ཇིང་གིར་རྒྱལ་པོའི་རྣམ་ཐར་མདོར་བསྡུས།

WechatIMG300.jpeg

     ཇིང་གིར་རྒྱལ་པོ༼༡༡༦༢.༥.༣༡_༡༢༢༧.༨.༢༥༽ཞེས་ཧོར་གོང་མ་རྒྱལ་པོ་འདི་ནི་ཕོ་ཡིན་ལ་རབ་བྱུང་བཅུ་ཉིས་པའི་ཆུ་རྟ༡༡༦༢ལོར་སྐུ་འཁྲུངས་ཤིང་། སོག་རིགས་ཡིན་པ་དང་། སོག་པོ་རྒྱལ་ཁབ་ཆེན་པོའི་མོ་པེ་རྩྭ་ཐང་སྟེ། ད་ལྟའི་མོང་གོལ་རྒྱལ་ཁབ་ཁུན་ཐེ་ཞིང་ཆེན་གི་མི་ཡིན། མཚན་ལ་ཐེམ་ཇིང་ཞེས་བཏགས། མཚན་གཞན་ལ་པེ་ཨེར་ཀྲི་ཅིན.ཐིས་མོའུ་ཀྲིན་དང་ཕྱིས་སུ་ཁྲིན་ཅིས་སི་ཧན་ཞེས་ཟེར། མོང་གོལ་གྱི་ཆབ་སྲིད་པ་དང་དམག་དོན་པ་གྲགས་ཅན་ཡིན། མེ་སྟག༡༢༠༦ལོར་མོང་གོལ་ཧན་ཆེན་ཞེས་པའི་རྒྱལ་པོའི་གསེར་ཁྲིར་མངའ་གསོལ་ཏེ་སོག་སྐད་དུ་ཇིང་ཞེས་པ་ཡོན་ཏན་དང་། གིར་ཞེས་པ་མང་པོ། ཧན་ཞེས་པ་རྒྱལ་པོ་ཡིན་པས་མཚན་ཡོངས་སུ་ཇིང་གིར་རྒྱལ་པོ་ཞེས་གསོལ། དཔའ་ངར་ལྡན་པའི་མོང་གོལ་མི་རིགས་ཀྱི་དམག་དོན་པ་དང་། ཆབ་སྲིད་པ། ཁྲིམས་ལུགས་པ་སོགས་ཡིན། སོག་པོའི་ནང་ཁུལ་གཅིག་གྱུར་བྱུང་རྗེས་སུ་རབ་བྱུང་བཞི་བའི་མེ་ཕག༡༢༢༧ལོར་སྔར་མི་ཉག་སི་འི་རྒྱལ་པོའི་མངའ་ཁུངས་ཏེ། དེང་སེང་ཉིང་ཞ་ཟེར་བའི་ས་ཆ་འདི་བླངས་ཏེ། ཕྱིས་སུ་ཕར་འདུལ་དམག་འཁྲུག་སྐུལ་སློང་བྱས་ནས་ས་ཁུལ་གང་མང་ཞིག་ཚུར་བླངས་ཤིང་། ཧོར་གོང་མ་སེ་ཆེན་རྒྱལ་པོའི་སྐབས་སུ་ཀྲུང་གོའི་མངའ་ཁུངས་ཆེན་པོ་གཅིག་གྱུར་ཡོང་བའི་རྨང་གཞི་ཚུགས་ཐུབ་པ་བྱུང་བ་དང་། ༡༢༦༥ལོར་གོང་མ་སེ་ཆེན་རྒྱལ་པོའི་སྐུ་རིང་ལ་ཇིང་གིར་རྒྱལ་པོའི་གདུང་མཆོད་ཁང་ལ་མེས་པོ་གོང་མའི་ལྷ་ཁང་ཞེས་ཟེར་ཞིང་། ཀྲི་ཡོན་ཁྲི་ལོ་གསུམ་པ༡༢༦༦ལོའི་ཟླ༡༠བར་ལྷ་ཁང་ལེགས་གྲུབ་བྱུང་བས། ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་རྒྱལ་པོས་ཇིང་གིར་རྒྱལ་པོའི་མཚན་ལ་གོང་མ་ཧྲིན་ཝུའུ་ཞེས་ཟེར། ༡༢༢༧ལོའི་ཟླ༨པའི་ཚེས༢༥ཉིན་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམས་སོ། 

        དང་པོ། མི་སྣར་མཚམས་སྦྱོར་བྱས་པ།  

  ཉེ་ལམ་ཆེས་གསར་དུ་བྱུང་བའི་ཞིབ་འཇུག་ཁྲོད་དུ་ཇིང་གིར་རྒྱལ་པོ་ནི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་མཁན་ཆེས་བཟང་པོའི་མངའ་བདག་ཡིན་ཞེས་ཟེར་ཞིང་། དེའི་རྒྱུ་མཚན་ནི་ཁོང་གིས་མངའ་དབང་སྒྱུར་བའི་དུས་སུ་ཐེངས་གང་མང་ལ་དམག་འཁྲུག་སློང་བ་ཡིན་པས། ཨོ་ཡ་ས་ཁུལ་དུ་མི་གྲངས་ཧ་ཅང་ཇེ་ཉུང་དུ་སོང་བའི་དབང་གིས་ཞིང་ས་ཧ་ཅང་འབོར་ཆེན་ཞིག་ཡང་བསྐྱར་ནགས་ཚལ་དུ་འགྱུར་བ་ཡིན་པས། མཁའ་དབུགས་ཆེན་པོའི་དབྱིངས་སུ་ཨེར་དབྱངས་ཧྭ་ཐན་མངོན་གསལ་ཇེ་ཉུང་དུ་སོང་བ་རེད་ཞེས་ཟེར།  

  ཕྱི་རྒྱལ་གྱི་གསར་འགོད་པས་གསར་འགྱུར་བཀོད་པ་ལྟར་ན་གོང་གསལ་ཞིབ་འཇུག་བྱེད་མཁན་འདི་ནི་ཨ་རུའི་ཁ་ན་ཅིས་ཞིབ་འཇུག་ཁང་གི་ཞིབ་འཇུག་པས་ཞིབ་འཇུག་བྱས་པ་རེད་ཟེར། ཁོ་ཚོས་བལྟས་ན་ཇིང་གིར་རྒྱལ་པོས་མོང་གོལ་དམག་དཔུང་ཁྲིད་ནས་དུས་རབས་བཅུ་གསུམ་པ་ནས་དུས་རབས་བཅུ་བཞི་བའི་བར་ལ་ཕར་འདུལ་དམག་འཁྲུག་མང་པོ་ལངས་ནས། ཡ་གླིང་ནུབ་མ་དང་ཨོ་གླིང་དཀྱིལ་མའི་མཚོ་ནག་མཚོ་ཁ་སོགས་མངའ་ཁུངས་རྒྱ་ཆེན་པོ་བླངས་ནས་མཐའ་ཡས་པའི་མོང་གོལ་བཙན་རྒྱལ་ཞིག་གསར་སྐྲུན་བྱས་པ་རེད། དུས་མཚུངས་སུ་མྱུར་བ་མྱུར་བར་མི་གྲངས་ཇེ་ཉུང་དུ་སོང་བའི་དབང་གིས་ཞིང་ས་ཐམས་ཅད་ཐད་ཀར་ནགས་ཚལ་དུ་གྱུར་ཞིང་། མཁའ་དབུགས་ཆེན་པོའི་དབྱིངས་སུ་ཨེར་དབྱངས་ཧྭ་ཐན་ཏུན་དུང་ཕྱིར་བདུན་ཇེ་ཉུང་དུ་བཏང་བས། སའི་གོ་ལ་ཧྲིལ་བོའི་མཁའ་དབུགས་ཇེ་དྲོར་འགྱུར་བར་ཕྱག་རྗེས་མཛད་མཁན་རེད་ཅེས་ཟེར་ཆོག ཇིང་གིར་རྒྱལ་པོའི་བྱེད་ཐབས་གང་མང་ཞིག་གི་ཆ་ནས་ཁོར་ཡུག་སྲུང་སྐྱོབ་རིང་ལུགས་པས་ཁས་ལེན་བྱེད་ཐུབ་དཀའ་ནའང་སྐྱེས་ཁམས་མཁས་དབང་རྣམས་ཀྱིས་བལྟས་ན་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་སའི་གོ་ལ་ཧྲིལ་བོའི་མཁའ་དབུགས་ཇེ་དྲོར་འགྱུར་བར་སྔོན་འགོག་བྱེད་པར་འབད་འབུངས་བྱས་ནས་གྲུབ་འབྲས་བླངས་པའི་དཔེ་མཚོན་ཞིག་རེད་སེམས། 

  ཇིང་གིར་རྒྱལ་པོ་ནི་ལོ་རྒྱུས་ཐོག་ཏུ་དགྲ་འདུལ་གྱི་ནུས་པ་དང་བསམ་བློ་ཆེས་ཆེན་པོ་འཛོམས་པའི་དགྲ་འདུལ་མཁན་ནང་གི་གཅིག་ཡིན་པས། ཁོང་གིས་སྐུལ་སློང་བྱས་པའི་དམག་འཁྲུག་གིས་ཨེར་དབྱངས་ཧྭ་ཐན་སྔུབ་པར་རམ་འདེགས་བྱེད་ཐུབ་པའི་དམིགས་ཡུལ་བསམ་བཞིན་དུ་ཡོད་པ་ཞིག་མ་རེད་མོད། སྐྱེས་ཁམས་མཁས་དབང་ཕཱང་ཀི་ལ་ཚིས་སེམས་ལ་ཁོ་མོའི་ཞིབ་འཇུག་བྱས་པ་ལས་མ་འོངས་པའི་ལོ་རྒྱུས་རིག་པའི་མཁས་དབང་རྣམ་པས་ང་རང་ཚོས་ཁོར་ཡུག་ཤུགས་རྐྱེན་ཐད་ཀྱི་ལྟ་ཚུལ་ལ་ཞིབ་འཇུག་གནང་བར་འཚལ་ཞིང་། ཁོ་མོས་བཤད་རྒྱུར། འདས་ཟིན་པའི་ཤེས་བྱ་ཐོབ་པ་ལས། ང་རང་ཚོས་ད་ལྟ་ས་ཞིང་བཀོལ་སྤྱོད་ཐད་ཇུས་ཆོད་གསར་བ་འཐེན་བཞིན་པའི་སྒང་ལ་མཁའ་དབུགས་ཆེན་པོའི་དབྱིངས་སུ་ཨེར་དབྱངས་ཧྭ་ཐན་ཇེ་ཉུང་དུ་གཏོང་དགོས་པ་རེད་ཞེས་ཟེར། 

      གཉིས་པ། ཐོབ་ཐང་ཟུང་གི་འཕྲིན་ལས། 

  གོང་མ་རྒྱལ་པོ་དང་མངའ་བདག་ཆེན་པོ་ཞེས་པའི་འབོད་ཚུལ་གཉིས་ཀའི་ནང་དོན་གཅིག་མཚུངས་མ་རེད། གཅིག་ནི་རྒྱལ་ཁབ་ཀྱི་བདག་དབང་གཅིག་གྱུར་བྱེད་མཁན་ཆེས་མཐོ་བའི་མངའ་དབང་བསྒྱུར་མཁན་ཡིན་ཞིང་། གཞན་ཞིག་ནི་མནའ་འབྲེལ་མངའ་བདག་དང་ཡང་ན་དབང་ཤུགས་སྤྱོད་མཁན་གྱི་ནང་དོན་ཡིན་པས། དམག་དོན་འགོ་གཙོ་ཡིན་ལ་གཤམ་དུ་མནའ་འབྲེལ་ཁག་གིས་ཆེས་མཐོ་བའི་རང་དབང་དང་ཕན་ཚུན་བར་ལ་དམའ་འབེབས་བྱེད་སྲིད་པ་རེད། ཆིན་ཧྲི་ཧུང་གི་སྔོན་ལ་ཀྲུང་གོར་གོང་མ་རྒྱལ་པོ་བྱུང་མ་མྱོང་བ་དང་མཚུངས་པར་མངའ་བདག་ཆེན་པོ་ཞེས་པ་ནི་ཁྲུན་ཆིག་སྐབས་སུ་བྱུང་བའི་མནའ་འབྲེལ་མངའ་བདག་ཅེས་བྱ་བ་ལ་ཟེར།  

   ༡༢༠༦ལོར་ཇིང་གིར་རྒྱལ་པོས་མོང་གོལ་རྒྱལ་ཁབ་བཙུགས་རྗེས། གོང་མ་རྒྱལ་པོ་དང་མངའ་བདག་ཆེན་པོ་ཟུང་གི་ཐོབ་ཐང་ཡོད་པ་རེད། རྩྭ་ཐང་ཆེན་པོར་འཚོ་བ་རོལ་བཞིན་པའི་མོང་གོལ་སོགས་མི་རིགས་མང་པོར་མཚོན་ན་ཁོ་ཚོས་མོང་གོལ་སྐད་ཀྱིས་མངའ་བདག་ཆེན་པོ་ཞེས་འབོད་པ་དང་། ནུབ་བྱང་ས་ཁུལ་དང་བྱེ་སྒང་གི་ལྷོ་ཕྱོགས་སུ་ཡོད་པའི་རྒྱ་རིགས་ས་ཁུལ་དང་ཤར་བྱང་ས་ཁུལ་དུ་ཡོད་པའི་ཆིས་ཏན། མེས་ཀྲིན། ཏང་ཞང་སོགས་ཀྱིས་གོང་མ་རྒྱལ་པོ་ཞེས་འབོད་པ་རེད། ཕྱིས་སུ་ཁོ་ཚོས་ལེང་ཁྲོ་ཚོ་ཁག་དང་། ཅིན་ཁྲོ་ཚོ་ཁག ཞི་ཞ་ཚོ་ཁག་སོགས་ཀྱིས་སྲིད་དབང་བཙུགས་མྱོང་ནའང་དུས་རབས༡༣པའི་སྐབས་སུ་ཆེས་མང་ཤོས་ནི་རྒྱ་རིགས་སུ་འགྱུར་བ་ཡིན་པས། ཕལ་ཆེར་གྱིས་རྒྱ་སྐད་བཤད་པ་ལས་རང་མི་རིགས་ཀྱི་སྐད་ཆ་བཀོལ་སྤྱོད་བྱེད་ཀིན་མེད་པ་མ་ཟད། ཡོངས་ཁྱབ་ཏུ་མ་སྐད་མ་ཡིན་པའི་རྒྱ་སྐད་བཀོལ་ནས་ཇིང་གིར་རྒྱལ་པོ་ལ་གོང་མ་རྒྱལ་པོ་ཞེས་འབོད་བཞིན་ཡོད། 

   ཡོན་ཁྲིན་ཙུང་སྐབས་སུ་ཡོན་རྒྱལ་རབས་ཀྱི་གོང་མ་རྒྱལ་པོས་མོང་གོལ་བཙན་རྒྱལ་སྤྱི་ལ་དབང་བའི་ཐོབ་ཐང་གིས་མངའ་བདག་རྒྱལ་ཁབ་ཆེན་པོ་བཞིས་ཁས་ལེན་བྱས་ཏེ།གོང་མ་རྒྱལ་པོ་ཞེས་འབོད་བཞིན་ཡོད།དཔེར་ན་ཐང་ཐེ་ཙུང་ལ་རྒྱ་ནག་གིས་རྒྱ་སྐད་བཀོལ་ནས་ཐང་རྒྱལ་རབས་ཀྱི་གོང་མ་རྒྱལ་པོ་ཞེས་འབོད་པ་ལྟ་བུ་ཡིན། 

   ༡༢༡༩ལོའི་ལུགས་རྙིང་གི་ཟླ་ལྔ་བར་ཇིང་གིར་རྒྱལ་པོས་ལིའུ་ཕོ་ཉ་ཀྲུང་ལོའུ་མངགས་ནས་ཁྲང་ཁྲུན་ཆིག་ཁྲུའུ་ཅིས་མོང་གོལ་རྩྭ་ཐང་དུ་ཕེབས་པའི་མགྲོན་ཤོག་བཏང་ཞིང་། རང་གིས་རང་ལ་གོང་མ་རྒྱལ་པོ་ཞེས་འབོད་པ་དང་། རང་གིས་རྒྱལ་ཁབ་བཙུགས་ནས་གོང་མ་རྒྱལ་པོར་བཞུགས་པའི་མཛད་སྒོ་སྤེལ་བ་རེད། ༡༢༢༠ལོར་ཇིང་གིར་རྒྱལ་པོས་ཐེངས་གཉིས་པར་ཕོ་ཉ་མངགས་ནས་ཁྲང་ཆིག་ཁྲུའུ་ཅིས་ཀྲུང་ཡ་རྩྭ་ཐང་དུ་ཕེབས་པའི་མགྲོན་ཤོག་བཏང་ནས། སྔར་བཞིན་རང་གིས་རང་ལ་གོང་མ་རྒྱལ་པོ་ཞེས་འབོད་པ་རེད། 

  ༡༢༣༢ལོར་ནན་སུན་ཕོ་ཉ་ཕཱན་ཏ་ཡ་མོང་གོལ་རྒྱལ་ཁབ་ཏུ་ཕེབས། ཕྱིས་སུ་ནན་སུན་ཕོ་ཉ་ཞིའུ་ཐེན་ཀྱང་མོང་གོལ་རྒྱལ་ཁབ་ཆེན་པོ་ཕེབས། ཕོ་ཉ་གཉིས་ཕྱིར་ནན་སུན་དུ་སླེབས་རྗེས་ལྷན་ཅིག་ཏུ༼ཇིང་གིར་རྒྱལ་པོའི་རྣམ་ཐར་མདོར་བསྡུས༽ཞེས་བྱ་བ་བརྩམས། དཔེ་དེབ་ནང་དུ་གོང་མ་ཇིང་གིར་རྒྱལ་པོ་ཞེས་བྲིས་ཡོད། 

  ཀྲི་ཡོན་ཁྲི་ལོ་གསུམ་པ༡༢༦༦ལོར་གོང་མ་སེ་ཆེན་རྒྱལ་པོས་འཇར་པན་རྒྱལ་ཁབ་ལ་བྲིས་པའི་ཕྱག་ཡིག་ནང་དུ་རང་གིས་རང་ལ་མོང་གོལ་རྒྱལ་ཁབ་ཆེན་པོའི་གོང་མ་རྒྱལ་པོ་ཞེས་བྲིས་ཡོད་ཅིང་། ༡༢༧༡ལོར་རྒྱལ་ཁབ་ཀྱི་མཚན་ལ་ཡོན་ཆེན་པོའི་རྒྱལ་རབས་ཞེས་སུ་གྲགས་ཤིང་། གོང་མ་སེ་ཆེན་རྒྱལ་པོས༡༢༠༦ལོར་ཇིང་གིར་རྒྱལ་པོས་མོང་གོལ་རྒྱལ་ཁབ་ཆེན་པོ་དབུ་བརྙེས་པ་ནས་བཟུང་གོང་མ་ཇིང་གིར་རྒྱལ་པོ་ཞེས་འབོད་བཞིན་ཡོད། 

       གསུམ་པ། འཁྲུངས་སྐོར་དང་བརྒྱུད་རིམ། 

        ༡. བྱིས་པའི་དུས་སྐབས་ཀྱི་བརྒྱུད་རིམ། 

   ཡོན་རྒྱལ་རབས་ཀྱིས་མེས་པོ་གོང་མ་ཇིང་གིར་རྒྱལ་པོར་མཚོན་ན་སྐུ་ན་ཕྲ་དུས་སུ་ཡབ་ཆེན་དགྲ་བོས་བཀྲོངས་ཤིང་། མ་ཡུམ་ཀྱང་དགྲ་བོས་འཕྲོག་ནས་ད་ཕྲུག་ཏུ་ལུས་པ་མ་ཟད་ཁོང་རང་གི་ཚོ་ཁག་ཡང་ཁ་ཐོར་དུ་སོང་བའི་དབང་གིས་ཧ་ཅང་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པའི་ངོགས་སུ་ལྷུང་བ་རེད། ཡིན་ནའང་ཁོང་གིས་དཔའ་ངར་ཞིམ་པ་མེད་པར་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱས་ནས་རིམ་བཞིན་ལང་ཚོ་དར་ལ་བབས་ཤིང་། མནའ་བཅད་སྤུན་ཟླ་བཀྲ་མོན་དཔལ་སོགས་དང་ཡབ་ཆེན་ཀྱི་གྲོགས་པོ་རྣམས་ལ་ཟུང་འབྲེལ་བྱས་ནས་ཁོང་རང་གི་ཚོ་ཁག་ཡང་བསྐྱར་སླར་གསོ་བྱས་པ་དང་། མཇུག་མཐར་རིམ་བཞིན་མོང་གོལ་གཅིག་གྱུར་བྱས་པ་རེད།དུས་སྐབས་དེར་མཚོན་ན་ཀྲུང་གོའི་བྱང་ཕྱོགས་སུ་མེས་ཀྲིན་དང་ཅིན་ཁྲོ་སོགས་ཀྱིས་དབང་སྒྱུར་བྱས་ཡོད་ལ་ནུབ་བྱང་ས་ཁུལ་དང་བྱེ་སྒང་གི་ལྷོ་ཕྱོགས་སུ་ཚོ་བ་ཁག་གིས་རང་དབང་སྒེར་ཚིགས་དང་ཕན་ཚུན་ལ་བར་ལ་དབང་སྒྱུར་མ་བྱས་པར་དམར་གསོད་དང་འཕྲོག་བཅོམ་ཁོ་ན་བྱེད་བཞིན་འདུག 

