
༄༅། །རྒྱ་ཆེའི་གཟིགས་པ་པོ་ཡོངས་ལ་ཁམས་བདེའི་ཚིག་གི་ཁ་གཡང་དང་བཅས་ཏེ། ད་ཐེངས་ཁོ་བོས་བགྲང་བྱ་གཅིག་ལ་ཉེ་བའི་སློབ་ཁྲིད་ཀྱི་བར་གསེང་ནས་ལས་དོན་བྱུང་བའི་དེབ་གསར་གཉིས་རིགས་མཐུན་གྱི་གྲོགས་དག་གི་སྤྱན་ལམ་དུ་དཔར་སྐྲུན་བྱེད་རྒྱུ་བྱུང་བས་དོན་ལྡན་གྱི་བྱ་བར་རློམ་ནས་སྤྲོ་སེམས་སྐྱེ་བཞིན་ཡོད།
དང་པོ་ཕར་ཕྱིན་གྱི་ལུང་ཐོ་ཤེས་རབ་རྣམ་འབྱེད།

ངོས་ནས་སྔར་ཕར་ཕྱིན་གྱི་གཞུང་དག་ལ་འཆད་ཉན་བྱེད་སྐབས། སློབ་གྲོགས་མི་ཉུང་བ་ཞིག་ལ་གཞུང་ཚན་སོ་སོའི་འབྲེལ་ཡོད་ཀྱི་ལུང་ཚན་ཆ་ཤས་རེ་མཁོ་སྤྲོད་བྱས་ཀྱང་སྐབས་དེར་ལྟོས་བཅས་ཀྱི་ལུང་ཚན་ཆ་ཚང་ཞིག་མཁོ་འདོན་བྱེད་པའི་དུས་ཚོད་ཀྱི་ཁོམ་ལོང་བྲལ་བས། རེ་ཞིག་རྗེས་སོར་འགྲུབ་པའི་རེ་བའི་སྨོན་འདུན་གྱི་ཀློང་དུ་ལུས། ད་ལམ་ཡང་དུ་རང་དང་མཚུངས་པའི་སློབ་གཉེར་བ་དག་ལ་ཕན་པའི་ཀུན་སློང་གིས་རང་སྐལ་ལས་དོན་གྱི་ཞོར་དུ་དུས་ཚོད་གང་འཚམ་ཞིག་ལ་ལུང་བསྡུ་སྒྲིག་གི་ལས་ཀྱི་ཁུར་བོ་ཕྲག་ཏུ་བླངས། དེ་ཡང་རྒྱལ་བའི་བཀའ་དང་དེའི་དགོངས་འབྲེལ་རྒྱ་གར་འཕགས་པའི་མཁས་གྲུབ་དག་གི་བསྟན་བཅོས་རྣམས་དང་། སྔ་འགྱུར་རྙིང་མའི་ཕ་ཆོས་དཀར་པོ་ཕར་ཕྱིན་གྱི་གཞུང་འགྲེལ་བཅས་ཀྱི་ལུང་ཚན་མི་ཉུང་བ་ཞིག་བཀོད་ཡོད། ལུང་ཐོ་འདི་སྔར་ཁོ་བོས་བྱས་པའི་ཕར་ཕྱིན་གྱི་འགྲེལ་བ་ལུང་དང་རིགས་པའི་གཏེར་མཛོད་ཅེས་པའི་གཞུང་འགྲེལ་དེའི་དཔྱད་པ་དག་དང་འབྲེལ་བ་ཡོད་ལ་གཞུང་འགྲེལ་དེར་མ་འཁོད་པའི་ལུང་ཚན་མང་དག་ཅིག་འདིར་བཀོད་ཡོད་པས་ལུང་ཐོ་འདི་དེའི་ལྷན་ཐབས་སུ་བྱས་པ་ཡིན་ནོ། །དེ་ཡང་གང་བྱུང་དུ་མ་ཡིན་པར་ཚད་མར་བྱེད་འོས་ཀྱི་བསྟན་བཅོས་ཁུངས་ཐུབ་ཀྱི་ཚིག་དང་། ཚིག་ལ་གསལ་ཁ་དང་དོན་ལ་གོ་བདེར་ཡོད་པ་སྐབས་ཐོབ་ཀྱི་བརྗོད་དོན་དང་འབྲེལ་བའི་ལུང་ཚན་ཞིག་འགོད་པའི་ཁུར་བྱས་ཡོད་སྙམ་པའི་རྨོངས་བློ་འཆར་ཡང་། བདག་ནི་འཕགས་བོད་ཀྱི་ལེགས་བཤད་ལ་ཐོས་བསམ་གྱི་བློ་ཡིས་ལྟ་རྒྱ་ཆུང་དྲག་པས། ད་དུང་དགོས་ངེས་ཅན་གྱི་ལུང་ཅི་རིགས་འདིར་མ་འཁོད་པ་དང་བརྗོད་དོན་དང་མ་འབྲེལ་བའི་ནོར་འཛོལ་གྱི་ཆ་མང་དུ་མཆིས་སྲིད་པས། ཁྱེད་གཟིགས་པ་པོ་ཡོངས་ཀྱིས་དགོངས་ཡངས་གནང་བར་མཛད་འཚལ།
