཀྱིས་དབུགས་དབྱུང་མཛད། །ཞལ་གདམས་བསླབ་བྱའི་ཉིང་བཅུད་སུ་ཝརྞའི། །ཚོམ་བུ་རྗེ་འབངས་དོ་ཀེར་རྒྱན་དུ་བབས། །གསོལ་འདེབས་མགྲིན་དབྱངས་བསྒྲགས་ཀྱང་བཤོལ་མ་ཐེབས། །ཉི་ཟེར་བཅིབས་ཏེ་རྔ་ཡབ་དཔལ་རིར་གཤེགས། །ཟངས་མདོག་པདྨ་འོད་ཀྱི་གཞལ་ཡས་སུ། །རཀྵ་ཐོད་ཕྲེང་གནས་སྤར་གསོབ་ཏུ་ཞུགས། །ལྷུན་གྲུབ་རིག་འཛིན་དྲུག་པའི་རྒྱལ་ཚབ་ཏུ། །གཡོ་མེད་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས། །ལོག་འདྲེན་ཟིལ་གནོན་རྔམ་བརྗིད་ཁྲོ་བོའི་སྐུ། །ལྷོ་ནུབ་རོ་ཟན་གཤེད་དུ་མངོན་བཞེངས་ཀྱང་། །དམིགས་མེད་ཐུགས་རྗེ་མདངས་འཚེར་འཇའ་འོད་ཟེར། །གངས་ཅན་གདུལ་བྱའི་ཆུ་མཚོར་ལྷག་པར་གསལ། །ཚངས་པ་ལྷ་ཡི་མེ་ཏོག་སྲས་འབངས་གྲོགས། །བརྩེ་བས་མི་འདོར་ཞལ་བཞེས་དམ་དགོངས་ལ། །དུས་གསུམ་འཕོ་འགྱུར་མེད་པའི་དགོངས་ཀློང་ནས། །དངོས་གྲུབ་ཀུན་སྩོལ་ཡེ་ཤེས་སྤྱན་གྱིས་གཟིགས། །དྲི་བཟང་བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་འདོད་དགུའི་ལོངས་སྤྱོད་དཔལ། །ཀུན་ཏུ་བཟང་བོའི་འཕྲུལ་ལ་འགྲན་བཟོད་པའི། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ། །རྗེ་བཙུན་ཆེན་པོ་ཁྱེད་ཀྱི་སྤྱན་སྔ་རུ། །བདག་སོགས་འཁོར་བར་འཁྱམས་པའི་འགྲོ་བ་ཡིས། །ཐོག་མེད་དུས་ནས་བསགས་པའི་སྡིག་སྒྲིབ་ཀུན། །ངོ་ཚ་འཇིགས་སྐྲག་འགྱོད་པ་དང་བཅས་བཤགས། །མངལ་གྱིས་མ་གོས་པདྨོའི་སྦུབས་ལས་འཁྲུངས། །མདོ་སྔགས་ཆོས་ཀྱི་སྒྲ་དབྱངས་ཅིག་ཅར་སྒྲོགས། །རྡོ་རྗེའི་སྐུ་ལ་འདས་གྲོངས་མི་མངའ་བའི། །མགོན་པོ་ཁྱེད་ཀྱི་མཛད་པར་རྗེས་ཡི་རངས། །ཀུན་བཟང་རང་ངོ་མ་འཕྲོད་འཁོར་འཁྱམས་འགྲོར། །རྨད་བྱུང་ཨ་ཏི་ཡོ་གའི་གསང་ལམ་ནས། །ཚེ་གཅིག་སངས་རྒྱས་འོད་གསལ་རྫོགས་པ་ཆེ། །བསྐལ་བ་མ་སྟོང་བར་དུ་བསྐོར་བར་བསྐུལ། །པདྨའི་ཆུ་མཚོར་བུང་བའི་འདུ་འགོད་བཞིན། །སྡུག་བསྔལ་འཁོར་བ་རྒྱ་མཚོའི་རྒྱུ་སྒྲུབ་པའི། །མ་དག་མ་རྒན་མུན་པར་འཁྱམས་པ་རྣམས། །ཡ་མཚན་ཡང་དག་སངས་རྒྱས་ས་རུ་སྐྱོལ། །སྙིགས་མའི་རྒུད་པ་མུན་ལྟར་འཁྲིགས་པའི་ཚེ།།ཐུགས་རྗེ་འཕྲིན་ལས་གློག་ལྟར་རབ་མྱུར་བའི། །ཞལ་བཞེས་ཐུགས་དམ་དུས་ལས་མི་འདའ་བའི། །རྡོ་རྗེའི་དམ་དགོངས་དུས་ཀུན་བྱིན་གྱིས་རློབས། །དུས་གཅིག་སྐུ་ཡི་བཀོད་པ་འབྱམས་ཀླས་པའི།།སྤྲུལ་མཚན་ཉི་ཤུས་བསྟན་འགྲོའི་མཛད་ཆེན་སྐྱོང་། །པདྨ་གཟི་འོད་པདྨ་བཛྲ་སོགས། །སྣ་ཚོགས་སྤྲུལ་བའི་རོལ་གར་བསམ་མི་ཁྱབ། །གངས་རིའི་ལང་ཚོ་ངོམ་པའི་ཞིང་ཁམས་སུ། །ས་པཎ་ཡབ་སྲས་འཁྲུལ་མེད་གླིང་བ་བརྒྱད། །ཨ་ཏི་ཤ་དང་ཀུན་མཁྱེན་བློ་བཟང་གྲགས། །ཐམས་ཅན་མཆོག་གི་སྒྱུ་འཕྲུལ་རོལ་པའི་རྩལ། །རྒྱལ་བསྟན་རིན་ཆེན་མཐའ་ལ་ཐུག་པའི་དུས། །རིག་འཛིན་ཁྲོད་དུ་སྤྲུལ་བ་རེ་རེ་འབྱོན། །དད་པ་ཅན་ལ་འབྲལ་མེད་རྟག་འགྲོགས་པའི། །ཞལ་བཞེས་དྲན་ཏེ་སོར་བཅུ་སྙིང་གར་ཟུམ། །མ་འོངས་རྫོགས་ལྡན་དགའ་སྟོན་བཞད་པའི་དུས། །རྒྱལ་སྲས་འགྲོ་བ་ཀུན་འདུལ་རྣམ་རོལ་གྱིས། །གསང་ཆེན་བདུད་རྩིའི་བགོ་སྐལ་འགྱེད་པའི་ཚེ། །བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །དགེ་འདིས་སྐྱེ་དགུ་རྫོགས་ལྡན་དཔལ་གྱིས་འཚོ། །མཆོག་ཐུན་དངོས་གྲུབ་ནོར་བུའི་གྲུ་ཆར་འཇོ། །ཕན་བདེའི་འབྱུང་གནས་འོད་གསལ་སྙིང་པོ་ཡི། །བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་གྱུར་ཅིག །
ཅེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་ཟླ་མེད་པ་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་འཁྲུངས་རབས་ལས། བོད་ནས་འགྲོ་དོན་རྫོགས་ཏེ་ལྷོ་ནུབ་དཔལ་རིར་བྱོན་ཡང་། ཐུགས་རྗེ་ཉེ་རིང་མེད་པར་ཁམས་གསུམ་སྤྱི་དང་ཁྱད་པར་བོད་ཀྱི་འདུལ་བྱར་གཟིགས་པ་མི་ནུབ་རིན་ཆེན་རྒྱལ་མཚན་གྱི་ཡལ་འདབ་སྟེ་བརྒྱད་པའོ།།

སློབ་དཔོན་རིན་པོ་ཆེའི་རྟོགས་བརྗོད་ནཱ་དའི་སྒྲ་དབྱངས་ཞེས་པ་འདི་ནི། གྲུབ་ཐོབ་རྗེ་འབངས་ཉེར་ལྔ་ལས་འབྲོག་མི་དཔལ་གྱི་ཡེ་ཤེས་དང་ལྡན་མ་རྩེ་མང་ཟུང་གི་སྤྲུལ་བའི་རོལ་གར། དམོད་པ་དྲག་སྔགས་ཀྱི་བཀའ་བབས་དྲག་པོ་མངོན་སྤྱོད་ལ་མངའ་བརྙེས་པའི་མག་སར་པཎྜི་ཏའི་སྐྱེ་ཕྲེང་ལྔ་བ་རིག་འཛིན་སྣང་གསལ་རྡོ་རྗེ་མཆོག་གིས་འདི་ལྟར་བགྱི་བའི་བཀའ་ལུང་མེ་ཏོག་སྤྱི་བོར་འཐོར་བ་དང་། ཁམས་རྫོགས་ཆེན་ཡིད་བཞིན་ནོར་བུའི་ཞལ་སློབ་ཚེ་དང་སྒྲུབ་པ་སྙོམ་པའི་བྱ་བྲལ་རིག་པ་འཛིན་པ། གཅན་ཚའི་ཨ་བུ་ཀརྨས་བཀྲ་ཤིས་ལྷ་དར་གྱིས་ཐོག་དྲངས་པའི་བྱིན་རྟེན་གྱ་ནོམ་པ་བསྟར་ཏེ་ཆེད་དུ་བསྐུལ་མ་གནང་བ་དང་། ཁམས་རྫོགས་ཆེན་དྲྭ་བའི་སྤྱི་བདག་ཆེན་མོ་མཁན་དོན་གྲུབ་རྡོ་རྗེ་མཆོག་དང་། ཁྱུང་མགོན་མི་འགྱུར་རྡོ་རྗེ་གླིང་གི་དགོན་པའི་གཙོ་འགན་པ་ལྕང་སྐྱའི་དཔོན་རྟ་མགྲིན་རྒྱལ། ལྕང་སྐྱའི་རིག་འཛིན་འཕགས་པ་སྐྱབས། མག་སར་པཎྜི་ཏའི་གདན་ས་རིག་འཛིན་པདྨ་རྣམ་གྲོལ་གླིང་གི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྣལ་འབྱོར་བ་ཆེན་མོ། སྐྱ་རྒྱའི་ཤ་བོ་བཀྲ་ཤིས་སམ་ཟོར་ཆེན་མེ་འབར་ཚང་། མགོ་ལོག་ཁྲ་གླིང་རི་ཁྲོད་ཀྱི་བྱ་བྲལ་རིག་འཛིན་འོད་གསལ་རྡོ་རྗེ། ཁྲ་གླིང་དགོན་པའི་བསྟན་བདག་མཁན་དཔལ་ལྡན་འོད་ཟེར་ཚང་། རེབ་གོང་རྒྱལ་པོ་རླངས་ཚང་གི་རིག་པ་འཛིན་པ་ཤ་བོ་གཡང་འབུམ། རེབ་གོང་བྱང་ཆུབ་ཀྱི་གཞོན་སྐྱེས་རིག་པ་འཛིན་པ་སངས་རྒྱས་རྒྱ་མཚོ། མང་རྫོང་བྱེ་སྣའི་སྔགས་དགོན་བདུད་འདུལ་དངོས་གྲུབ་གླིང་གི་སྔགས་འཆང་འཇིགས་མེད་འཕྲིན་ལས། དམེ་ཤུལ་སྔགས་པ་ཚོ་བའི་རིག་འཛིན་རྡོ་རྗེ་དབང་དྲག་དང་སློབ་དཔོན་བློ་ལྡན་ཚེ་རིང་། དམེ་ཤུལ་ནོར་མགོའི་སྔགས་འཆང་དགེ་འདུན་ཤེས་རབ། སོ་ནག་སྔགས་མང་གི་དགེ་བསྐོས་ཟུར་པ་རྔ་དཀར་ལྷ་འབུམ་རྒྱལ་ལམ་དྲག་སྔགས་འདུས་པ་རྩལ། དཔའ་ལུང་རྫོང་པདྨ་ཆོས་འཕེལ་གླིང་གི་བྲག་དཀར་བུ་རྒྱུད་ཆོས་རྒྱུད་རིག་འཛིན་སོགས་སྔགས་འཆང་རིག་པ་འཛིན་པ་དུ་མས་ཡང་ཡང་བསྐུལ་བ་རྐྱེན་དུ་གྱུར་པ་དང་། གཞན་ཡང་། སློབ་དཔོན་རིན་པོ་ཆེར་སྙན་ངག་གི་མཆོད་པའི་མེ་ཏོག་ཙམ་འབུལ་ཐུབ་པ་བྱུང་ན་ཨེ་མ་ཧོ་རྨད་བྱུང་སྐལ་བ་བཟང་སྙམ་པའི་ཀུན་སློང་དང་བཅས། རྩེ་གཞུང་ཡ་མ་ཐར་ངག་དབང་འཇིགས་མེད་དགེ་ལེགས་རྒྱ་མཚོར་འབོད་པས་མགྱོགས་པོར་བྲིས་ཏེ། བོད་རབ་རྒྱན་མེ་རྟ་ལོའི་〖2026〗ཆོ་འཕྲུལ་ཟླ་བའི་དུས་ཆེན་〖10〗ཁྱད་པར་ཅན་ལ་མཇུག་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། །། ཛ་ཡནྟུ།། །།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།