   ༡༡༤༦ལོར་མོང་གོལ་ཚོ་བའི་འགོ་བ་ཨན་པ་ཧེ་ཧན་ཅིན་ཡན་ཙུང་གིས་ཚོ་ཁག་ལ་ངོ་ལོག་པར་དྲག་གནོན་བྱེད་པར་ཁ་གཡར་ནས་ཤིང་ལེབ་སྟེང་ལ་མཛེར་ནས་བསད་པ་རེད། མོང་གོལ་ཚོ་ཁག་མནའ་འབྲེལ་གྱིས་ཐེངས་མང་པོར་ངོ་རྒོལ་འཐབ་རྩོད་བྱས་ནས་མི་རབས་སྔོན་མ་དུ་མས་ཁྲག་དང་ཚེ་སྲོག་གིས་རིན་ཐང་ཕུལ་བ་ཡིན། འདི་འདྲའི་སྤྱི་ཚོགས་ཁོར་ཡུག་ཏུ་འཁྲུངས་པའི་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་མཚོན་ན་ཅིན་རྒྱལ་ཁབ་ལས་རྣམ་པར་རྒྱལ་དགོས་པ་ནི་ཁོང་གིས་མི་ཚེ་གང་པོའི་འབད་འབུངས་དམིགས་འབེན་ཆེས་གལ་ཆེན་ཞིག་ཏུ་གྱུར་ཡོད།  

   ཁོང་གིས་སྙིང་ནད་འདི་ནམ་ཡང་སེམས་ལ་བཅིངས་ཤིང་། ཤ་འཁོན་འདི་དག་གིས་རྩྭ་ཐང་གི་མི་རབས་དུ་མའི་རིང་ལ་དུས་ཡུན་རིང་པོར་དམག་འཁྲུག་བརྒྱབ་པ་དང་། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་མ་ཡུམ་ལྕམ་མོ་ཁེ་ཨེར་ལུང་ནི་ཧུང་ཅེ་ཚི་ཚོ་ཁག་ནས་སྐྱེས་ཤིང་། ཐུང་མོའུ་ཨེར་ཆིས་ཀྱི་ཁྲི་ལིས་ཏུའུ་ལ་གཉེན་སྒྲིག་བྱས་པ་རེད། ༡༡༦༡ལོར་མོང་གོལ་ཆིས་ཡན་ཚོ་བའི་འགོ་བ་ཡེ་སུའུ་གེ་ཡིས་ཆུ་བོ་ཧན་ནན་འགྲམ་དུ་རི་དྭགས་སྔོན་དུས་མོང་གོལ་ཚོ་བའི་སྡོད་གནས་སུ་ལྕམ་མོ་ཁེ་ཨེར་ལུང་མཐོང་བས། ཁོས་གྲོགས་པོ་འགའི་རམ་འདེགས་བྱས་འོག ས་དེ་ཀའི་གཉེན་འཕྲོག་སྲོལ་རྒྱུན་ལྟར་མོ་ཨེར་ཆིས་ཕམ་པར་བརྒྱབ་ནས་ལྕམ་མོ་ཁེ་ཨེར་ལུང་བཙན་འཕྲོག་བྱས་ནས་ཡོང་བ་དང་། དེ་ནས་བཟུང་ལྕམ་མོ་ཁེ་ཨེར་ལུང་ནི་ཡེ་སུའུ་གེ་ཡི་ཆུང་མ་བྱས་པ་རེད། དེའི་ཕྱིར་ལོར་ཡེ་སུའུ་གེས་བུ་ཆེ་བ་ཐིས་མོའུ་ཀྲིན་སྐུ་བལྟམས་ཤིང་། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ལོ་དགུའི་ཐོག ཡབ་ཆེན་ཡེ་སུའུ་གེ་ལ་བཀྲ་ལིན་པུའུ་ཧུ་ཡིས་དུག་དྲངས་ནས་བཀྲོངས་པ་རེད། ཡེ་སུའུ་གེ་ཚེ་ལས་འདས་རྗེས་ཨན་པ་ཧན་གྱིས་མོང་གོལ་ཚོ་བར་ངན་སྐུལ་བྱས་ནས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་མ་བུ་གཉིས་ཚོ་བ་ལས་ཕྱིར་ཕུད་ནས། ཁོང་མ་བུ་གཉིས་ནི་ཚོ་བའི་དཔོན་ཚང་གི་ཐོབ་ཐང་ལས་ཐད་ཀར་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་ངོགས་སུ་ལྷུང་ནས་དཀའ་བ་ཆེན་པོ་སྤྱད་ནས་ཡུན་རིང་གནས་སོ། 

        ༢. ཚོ་ཁག་བཅུ་གསུམ་ལ་དམག་འཁྲུག་བརྒྱབ་པ། 

  ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་དགུང་གྲངས༡༨ཐོག་ཏུ་ཤ་འཁོན་དང་སྙིང་ནད་ཆེ་བའི་དགྲ་བོ་མོ་ཨེར་ཆིས་ཚོ་བའི་ཚོ་དཔོན་ཐོ་ཐོ་ཡིས་ཁོང་གི་ཆུང་མ་བཙན་འཕྲོག་བྱས་པ་རེད། དེ་བས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་མོ་ཨེར་ཆིས་ཚོ་བར་དཔུང་རྒོལ་བྱས་ནས་མོ་ཨེར་ཆིས་ཚོ་བ་ཕམ་པར་བརྒྱབ་པ་རེད། ༡༡༨༤ལོའི་ཡས་མས་སུ་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་དེ་མོང་གོལ་ཆིས་ཡན་ཚོ་བའི་ཁུ་ཧན་ཞེས་པའི་རྒྱལ་པོ་ལ་བསྐོ་བཞག་བྱས་པ་རེད། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ཁུ་ཧན་དུ་བསྐོ་བཞག་བྱས་རྗེས་སུ་ཧམ་སེམས་ཆེ་བའི་མནའ་བཅད་སྤུན་ཟླ་བཀྲ་མོན་དཔལ་གྱིས་ཕྲག་དོག་བྱས་ནས། ཐ་ཐ་ཨེར་དང་ཐེ་ཁྲི་ཝུའུ་སོགས་ཚོ་བ༡༣ལྷན་འབྲེལ་བྱས་ནས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ལ་ཚོ་ཁག་བཅུ་གསུམ་གྱིས་དཔུང་རྒོལ་བྱས་པ་རེད། འདི་ནི་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་མཚོན་ན་དམག་འཁྲུག་ཐེངས་༦༠ལྷག་ལ་བརྒྱབ་པའི་ཁྲོད་དུ་ཕམ་ཁ་ཐེངས་པོ་མྱང་བ་ཁོ་ན་ཡིན། 

        ༣. ཚོ་ཁག་གཅིག་གྱུར་བྱས་པ། 

  ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་རང་གི་སྟོབས་ཤུགས་བསྟུད་མར་ཇེ་ཆེར་སོང་བ་དང་བསྟུན་ནས་ཕ་གསོད་ཀྱི་ལག་དམར་ལ་དགྲ་ཤ་ལེན་པའི་མགོ་བརྩམས་ནས། ཀྲུའུ་ཨེར་ཆིས་ཚོ་ཁག་ཕམ་པར་བརྒྱབ་ཅིང་ཚོ་དཔོན་བསད་པ་དང་། ཚོ་བའི་ནང་གི་མོའུ་དཔའ་ལིས་ཕ་བུ་སོགས་མགོ་བཏེགས་པ་རེད། ཕྱིས་སུ་མོའུ་དཔའ་ལིས་ནི་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་དམག་དཔོན་ཨང་དང་པོར་གྱུར་བ་དང་དབུ་བློན་རྒྱལ་པོར་བསྐོ་བཞག་བྱས་པ་རེད།  

  རྩྭ་ཐང་གི་ཚོ་ཁག་སོ་སོའི་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ཡར་ལངས་པར་སྐྲག་ནས་བཀྲ་མོན་དཔལ་ལ་ཀོའུ་ཨེ་ཧན་ཞེས་རྒྱལ་པོར་གདམས་ཤིང་། རྒྱལ་པོ་མང་པོའི་ཁྲིད་ཀྱི་རྒྱལ་པོར་བསྐོས་ནས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་དགྲ་ཟླར་འཛིན་པའི་དམ་བཅའ་བཞག ཁོ་ཚོས་ཚོ་ཁག༡༢ཀྱི་མནའ་འབྲེལ་དམག་དཔུང་རྩ་འཛུགས་བྱས་ཤིང་། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་དང་ཁེ་ལིས་ཚོ་བར་ཁུ་ཁྲི་ཐེན་དམག་འཁྲུག་སྐུལ་སློང་བྱས་པས། རྒྱལ་པོ་བཀྲ་མོན་དཔལ་གྱི་མནའ་འབྲེལ་དམག་དཔུང་གིས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་མནའ་འབྲེལ་དམག་དཔུང་གིས་རྒོལ་རྡུང་དྲག་པོ་ཐེབས་པ་ལས་ཕམ་ནས་ཉིན་གཅིག་གི་རིང་ལ་རྩ་གཏོར་དུ་བཏང་ནས་བཀྲ་མོན་དཔལ་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་མགོ་བཏེགས་པ་རེད། ཕྱིས་སུ་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཐ་ཐ་ཨེར་ཚོ་བར་དཔུང་རྒོལ་བྱས་པས་ཚོ་བ་དེའི་ཚོ་དཔོན་བཀྲ་ལིན་པུ་ཧུས་དུག་འཐུང་ནས་རང་སྲོག་བཅད་ཅིང་། ཐ་ཐ་ཨེར་ཚོ་བའི་ཚོ་དཔོན་གཞན་ཞིག་སྟེ་ཡེ་ཁི་ཁྲེ་ལིན་མགོ་བཏེགས་པ་རེད། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཐེ་ཁྲི་ཝུའུ་ཚོ་བར་དཔུང་འཇུག་བྱས་ནས་དམག་འཁྲུག་གི་བཀོད་འདོམ་ཁྲོད་དུ་ཐེ་ཁྲི་ཝུའུ་ཚོ་བའི་དམག་དཔོན་གྱི་རྐེད་ཚིགས་སུ་མདའ་ཕོག་ནས་ཚེ་སྲོག་ལ་ཉེན་ཁ་ཆེ་བར་འདུག ཕྱིས་ཉིན་སྔ་དྲོར་ཐེ་ཁྲི་ཝུའུ་ཚོ་བས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་མགོ་བཏེགས་པ་རེད། 