གཉིས་པ་སྡུད་པ་རྒྱན་སྦྱར་གྱི་རྩ་འགྲེལ་སྦྲགས་མ། 
ངོས་ནས་སྔར་སྡུད་པ་རྒྱན་སྦྱར་ལ་ཐོས་བསམ་ཐར་ཆགས་ཤིག་བྱེད་སྐབས། རང་དང་མཚུངས་པའི་སློབ་གཉེར་བ་དག་ལ་རྩ་འགྲེལ་སྦྲགས་མ་ཞིག་མེད་ཚེ་འཆད་ཉན་གང་བྱེད་པ་ལ་སྟོང་ཆ་ཞིག་གིས་སྟབས་ལེགས་པར་མེད་པའི་སྣང་ཚུལ་གྱིས་ཀུན་ནས་བསླངས་ཏེ། ཆོས་མཐུན་གྱི་གྲོགས་ལ་ཕན་དུ་སྙམ་པའི་འདུན་མ་ཡིས་དེབ་འདི་བསྒྲིགས་པའོ། །དེ་ཡང་ཤྲཱི་སེང་ནཱ་ལེནྡྲའི་གཙུག་ལག་རིག་གཞུང་གི་ནང་དུ་བཀོད་པ་ལྟར། གཞུང་གི་ས་བཅད་ཆེ་ཤོས་འགའ་དཀར་ཆག་ཏུ་བྱས་ཤིང་། དཀྱུས་སུ་འཇུག་ཚེ་ས་བཅད་དེ་རྣམས་ཡིག་གཟུགས་ཆེ་རུ་བྱས་ཏེ་འཚོལ་སླ་བར་བྱས་ཡོད། མདོ་སྡུད་པའི་ཚིག་རྣམས་ཀྱི་ཡིག་ཚུགས་ནི་འགྲེལ་བའི་ཡིག་ཚུགས་ལས་རྣམ་པ་གཞན་དུ་བྱས་ཏེ། ཤོག་ངོས་སུ་ཚིག་རྐང་བརྩེགས་མའི་ཚུལ་དུ་བསྒྲིགས་པ་དང་། འགྲེལ་ཚིག་རྣམས་ཕྲ་ཞིབ་མཉམ་པར་བྱས་ཤིང་། བརྗོད་དོན་གྱི་མཚམས་དག་བར་ཐག་ཅུང་ཙམ་ཕྱེས་ཡོད་པས་ལྟ་ཀློག་ལ་འཇུག་བདེར་བྱས། དུས་ཚོད་གང་འཚམས་ཤིག་ལ་རང་ནུས་གང་ཡོད་ཀྱིས་སྒྲིག་པའི་ཁུར་དུ་བླངས་ཀྱང་བདག་ནི་ཐོས་བསམ་གྱི་མཐའ་རྒྱ་ཆུང་ཞིང་ཤེས་རབ་ཀྱི་སྤོབས་པ་དེ་བས་ཀྱང་ན་ཕྲ་བས་འདིར་སྒྲིག་སྟངས་ལ་ནོར་འཛོལ་གྱི་ཆ་མང་དུ་མཆིས་སྲིད་པས། ཁྱེད་གཟིགས་པ་པོ་ཡོངས་ཀྱིས་དགོངས་ཡངས་གནང་བར་མཛད་འཚལ། སྒྲིག་པ་པོས།

རྨད་བྱུང་ལེགས་བཤད་ཚིག་གི་ཟེར་ཕྲེང་རེར། །
བརྗོད་བྱ་དོན་གྱི་སྙིང་པོའི་མདངས་གསལ་བས། །
བློ་གསལ་ཀུ་མུད་བཞད་པའི་དགའ་ཚལ་དུ། །
ཡིད་ཀྱི་གེ་སར་རྒྱས་པའི་གསོས་སུ་ཕུལ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།