  ཐེ་ཁྲི་ཝུའུ་ཚོ་ཁག་ཚར་གཅོད་བྱས་པ་ལས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་སྔར་ལས་ལྷག་པའི་སྒོ་ནས་མོང་གོལ་ཚོ་ཁག་སོ་སོར་གཅིག་གྱུར་བྱེད་པའི་འགག་རྒྱ་ཆེས་ཆེན་པོ་མེད་པར་བཏང་བ་རེད། དེའི་ནང་གི་དམག་དཔོན་མདའ་རྩལ་འགྲན་ཟླ་དང་བྲལ་བའི་ཀྲེ་ཕེན་དང་། ན་ཡག་སོགས་ནི་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་གནམ་འོག་དབང་དུ་འདུལ་བའི་རམ་འདེགས་བྱེད་མཁན་དུས་རབས་ཅིག་གི་དཔའ་རྒོད་དུ་གྱུར་བ་རེད།  

   ༡༢༠༢ལོར་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་དམག་དཔུང་གི་སྟོབས་ཤུགས་གཅིག་སྡུད་བྱས་ནས་ཐ་ཐ་ཨེར་ཚོ་བ་རྩ་མེད་དུ་བཏང་ཞིང་། ༡༢༠༣ལོར་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་དུས་ཡུན་རིང་པོར་རང་ཉིད་ལ་དམག་འཁྲུག་མཚམས་འཇོག་མ་བྱེད་མ་མྱོང་བའི་ཝང་ཧན་རྒྱལ་པོའི་གསེར་གུར་ལ་འཇབ་རྒོལ་བྱས་ནས་ཝང་ཧན་རྒྱལ་པོ་ཕ་བུ་ཕམ་པར་བརྒྱབ་ཅིང་། ཝང་ཧན་རྒྱལ་པོ་གཅིག་བུས་ཎེ་མན་ཚོ་བར་མགོ་བཏེགས་ཤིང་། ཁོའི་བུ་སེང་ཁུན་ཡུལ་གྲུ་གཞན་ལ་བྲོས་ནས་ཤི་བ་རེད། ༡༢༠༤ལོར་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཎེ་མན་ཚོ་བ་ཕམ་པར་བརྒྱབ་ནས། སྟོབས་འབྱོར་མངའ་ཐང་ལྡན་པའི་ཁུ་ལིས་ཚོ་ཁག་མེད་པར་བཏང་པ་དང་། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་རྩྭ་ཆུ་འཛོམས་ཤིང་མཛེས་སྡུག་ལྡན་པའི་ཤར་ཕྱོགས་རྩྭ་ཐང་སྟེ། ཧུའུ་ལུང་པེ་ཨེར་རྩྭ་ཐང་ལ་བདག་བཟུང་བྱས་པ་རེད།   ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་རིམ་བཞིན་ལངས་ཚོ་རྒྱས་ནས་ལུས་སྟོབས་ལྡན་ཞིང་སྐུ་ན་གཞོན་པའི་གསར་རྒོལ་ཞིག་ཏུ་གྱུར་བའི་སྐབས་སུ་བསམ་ཡུལ་ལས་འདས་ནས་བར་ཆད་ཆེན་པོ་ཐེངས་གསུམ་ཁོང་གི་མགོ་ཐོག་ཏུ་བབས་པ་སྟེ།  ཐེངས་དང་པོར་ཁོ་ཚོའི་ཁྱིམ་རྒྱུད་ལ་ངོ་ལོག་ཁ་བྲལ་དུ་སོང་བའི་ཐེ་ཁྲི་ཝུའུ་ཧྲི་ཡིས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ལངས་ཚོ་དར་ལ་བབས་རྗེས་སྙིང་ནད་རྩོད་པར་སྐྲག་ནས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་ཁྱིམ་ཚང་ལ་འཇབ་རྒོལ་བྱས་ཤིང་། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་འཛིན་བཟུང་བྱས་ནས་དམར་གསོད་བྱེད་པའི་ལྐོག་གཡོ་ངན་ཇུས་འཐེན་པ་རེད། ཡིན་ནའང་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ཁོང་གི་ཡབ་ཆེན་གྱི་ཚོ་ཁག་རྙིང་བའི་ནང་གི་སོ་ཨེར་ཧན་གྱིས་ཐེ་ཁྲི་ཝུའུ་ཧྲི་ཡི་བུ་ཧྲིན་པེ་དང་ཁྲི་ལོ་བུན་ལ་འཆུགས་ནས་བསད་ཅིང་། དེའི་བུ་མོ་ཧུ་ཏ་ཨན་གྱིས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ལ་རོགས་རམ་བྱས་ནས་བྲོས་པས་ད་གཟོད་ཉེན་ཁ་ཆེན་པོ་ཞིག་ལས་ཐར་བ་རེད། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ལ་མཚོན་ན་བུ་ཆེ་བ་ཡིན་པའི་ཆ་ནས་ཁོང་གི་མ་ཡུམ་དང་ནུ་བོ་སྲིང་མོ་སོགས་ཁྲིད་ནས་པུའུ་ཨེར་ཧན་རི་ཁུལ་དུ་ཤོར་ནས་ཐེ་ཁྲི་ཝུའུ་ཧྲིའི་ལག་ཏུ་མ་ཚུད་པར་ལོ་འགའ་འགོར་བ་དང་། དེ་ནས་བཟུང་ཁོང་ལ་བློ་སྟོབས་འགྱུར་བ་མེད་ཅིང་དཔའ་ངར་ཞིམ་པ་མེད་པའི་བག་ཆགས་ཞིག་གྲུབ་འདུག 

  ཐེངས་གཉིས་པར་ཁ་བ་རླུང་ནག་འཚུབ་པའི་མཚན་མོ་ཞིག་ལ་ཇག་ཚོགས་སྐོར་ཞིག་གིས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་ཁྱིམ་ཚང་ལ་འཇབ་རྒོལ་བྱས་ནས་ལ་ལོ་འགའ་དེད་པས། ཇག་ཚོགས་ལ་དམར་འཛིང་བྱེད་པའི་ཁྲོད་དུ་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་མིད་ཐག་ལ་ཇག་ཚོགས་ཀྱིས་འཕངས་པའི་མདའ་མོ་ཕོག་ནས་ཉེན་ཁ་ཧ་ཅང་ཆེ་བའི་དུས་སུ་མིང་ལ་པོ་ཨེར་ཧྲུའུ་ཟེར་བའི་ན་གཞོན་ཞིག་གིས་རམ་འདེགས་བྱས་ཏེ་ཕ་རོལ་གྱི་ཇག་ཚོགས་ལས་རྣམ་པར་རྒྱལ་ནས། ལ་ལོ་ཕྱིར་བླངས་པ་དང་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ཉེན་ཁ་ཆེན་པོ་ལས་ཐར་བ་རེད། 

   ཐེངས་གསུམ་པར་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ལངས་ཚོ་དར་ལ་བབས་ནས་པེ་ཨེར་ཐིས་དང་གཉེན་སྒྲིག་བྱེད་སྐབས་སུ་སན་ཞིན་མོ་ཨེར་ཆིས་ཚོ་བའི་ཚོ་དཔོན་ཐོ་ཧེ་ཐོ་ཨས་སྔོན་ཆད་ཁོ་རང་གི་ནུ་བོ་ཁྲི་ལིས་ཏུའུ་ཡི་གཉེན་སྒྲིག་མ་བྱས་པའི་དགའ་རོགས་བཟའ་ཟླ་ཁུ་ཨུ་ལུང་གི་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་ཡབ་ཆེན་གྱིས་བཙན་འཕྲོག་བྱས་པར་སྙིང་ནད་རྩོད་ཆེད་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་གུར་ནང་དུ་འཇབ་རྒོལ་བྱས་ནས། འཁྲུག་འཛིང་ནང་དུ་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་རི་བོ་པུའུ་ཨེར་ཧན་ཏེ་ད་ལྟའི་རི་བོ་ཁུན་ཐེ་ཕྱོགས་སུ་བྲོས་པས་རྗེས་མ་ཆོད། ཁོང་གི་མ་ཡར་དང་ཆུང་མ་གཉིས་ཐོ་ཧེ་ཐོ་ཨས་འཛིན་བཟུང་བྱས་ནས་བཙོན་མ་བྱས།  

   དེ་བས་ཐེངས་གསུམ་ལ་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་བར་ཆད་དང་ཉེན་ཁ་ཆེན་པོར་འཕྲད་ཀྱང་ཁོང་གིས་སྙིང་ནད་རྩོད་པའི་བློ་སྟོབས་ལ་ཤུགས་སྣོན་བྱས་པ་དང་ཁོང་གིས་ཁྱིམ་ཚང་ལས་ཤོར་བའི་གྱོང་གུད་མཐའ་དག་ཕྱིར་འཕྲོག་པའི་དམ་བཅའ་དམ་པོ་བཞག་པ་ལས་མ་འདས་སོ། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་སེམས་ལ་རྐང་ཚུགས་པའི་གནས་ཞིག་རྙེད་དགོས་ན་ངེས་པར་དུ་སྟོབས་ཤུགས་ཆེན་པོ་འཛོམས་དགོས་པ་དེ་རེད་སེམས། དེ་བས་ཁོང་གིས་ཆུང་མའི་ཆེས་རྩ་ཅན་ཡིན་པའི་སྲམ་ནག་གི་གྱོན་གོས་དེ་རྩྭ་ཐང་གི་སྟོབས་ཤུགས་ཆེན་པོ་འཛོམས་པའི་ཁེ་ལིས་ཚོ་ཁག་གི་དཔོན་པོ་ཝང་ཧན་ལ་འབུལ་བ་དང་། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་དཔོན་པོ་ཝང་ཧན་གྱི་སྟོབས་ཤུགས་ལ་བསྟེན་ནས་ཁོང་ཚང་གི་ཚོ་བ་ཁ་ཐོར་དུ་སོང་བ་རྣམས་ཕྱིར་ཕྱོགས་གཅིག་ཏུ་བསྡུས་ཤིང་། དཔོན་པོ་ཝང་ཧན་དང་ཆུང་དུས་ཀྱི་མནའ་བཅད་སྤུན་ཟླ་བཀྲ་མོན་དཔལ་གྱི་རམ་འདེགས་བྱས་འོག སན་ཞིན་མོ་ཨེར་ཆིས་ཚོ་བའི་ཚོ་དཔོན་ཐོ་ཧེ་ཐོ་ཨ་དང་ཧུའུ་ཏུའུ་ཕ་བུ་གཉིས་རྩ་མེད་དུ་བཏང་ནས། ཁོང་གི་མ་ཡར་དང་ཆུང་མ་པེ་ཨེར་ཐིས་གཉིས་དཔོན་པོ་ཐོ་ཧེ་ཐོ་ཨ་ཡི་བཙོན་ཁང་ལས་བསྐྱབས། 

  དེ་ནས་བཟུང་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་དང་བཀྲ་མོན་དཔལ་གཉིས་ཚོ་ཁག་གཅིག་ནས་ལྷན་ཅིག་ཏུ་འཚོ་བ་རོལ་བ་རེད། འོན་ཀྱང་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་སྐུ་དྲག་མ་ཡིན་པའི་དམག་དཔོན་སྐོར་ཞིག་ཡར་འཐེན་བྱས་པས་བཀྲ་མོན་དཔལ་ཡིད་འཐད་མ་བྱུང་བར་མཇུག་མཐར་ཁ་བྲལ་དུ་སོང་བ་རེད། ཧ་ལམ༡༡༨༢ལོའི་ཡས་མས་སུ་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་དེ་མོང་གོལ་ཚོ་ཁག་སོ་སོས་ཆིས་ཡན་ཚོ་བའི་ཁུ་ཧན་ཞེས་པའི་རྒྱལ་པོར་བཀུར་བ་རེད། 

  ༡༡༩༠ལོར་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་འགོ་ཁྲིད་བྱས་པའི་ཆིས་ཡན་ཚོ་བར་འཕེལ་རྒྱས་དང་སྟོབས་འབྱོར་ལྡན་པས། བཀྲ་ཏ་ལན་ཚོ་བའི་དཔོན་པོ་བཀྲ་མོན་དཔལ་མ་དགའ་བ་རེད། བཀྲ་མོན་དཔལ་གྱིས་རང་གི་ནུ་བོ་གེས་ཚ་ཨེར་དེ་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་མངའ་འོག་གིས་བསད་ཡིན་ཞེས་པར་ཁ་གཡར་ནས་ཚོ་བ༡༣གྱི་དམག་མི་སུམ་ཁྲི་བསྡུས་ནས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་དཔུང་རྒོལ་བྱས་པ་རེད། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཀྱང་ཚོ་ཁག༡༣གྱི་དམག་མི་སྐུལ་སློང་བྱས་ནས་དམག་འཁྲུག་ལ་བསུ་བ་བྱས་པས། འདི་ནི་མིང་དུ་གྲགས་པའི་ཚོ་ཁག༡༣གྱི་དམག་འཁྲུག་ཅེས་བྱ་བ་དེ་རེད། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་གཡུལ་འབྱེད་ལས་ཕམ་ནས་ཧན་ནན་ཆུ་བོའི་འགྲམ་རྒྱུད་ཀྲེ་ལིས་ཉིས་ས་ཁུལ་དུ་ཕྱིར་འཐེན་བྱས་ནའང་བསམ་ཡུལ་ལས་འདས་པ་ཞིག་སྟེ། རྒྱལ་ཁ་བླངས་པའི་བཀྲ་མོན་དཔལ་ལ་མི་སེམས་ཤོར་བ་རེད། དམག་འཁྲུག་མཇུག་རྫོགས་རྗེས་བཀྲ་མོན་དཔལ་གྱིས་རང་གི་ལག་ཏུ་འཛིན་བཟུང་བྱས་ཡོད་པའི་བཙོན་མ་ཡོངས་རྫོགས་དམར་གསོད་བྱས་པ་དང་། བཙོན་མ་རྣམས་ཟངས་བ་བདུན་བཅུའི་ནང་དུ་བཙོས་ནས་དམར་གསོད་བྱས་པས། ལོ་རྒྱུས་ཐོག་ཏུ་ཡ་ང་བའི་ཟངས་བ་བདུན་བཅུའི་གྱོད་དོན་ཞེས་སུ་གྲགས། གདུག་རྩུབ་ཆེ་བའི་བྱ་སྤྱོད་འདི་དག་ལས་བཀྲ་མོན་དཔལ་རང་གི་ཚོ་བས་ཀྱང་ཡིད་སེམས་ཤོར་ནས་ཁོ་རང་ཚོའི་ལས་དབང་ལ་སེམས་ཁུར་བྱེད་པའི་གནས་སུ་ལྷུང་བ་རེད། དེ་ལས་ཟློག་སྟེ་ཐུགས་རྒྱ་ཡང་ཞིང་སྙིང་རྗེ་ཆེ་བའི་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་མཚོན་ན་ཁོང་གིས་མི་སེམས་རབ་ཏུ་བཀུགས་པ་རེད། དམག་འཁྲུག་ཐེངས་འདིས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་ཕམ་ཁ་མྱང་བ་ལས་དམངས་སེམས་བཀུགས་ནས་རྣགྱལ་ཁ་བླངས་པས། ཁོང་གི་དམག་ཤུགས་ཀྱང་མགྱོགས་མྱུར་གྱིས་སླར་གསོ་དང་ཧ་ཅང་སྟོབས་ཤུགས་དང་ལྡན་པར་གྱུར་ཏོ། 

      བཞི་བ། དམག་དོན་འཚོ་བ། 

  ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་འབད་འབུངས་གནང་བའི་འོག་ཏུ། ཚོ་བའི་གདུང་རྒྱུད་ཡང་བསྐྱར་ཕྱོགས་བསྡུས་བྱས་ཤིང་སྟོབས་འབྱོར་ལྡན་པ་དང་། ༡༡༩༦ལོར་ཐ་ཐ་ཨེར་ཚོ་བའི་དཔོན་པོ་མེས་ཝུའུ་ཀྲིན་ཞོ་ལིས་ཐུའུ་ཡིས་ཅིན་ཁྲོ་ལ་ངོ་རྒོལ་བྱས་ནས། ཅིན་ཁྲོའི་བློན་པོ་ཝན་ཡན་ནང་ཡོ་ཁུ་ལིས་ཚོ་བའི་ཝང་ཧན་དང་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ལྷན་གཅིག་གིས་དམག་སྣ་དྲངས་ཏེ། ཐ་ཐ་ཨེར་ཚོ་བར་དཔུང་རྒོལ་བྱས་པ་པ་དང་ཐ་ཐ་ཨེར་ཚོ་བ་ཕམ་པར་བརྒྱབ་ནས། དཔོན་པོ་མེས་ཝུའུ་ཀྲིན་ཞོ་ལིས་ཐུའུ་བསད་པ་རེད། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ལ་ཅིན་ཁྲོ་ཡིས་བཀྲ་ཝུའུ་ཚུ་ཧུའུ་ལིས་ཞེས་པའི་ཚོ་བའི་དཔོན་པོར་བསྐོ་འཇོག་བྱས་པ་རེད། 

  ༡༢༠༡ལོར་ཐེ་ཁྲི་ཝུའུ་ཚོ་ཁག་དང་། ཐ་ཐ་ཨེར་ཚོ་ཁག ངེས་ཨེར་ཆིས་ཚོ་ཁག་སོགས་ཚོ་ཁག༡༡གིས་བཀྲ་ཏ་ལན་ཚོ་བའི་དཔོན་པོ་བཀྲ་མོན་དཔལ་ལ་ཀུའུ་ཨེར་ཧན་ཞེས་པའི་རྒྱལ་པོར་བསྐོས་ཤིང་། ལྷན་འབྲེལ་བྱས་ནས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་དཔུང་རྒོལ་བྱས་པས། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཝང་ཧན་དང་ལྷན་གཅིག་ཏུ་ཡུས་ཁོ་ཡུས་ཐེན་དམག་འཁྲུག་སྐུལ་སློང་བྱས་ནས་བཀྲ་མོན་དཔལ་སོགས་ཀྱི་ལྷན་འབྲེལ་དམག་དཔུང༡༢ཕམ་པར་བརྒྱབ་པ་རེད། 

  ༡༢༠༢ལོར་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཐ་ཐ་ཨེར་ཚོ་བའི་དཔོན་པོ་བཀྲ་ལིན་པུའུ་ཧུ་བསད་པ་དང་ཐ་ཐ་ཨེར་ཚོ་བའི་ལྷག་འཕྲོ་ཡོད་ཚད་དམར་གསོད་བྱས་པ་རེད། ཁོང་གིས་ན་ཆུང་བྱིས་དུས་སུ་ཡབ་ཆེན་ཡེ་སུའུ་གེ་ཐ་ཐ་ཨེར་ཚོ་བས་དམར་གསོད་བྱས་པ་དང་ཀྲོངས་ཁའི་ཁ་ཆིམས་སེམས་ལ་དྲན་ནས། ཐ་ཐ་ཨེར་ཚོ་བའི་དམག་མི་དང་སྐྱེས་པ་ཚོའི་ལུས་གཟུགས་ཀྱི་རིང་ཐུང་ཤིང་རྟའི་འཁོར་ལོ་དང་མཉམ་པ་ཡིན་ཕྱིན་ཡོངས་རྫོགས་དམར་གསོད་བྱས་ནས་ཚར་གཅོད་བྱས་པས། ལག་ཐབས་ལ་གདུག་རྩུབ་ཆེ་ཞིང་ཡ་ང་བའི་དབང་གིས་མོང་གོལ་ཚོ་ཁག་ཡོངས་སུ་དངངས་སྐྲག་གིས་ཧ་ལས་པའི་གནས་གྱུར་ཡོད། 

  ༡༢༠༣ལོར་ཝང་ཧན་གྱིས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་རང་གི་བུ་ཚབ་ཆེ་བའ་ཡིན་ཞེས་ཟེར་བས། སེང་ཁུན་དང་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་བར་ལ་སྙིང་ནད་བཅིངས་པར་བཀྲ་མོན་དཔལ་གྱིས་སེང་ཁུན་དང་ཝང་ཧན་ངན་འབྲེལ་བྱས་ནས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་ངོ་རྒོལ་བྱེད་པར་ངན་སྐུལ་བྱས་ཏེ། དཔལ་ལན་ཀྲིན་ས་ཐོའི་དམག་འཁྲུག་དར་བ་བ་རེད། འདི་ནི་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་མཚོན་ན་ཆེས་གདུག་རྩུབ་ཀྱི་དམག་འཁྲུག་ཐེངས་ཞིག་ཡིན་ལ་ཁོང་གི་དམག་དཔུང་ལ་དམག་མི་བཞི་སྟོང་དྲུག་བརྒྱ་ཙམ་ལས་ལྷག་མེད། ཁོང་རང་ཀྱང་བྲོས་ནས་མཚོ་པེ་ཨེར་ཧུའུ་ཡི་ཤར་ཕྱོགས་སུ་ཤོར་བས་ད་གཟོད་ཉེན་ལམ་ལས་ཐར་བ་རེད། དེའི་མི་ཚད་ལོ་དེའི་སྟོན་ཀར་ཝང་ཧན་གྱི་སྡོད་གནས་ལ་འཇབ་རྒོལ་བྱས་ནས་ཉིན་གསུམ་རྗེས་སུ་ཁི་ལིས་ཚོ་ཁག་ཡོངས་སུ་རྩ་མེད་དུ་བཏང་བ་རེད། ཝང་ཧན་བྲོས་ནས་ཨུ་ཨེར་ཧུན་མཚོ་འགྲམ་དུ་སླེབས་རྗེས་ཎེ་མན་འཚོ་བས་བསད་པ་རེད། ཁོའི་བུ་སེང་ཁུན་བྲོས་ནས་ཁུའུ་ཁྲེ་ལ་སླེབས་པས་ས་དེའི་མིས་བསད་པ་སོགས་རེད།  

  ༡༢༠༤ལོར་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་མོང་གོལ་ཚོ་བའི་ནུབ་ཕྱོགས་སུ་གནས་པའི་ཐེ་དབྱང་ཧན་ལ་དམག་འཁྲུག་སྐུལ་ནས། ན་ཧུའུ་ཨན་དམག་འཁྲུག་བརྒྱབ་ནས་ཎེ་མན་དམག་དཔུང་ཆེན་པོ་རྩ་རྫོགས་བྱས་ཤིང་། ཐེ་དབྱང་ཧན་ཀྱང་དམག་འཁྲུག་ནང་དུ་བསད། ཎེ་མན་ཚོ་བ་རྩ་མེད་དུ་བཏང་རྗེས་ཎེ་མན་རྒྱལ་སྲས་ཆུའུ་ཁྲུའུ་ལིས་རྩེ་བྲོས་ནས་ཞིས་ལེང་ས་ཁུལ་སླེབས།  

  ༡༢༠༦ལོར་བཀྲ་མོན་དཔལ་གྱིས་ངོ་ལོག་པའི་དམག་དཔོན་བཟུང་ནས་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་སྤྲད་ནས་བཀྲ་མོན་དཔལ་རང་གིས་ཀྱང་སྲོག་ཆད་གཅོད་དགོས་པའི་རེ་བ་ཞུས། ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་བཀྲ་མོན་དཔལ་བསད་པ་རེད། ཕྱིས་སུ་ཐིས་མོའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་མོང་གོལ་རྩྭ་ཐང་གི་ཚོ་ཁག་ཡོངས་སུ་གཅིག་གྱུར་བྱས་པ་རེད། ༡༢༠༦ལོའི་དཔྱིད་ཀར་མོང་གོལ་སྐུ་དྲག་ཚོས་ཆུ་བོ་ཧན་ནན་ཧུ་སྟེ་ད་ལྟའི་ཆུ་བོ་ཨུ་ནོན་འབབས་ཁུངས་ནས་ཚོགས་ཆེན་བསྡུས་ཏེ། རྒྱལ་པོ་རྣམ་པ་དང་བློན་པོ་ཁག་གིས་ཐིས་མོའུ་ཀྲིན་ལ་ཇིང་གིར་རྒྱལ་པོ་ཞེས་ཡོངས་སུ་བཀུར་བ་དང་། མོང་གོལ་རྒྱལ་ཁབ་ཆེན་པོའི་གོང་མ་རྒྱལ་པོའི་གསེར་ཁྲིར་དངོས་སུ་བཞུགས་པ་རེད། འདི་ནི་མོང་གོལ་བཙན་རྒྱལ་དབུ་བརྙེས་པ་ཡིན་པས། ཇིང་གིར་རྒྱལ་པོས༼ཇིང་གིར་རྒྱལ་པོའི་ཁྲིམས་ཡིག༽ཞེས་བྱ་བ་ཁྱབ་བསྒྲགས་བྱས་ཤིང་། འཛམ་གླིང་ཐོག་ཏུ་བཀོད་སྤྱོད་ཁྱབ་རྒྱ་ཆེས་ཆེ་བའི་ཡིག་ཐོག་ཁྲིམས་ཡིག་ཨང་དང་པོ་ཁྱབ་བསྒྲགས་བྱས་པ་ཡིན་ཞིང་། སྐུ་དྲག་དམངས་གཙོ་རྨང་གཞི་ཡིན་པའི་མོང་གོལ་སྐུ་དྲག་སྤྱི་མཐུན་སྲིད་དབང་ལམ་ལུགས་ཆ་ཚང་བ་ཞིག་བཙུགས་པ་རེད། 

  ༡༢༠༨ལོར་ཇིང་གིར་རྒྱལ་པོས་དམག་དཔོན་ཆཱན་པུ་སུའུ་པུའུ་ཐེ་མངགས་ནས་མེས་ཨེར་ཆིས་ཚོ་བའི་དཔོན་པོ་ཐོ་ཧེ་ཐོ་ཨ་དང་། ཧུའུ་ཏུའུ་ཕ་བུ་གཉིས། ཎེ་མན་ཚོ་བའི་རྒྱལ་སྲས་ཅིས་ཁྲའུ་ལིས་སོགས་གསོན་བཟུང་བྱས། ཐོ་ཧེ་ཐོ་ཨ་ལམ་བར་དུ་མགོ་འཁོར་ནས་ཤི་བ་རེད། ༡༢༠༥ལོ་དང་། ༡༢༠༧ལོ། ༡༢༠༩ལོར་མོང་གོལ་ཇིང་གིར་རྒྱལ་པོས་ཐེངས་གསུམ་ལ་ཞིས་ཞར་བཙན་འཛུལ་བྱས་ནས་མགོ་འདོགས་བྱེད་པར་བཅུག ༡༢༡༠ལོར་ཞིས་ཞ་ཡིས་མོང་གོལ་ལ་མགོ་བཏེགས་ནས་བློན་པོར་གྱུར། ཞིས་ཞ་གོང་མ་ཞ་ནང་ཙུང་གིས་སྲས་མོ་ཕུལ་ནས་ཞི་བདེའི་རེ་འབོད་བྱས་ཤིང་། ཚ་ཧུ་ཀོང་ཇོ་ཇིང་གིར་རྒྱལ་པོར་བཙུན་མོར་ཕུལ་བ་རེད། 

  ༡༢༡༠ལོར་ཇིང་གིར་རྒྱལ་པོ་དང་ཨན་ཁྲོ་ཡིས་རྒྱལ་བློན་འབྲེལ་བ་བཅད་པས། ༡༢༡༡ལོའི་ཟླ༢པར་ཇིང་གིར་རྒྱལ་པོས་དམག་དཔུང་དྲངས་ནས་ཅིན་ཁྲོ་ལ་བཙན་འཛུལ་བྱས་ཤིང་། ཡེ་ཧུའུ་ལིན་གཡུལ་དབྱེད་ཁྲོད་དུ་ཅིན་དམག་ས་ཡ་བཞི་མེད་པར་བཏང་བ་མ་ཟད། དེའི་ཕྱིར་ལོ་ཐེངས་གསུམ་པར་ཅིན་ཁྲོ་ཆུ་བོའི་ཤར་བྱང་ཕྱོགས་ཀྱི་ས་ཁུལ་དང་ཧྲན་ཏུང་གི་ས་ཁུལ་དང་རྫོང་ཁག་སོ་སོ་མཁྲེགས་གཏོར་བྱས་པ་དང་། ༡༢༡༤ལོའི་ཟླ༣པར་ཅིན་ཞོན་ཙུང་གིས་ཕོ་ཉ་མངགས་ནས་མོང་གོལ་དང་ཞི་བདེ་ཡོང་བའི་རེ་བ་བཏོན་ནས། གསེར་དངུལ་དང་། གོས་འཕྲུག རྟ་མཆོག་སོགས་འཚམས་རྟགས་གང་མང་ཕུལ་བ་མ་ཟད། རྒྱལ་པོ་ཅིན་ཝིས་ཀྲོ་ཡི་བུ་མོ་ཆིས་གོ་ཀོང་ཇོ་ཇིང་གིར་རྒྱལ་པོར་བཙུན་མོར་ཕུལ་བ་དང་། དུས་མཚུངས་སུ་ན་ཆུང་བྱིས་པ་ཕོ་མོ་ལྔ་བརྒྱ་ཕྲག་བག་རྫོང་ལ་ཕུལ་བས། ཇིང་གིར་རྒྱལ་པོས་དམག་དཔུང་ཕྱིར་འཐེན་བྱས་པ་རེད། 

   ༡༢༡༡ལོར་ཞིན་ཅང་ཤར་ཕྱོགས་སུ་ཝིས་ཝུའུ་ཨེར་གྱིས་མོང་གོལ་ཇིང་གིར་རྒྱལ་པོ་ལ་མགོ་བཏེགས་པ་རེད།  

   ༡༢༡༨ལོའི་སྟོན་ཀར་ཇིང་གིར་རྒྱལ་པོས་མོང་གོལ་ཕོ་ཉ་ཚོགས་པ་མངགས་ནས་ཧྭ་ཚི་ཙི་མོ་རྒྱལ་ཁབ་ཏུ་སླེབས་ཤིང་། མའོ་ཁུ་མའོ་སུའུ་ཏན་ལ་བཙན་ཤེད་བཀོལ་ནས་མོང་གོལ་བར་གྱི་ཆིངས་ཡིག་སྟེང་དུ་མིང་རྟགས་བཀོད་དུ་བཅུག ཆིངས་ཡིག་སྟེང་དུ་མིང་རྟགས་བཀོད་རྗེས་ཧྭ་ཚི་ཙི་མོ་གྲོང་ཁྱེར་གྱི་དཔོན་པོ་ཨེར་ཏི་ཚིས་གྲོང་ཁྱེར་འདིར་བརྒྱུད་ནས་འགྲོ་བཞིན་པའི་མོང་གོལ་མུའུ་སི་ལིན་ཆོས་ལུགས་པའི་ཚོང་ལས་རུ་ཁག་ཞིག་གི་མི༥༠༠ལྷག་བསད་ནས། ཚོང་ཟོག་ཡོངས་རྫོགས་འཕྲོག་བཅོམ་བྱས་པས་མི་གཅིག་ཁོ་ན་ཚེ་སྲོག་ལས་ཐར་ནས་ཕྱིར་མོང་གོལ་བྲོས་ནས་ཐོན། ཇིང་གིར་རྒྱལ་པོས་མོང་གོལ་ཕོ་ཉ་གསུམ་མངགས་ནས་ཧྭ་ཚི་ཙི་མོ་རྒྱལ་ཁབ་ཏུ་སླེབས་ཤིང་། ཧྭ་ཚི་ཙི་མོས་མའོ་ཁུ་མའོ་ལ་འབྲེལ་གཏུགས་བྱེད་དགོས་པར་བྱས་ཀྱང་མཇུག་མཐར་མོང་གོལ་ཕོ་ཉའི་འགོ་བ་བསད་པ་དང་། གཞན་པ་གཉིས་ལ་བརྙས་བཅོས་བྱས་པས་ཇིང་གིར་རྒྱལ་པོ་ལྷག་པར་དུ་ཁོང་ཁྲོ་ལངས་ནས་ཧྭ་ཚི་ཙི་མོ་ལ་བཙན་འཛུལ་བྱེད་རྒྱུའི་ཐག་ཆོད་བྱས། ལོ་དེར་ཇིང་གིར་རྒྱལ་པོས་དམག་དཔོན་ཀྲེ་པེན་མངགས་ནས་ཞིས་ལེའོ་ཚར་གཅོད་བྱས་ཤིང་། ཞིས་ལེའོ་ཡི་ཐ་མའི་གོང་མ་རྒྱལ་པོ་ཁྲའུ་ལིས་བསད་པ་དང་། ནུབ་ཁུལ་བདེ་འཇགས་སུ་བཏང་སྟེ་ནུབ་ཏུ་ཧྭ་ཚི་ཙི་མོར་དཔུང་བསྐྱོད་བྱེད་པའི་ལམ་ཁའི་དགྲ་བོས་འགག་རྒྱ་གཙང་ཕྱགས་བྱས་པ་རེད། 

   ༡༢༡༩ལོའི་ཟླ༦པར་ཇིང་གིར་རྒྱལ་པོས་མོང་གོལ་གཙོ་ཤུགས་དམག་དཔུང་ཧ་ལམ་ཁྲི་དམག་བཅུ་ཐམ་པ་ཁྲིད་ནས་ནུབ་ཕྱོགས་སུ་བཙན་འཛུལ་བྱས་བྱས་ཤིང་། མོང་དམག་གིས་སྔ་བཞུག་ཏུ་ཧུ་ཀྲུང་ས་ཁུལ་དང་རི་བོ་ཧུའུ་ལོ་ཧྲན་ས་ཁུལ་བླངས་པ་དང་། ༡༢༢༡ལོར་མོང་གོལ་དམག་དཔུང་གིས་ཧྭ་ཚི་ཙི་མོ་རྒྱལ་ཁབ་ཚར་གཅོད་བྱས་ནས། ༡༢༢༡ལོའི་ཧོར་ཟླ་བཅུ་གཅིག་པར་ཇིང་གིར་རྒྱལ་པོས་དམག་སྣ་དྲངས་ནས་བཀྲ་ལན་ཏེན་ལ་དཔུང་འཇུག་བྱས་ནས་ཆུ་བོ་ཧྲིན་ཧུའི་འགྲམ་རྒྱུད་དུ་དེད་ནས་བཀྲ་ལན་ཏེན་ཕམ་པར་བརྒྱབ། ཡིན་ནའང་མི་ཉུང་ཤོས་ཞིག་ཆུ་བོ་ལས་བརྒལ་ནས་བྲོས་པ་རེད། 

   ཐོག་མར་ཇིང་གིར་རྒྱལ་པོས་སུའུ་པུའུ་ཐེ་དང་ཀྲེ་པེན་ལ་བཀའ་བབས་ཏེ། མོང་གོལ་སྐྱ་དམག་ཁྲི་དམག་གཉིས་ཀྱིས་སྣེ་དྲངས་ནས་ནུབ་ཕྱོགས་སུ་བྲོས་བྱོལ་བྱས་པའི་མའོ་ཁུ་མའོ་ལ་རྗེས་འདེད་དྲག་རྒོལ་བྱས་ཤིང་།མའོ་ཁུ་མའོ་བྲིས་ནས་མཚོ་ལིས་ཧེ་ལ་ཤོར་རྗེས་ཁོ་ཚོས་བསྟུད་མར་མོང་གོལ་དམག་དཔུང་ཁྲིད་ནས་ནུབ་ཕྱོགས་སུ་དེད་ནས་དཔུང་འཇུག་བྱས། རི་བོ་ཐེ་ཧུ་ལིན་ཏེ་ད་ལྟའི་རི་བོ་ཀོ་ཅཱ་སུའུ་ཧྲན་སོགས་ཀྱི་རྒྱལ་དམག་ཕམ་པར་བརྒྱབ་ཅིང་། ཕྱིས་སུ་བསྟུད་མར་ནུབ་ཕྱོགས་སུ་ཅན་ཚ་རྩྭ་ཐང་དུ་དཔུང་བསྐྱོད་རྒྱ་བསྐྱེད་པ་རེད། 

   ༡༢༢༣ལོར་ཀྲེ་པེན་དང་སུའུ་ཐེ་ཡིས་ཆུ་བོ་ཅཱ་ལིས་ཅཱ་གཡུལ་འབྱེད་དེས་ད་ལྟའི་ཝུའུ་ཁུ་ལན་རི་ཏན་ནའོ་ཧྥུའུ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཅིས་ཕུའུ་ལོ་སི་སོགས་རྒྱལ་ཁབ་དུ་མའི་ཕོ་བྲང་དང་ཆན་ཚ་ཧུའུ་ཐན་ཧན་གྱི་མནའ་འབྲེལ་དམག་དཔུང་ཕམ་པར་བརྒྱབ་པའི་རྗེས་སུ་ཡང་མོ་ནག་བྱང་ཕྱོགས་འགྲམ་རྒྱུད་དུ་ཁུ་ལིས་མུའུ་གླིང་ཕྲན་སོགས་མཁྲེགས་གཏོར་བྱས་པ་རེད། 

   ༡༢༢༣ལོའི་ལོ་མཇུག་ཏུ་མོང་གོལ་དམག་དཔོན་ཀྲེ་པེན་དང་སུའུ་པུའུ་ཐེས་དམག་སྣ་དྲངས་ནས་ཤར་ཕྱོགས་སུ་ཕྱིར་ལོག ཆུ་བོ་ཡེ་ཏིས་ལིས་ཞེས་པ་དེ་ད་ལྟའི་ཆུ་བོ་ཧྥུའུ་ཨེར་ཀྱཱ་བརྒྱུད་སྐབས་སུ་ཆུ་བོ་འདིའི་པུའུ་ལིས་ཨ་ཨེར་ནས་འགོག་རྒོལ་དྲག་པོ་ཐེབས་པས་ཆུ་བོའི་འགྲམ་རྒྱུད་དེད་ནས་ལྷོ་ཕྱོགས་སུ་མར་བབས་ཏེ། མཚོ་ཡུག་ལིས་ཧེ་ནས་ཇིང་གིར་རྒྱལ་པོ་དང་ལྷན་འཛོམས་བྱུང་བ་དང་། ཤར་ཕྱོགས་སུ་ཕྱིར་ལོག་སྐབས་དམག་དཔོན་ཀྲེ་པེན་སྐུ་སྙུང་བཞེས་ནས་ཀྲོངས་པ་རེད།  

      ལྔ་བ། དོན་ཆེན་ལོ་ཚིགས། 

   ༡༡༦༢ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་གཅིག་གི་ཐོག་སྐུ་འཁྲུངས་ནས་མཚན་ལ་ཐིས་མུའུ་ཀྲིན་ཞེས་བཏགས། 

   ༡༡༧༠ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་དགུའི་ཐོག་ཆུང་མ་པོ་ཨེར་ཐིས་ལ་གཉེན་རྟགས་བརྒྱབ་པ་རེད། 

   ༡༡༨༠ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་བཅུ་དགུའི་ཐོག་ཆུང་མ་པོ་ཨེར་ཐིས་ལ་གཉེན་སྒྲིག་བྱས། 

   ༡༡༨༡ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ཉི་ཤུའི་ཐོག་མེས་ཨེར་ཆིས་ཚོ་བས་ཆུང་མ་པོ་ཨེར་ཐིས་བཙན་འཕྲོག་བྱས་པ་རེད། 

   ༡༡༨༢ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ཉེར་གཅིག་ཐོག་ཐོ་ལིས་ཧན་དང་བཀྲ་མོན་དཔལ་ལྷན་འབྲེལ་བྱས་ནས་མེས་ཨེར་ཆིས་ཚོ་བ་ཕྱིར་བླངས་ཤིང་། ཆུང་མ་པོ་ཨེར་ཐིས་ཕྱིར་འཕྲོག་པ་རེད། ལོ་དེར་སྲས་ཆེ་བ་ཧྲུའུ་ཁྲི་སྐུ་བལྟམས་པ་རེད། 

   ༡༡༨༣ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ཉེར་གཉིས་ཐོག་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་མོང་གོལ་ཆིས་ཡན་ཚོ་བའི་ཁུ་ཧན་རྒྱལ་པོར་བསྐོ་འཇོག་བྱས། 

   ༡༡༨༦ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ཉེར་ལྔའི་ཐོག་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོའི་བུ་གསུམ་པ་བུ་ཁོ་ཐེ་སྐུ་བལྟམས་པ་རེད། 

   ༡༡༩༠ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ཉེར་དགུའི་ཐོག་ཚོ་ཁག་བཅུ་གསུམ་གྱི་དམག་འཁྲུག་དར་བ་རེད། ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་གཡུལ་ས་ལས་ཕམ་ཀྱང་བཀྲ་མོན་དཔལ་ཀྱིས་བཙོན་མ་དམར་གསོད་བྱས་པས་དཔོན་དམག་རྣམས་མ་དགའ་བར་ཐིས་མུའུ་ཀྲིན་ལ་མགོ་བཏེགས་པས། བསམ་ཡུལ་ལས་ཏེ་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོར་རྒྱལ་ཁ་ཐོབ་ཅིང་སྟོབས་ཤུགས་ཀྱང་ཇེ་ཆེར་སོང་བ་རེད། 

   ༡༡༩༦ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་སོ་ལྔའི་ཐོག་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་དང་ཁུ་ལིས་ཚོ་བའི་ཐོ་ལིས་ཧན་གྱིས་ཅིན་ཁྲོ་ལ་རམ་འདེགས་བྱས་ནས་ཐ་ཐ་ཨེར་ཚོ་བ་ཕམ་པར་བརྒྱབ་ཅིང་། ཅིན་ཁྲོ་ཡིས་ཐོ་ལིས་ཧན་རྒྱལ་པོ་བསྐོས་ཤིང་། ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོ་ལ་ཚ་བོ་ཧུའུ་ལུའུ་ཡི་མཚན་སྙན་གནང་པ་རེད།  

   ༡༡༩༩ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་སོ་བརྒྱད་ཐོག་དམག་དཔོན་ཝང་ཧན་མངགས་ནས་ཎེ་མན་ཚོ་བར་འགོག་རྒོལ་བྱས་པས་ཝང་ཧན་གྱི་དཔོན་གནས་སླར་གསོ་བྱས། 

   ༡༢༠༠ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་སོ་དགུའི་ཐོག་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཝང་ཧན་ལ་ལྷན་འབྲེལ་བྱས་ནས་ཐེ་ཁྲི་ཝུའུ་ཚོ་བ་ཕམ་པར་བརྒྱབ་པ་རེད།

   ༡༢༠༡ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་བཞི་བཅུའི་ཐོག་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་བཀྲ་མོན་དཔལ་ལྷན་འབྲེལ་དམག་དཔུང་ཕམ་པར་བརྒྱབ་ཅིང་། ཐེ་ཁྲི་ཝུའུ་ཚོ་བ་རྩ་མེད་དུ་བཏང་བ་རེད།  

   ༡༢༠༢ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་བཞི་བཅུ་ཞེ་གཅིག་ཐོག་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཐ་ཐ་ཨེར་ཚོ་ཁག་ཕམ་པར་བརྒྱབ་ཅིང་། ཁོ་ཁྲི་ཐེན་དང་ཝང་ཧན་གཉིས་ལ་ཟུང་འབྲེལ་བྱས་ནས་པུའུ་ཡུས་ལུའུ་ཧན་ལྷན་འབྲེལ་དམག་དཔུང་ཕམ་པར་བརྒྱབ་པ་རེད། 

   ༡༢༠༣ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་བཞི་བཅུ་ཞེ་གཉིས་ཐོག་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཝང་ཧན་ལ་མ་འཆམས་པར་ཁ་བྲལ་བ་དང་། ཧན་ལན་ཀྲིན་ས་ཐོའི་གཡུལ་འབྱེད་དང་། ཆུ་བོ་པན་ཀྲུའུ་ཧུའི་ལྷན་འབྲེལ། ཁུ་ལིས་ཚོ་ཁག་ཚར་གཅོད་བྱས་པ་སོགས་རེད།  

   ༡༢༠༤ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་བཞི་བཅུ་ཞེ་གསུམ་ཐོག་ཎེ་མན་ཚོ་བ་ཕམ་པར་བརྒྱབ་ཅིང་། ཐེ་དབྱང་ཧན་གྱི་བུ་ཆུའུ་ཆུའུ་ལིས་ནུབ་ཕྱོགས་སུ་བྲོས་པ་དང་། བཀྲ་མོན་དཔལ་ཤི་བ་རེད།  

   ༡༢༠༥ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་བཞི་བཅུ་ཞེ་བཞིའི་ཐོག་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཞིས་ཞ་རྒྱལ་ཁབ་ལ་ཐེངས་དང་པོར་དཔུང་རྒོལ་བྱས། 

   ༡༢༠༦ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་བཞི་བཅུ་ཞེ་ལྔའི་ཐོག་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་ཐིས་མོང་གོལ་གཅིག་གྱུར་བྱས་ཤིང་། མོང་གོལ་ཆེན་མོའི་རྒྱལ་ཁབ་བཙུགས་པ་དང་། མོང་གོལ་ཧན་ཆེན་ཞེས་པའི་རྒྱལ་པོའི་གསེར་ཁྲིར་མངའ་གསོལ་ཏེ་སོག་སྐད་དུ་ཇིང་ཞེས་པ་ཡོན་ཏན་དང་། གིར་ཞེས་པ་མང་པོ།ཧན་ཞེས་པ་རྒྱལ་པོ་ཡིན་པས་མཚན་ཡོངས་སུ་ཇིང་གིར་རྒྱལ་པོ་ཞེས་གསོལ་ཞིང་། ཇིང་གིར་རྒྱལ་པོ་ཞེས་ཕྱོགས་བཞི་མཚམས་བརྒྱད་དབང་དུ་བསྡུས་པའི་རྒྱལ་པོ་ཆེན་པོ་ཞེས་སུ་གྲགས་སོ།  

   ༡༢༠༧ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་བཞི་བཅུ་ཞེ་དྲུག་ཐོག་ཇིང་གིར་རྒྱལ་པོས་ཞ་རྒྱལ་ཁབ་ལ་ཐེངས་གཉིས་པར་དཔུང་རྒོལ་བྱས། 

   ༡༢༠༨ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་བཞི་བཅུ་ཞེ་བདུན་ཐོག་ཇིང་གིར་རྒྱལ་པོས་སུའུ་པུན་ཁུ་ཐེ་མངགས་ནས་ཐོ་ཐོ་དང་། ཆུའུ་ཆུའུ་ལིས་ཞིས་ལེའོ་ཡི་ཕྱོགས་སུ་བྲོས་པར་རྗེས་འདེད་དཔུང་འཇུག་བྱས་པ་རེད། 

   ༡༢༠༩ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་བཞི་བཅུ་ཞེ་བརྒྱད་ཐོག་ཇིང་གིར་རྒྱལ་པོས་ཞིས་ཞ་རྒྱལ་ཁབ་ལ་ཐེངས་གསུམ་པར་དཔུང་རྒོལ་བྱས་ཤིང་། ཝིས་ཝུའུ་ཨེར་མགོ་བཏེགས་པ་རེད། 

   ༡༢༡༡ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ལྔ་བཅུའི་ཐོག་ཇིང་གིར་རྒྱལ་པོས་ལྷོ་ཕྱོགས་སུ་ཅིན་ཁྲོ་ལ་དཔུང་འཇུག་བྱས་པ་དང་། ཡེ་ཧུའུ་ལིན་ནས་ཅིན་དམག་ཕམ་པར་བརྒྱབ་པ་རེད། 

   ༡༢༡༢ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ལྔ་བཅུ་ང་གཅིག་ཐོག་ཇིང་གིར་རྒྱལ་པོས་ཐེངས་གཉིས་པར་ལྷོ་ཕྱོགས་སུ་ཅིན་ཁྲོ་ལ་དཔུང་འཇུག་བྱས་པ་དང་། ཅིན་ཐེན་སྲིད་འགྱུར་བྱས་ཤིང་ཞོན་ཙུང་ཁྲི་ལོའི་མགོ་ཚུགས་སོ། 

   ༡༢༡༤ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ལྔ་ང་གསུམ་ཐོག་ཇིང་གིར་རྒྱལ་པོས་ཅིན་དམག་ལ་ཞི་མཐུན་ངང་ནས་དམག་དཔུང་ཕྱིར་འཐེན་བྱས། ཅིན་ཁྲོ་ཡིས་ཇིང་གིར་རྒྱལ་པོར་ཆིས་གོ་ཀོང་ཇོ་དང་གསེར་དངུལ་ལ་སོགས་འཚམས་རྟགས་གང་མང་ཕུལ་བ་རེད། 

   ༡༢༡༥ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ལྔ་བཅུ་ང་བཞིའི་ཐོག་ཇིང་གིར་རྒྱལ་པོས་ཁི་ཀྲུང་རྒྱལ་སར་དཔུང་རྒོལ་བྱས་ཤིང་། ཡུས་ལིས་ཁྲུའུ་ཚེ་མགོ་བཏེགས་པ་རེད། 

   ༡༢༡༦ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ལྔ་བཅུ་ང་ལྔའི་ཐོག་ཇིང་གིར་རྒྱལ་པོས་ཅིན་རྒྱལ་ཁབ་ནས་ཕྱིར་ཁི་ལུའུ་ལུང་ཆུ་འགྲམ་དུ་ཕེབས། 

   ༡༢༡༧ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ལྔ་བཅུ་ང་དྲུག་ཐོག་ཐིས་མུའུ་ཀྲིན་ནམ་ཇིང་གིར་རྒྱལ་པོས་མུའུ་ཧྭ་ལིས་དང་གོ་ཝང་སོགས་གོང་མའི་དབུ་བླར་བཀུར་ནས་ཅིན་རྒྱལ་ཁབ་ལ་དཔུང་འཇུག་བྱས་ཤིང་། ནུབ་ཕྱོགས་སུ་ཞིས་ཞར་དཔུང་བསྐྱོད་བྱས། 

   ༡༢༡༨ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ལྔ་བཅུ་ང་བདུན་ཐོག་ཇིང་གིར་རྒྱལ་པོས་ཧྭ་ཚི་ཙི་མོའི་རྒྱལ་པོ་མའོ་ཁུ་མོས་དམག་དཔུང་བཀོལ་ནས་འགྲན་སླངས་ཤིང་མོང་གོལ་ཚོང་ལས་རུ་ཁག་དང་ཕ་ཉ་བསད་པ་རེད། 

   ༡༢༡༩ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ལྔ་བཅུ་ང་བརྒྱད་ཐོག་ཇིང་གིར་རྒྱལ་པོས་སྐུ་དངོས་སུ་དམག་སྣ་དྲངས་ནས་ནུབ་ཕྱོགས་སུ་ཧྭ་ཚི་ཙི་མོའི་རྒྱལ་ཁབ་ལ་དཔུང་འཇུག་བྱས་ཤིང་བོ་ཁོ་ཐེ་རྒྱལ་པོའི་རྒྱུད་འཛིན་མཁན་ལ་ཐག་ཆོད་མཛད། 

   ༡༢༢༠ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་ལྔ་བཅུ་ང་དགུའི་ཐོག་ཇིང་གིར་རྒྱལ་པོས་ཨི་ཏ་ཚི་དང་། པུའུ་ཧྭ་ཚི། ས་མ་ཨེར་ཀན་སོགས་མཁར་རྫོང་ལ་དཔུང་འཇུག་བྱས་ནས་བླངས་ཤིང་། མའོ་ཁུ་མོབསད་པ་དང་། ཁོའི་བུ་བཀྲ་ལན་ཏེན་གྱིས་རྒྱུད་འཛིན་བྱས། 

   ༡༢༢༡ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་དྲུག་ཅུའི་ཐོག་ཇིང་གིར་རྒྱལ་པོས་གཡུ་ལུང་རྒྱལ་ཁྲི་སོགས་མཁར་རྫོང་ལ་དཔུང་འཇུག་བྱས་ནས་བླངས་ཤིང་། བཀྲ་ལན་ཏེན་རྒྱ་གར་དུ་བྲོས། 

   ༡༢༢༢ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་དྲུག་ཅུ་རེ་གཅིག་ཐོག་ཁོང་གིས་ཤར་ཕྱོགས་ས་ཁུལ་མོང་གོལ་ལ་དབང་དུ་བཅུག་ཅིང་། མུའུ་ཧྭ་ལིས་ནད་བྱུང་ནས་ཤི་བ་རེད། ཁོའི་བུ་ཞའོ་ལོའུ་ཡིས་བསྟུད་མར་ཅིན་རྒྱལ་ཁབ་ལ་དཔུང་འཇུག་བྱས། 

   ༡༢༢༤ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་དྲུག་ཅུ་རེ་གསུམ་ཐོག་ཤར་ཕྱོགས་ས་ཁུལ་ནས་ཡེ་ཨེར་ཏིའི་ཆུ་བོ་ཧྲི་ཧུ་ནས་ཞིས་ཞ་རྒྱལ་ཁབ་ཀྱི་སྡོད་གནས་བར་ལ་མོང་གོལ་གྱི་དབང་འོག་ཏུ་བཅུག 

   ༡༢༢༥ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་དྲུག་ཅུ་རེ་བཞིའི་ཐོག་མོང་གོལ་ནས་ཕོ་ཉ་ཅེ་ཀོས་ཞིས་ཞ་རྒྱལ་ཁབ་ལ་བཏང་བ་རེད། 

   ༡༢༢༦ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་དྲུག་ཅུ་རེ་ལྔའི་ཐོག་སྐུ་དངོས་སུ་ཞིས་ཞ་རྒྱལ་ཁབ་ལ་དཔུང་འཇུག་བྱས་ཤིང་ལམ་བར་ནས་རྟ་ཐོག་ལས་ལྷུང་ནས་རྨས་སྐྱོན་བྱུང་བ་རེད། 

   ༡༢༢༧ལོར་ཇིང་གིར་རྒྱལ་པོ་དགུང་གྲངས་དྲུག་ཅུ་རེ་དྲུག་ཐོག་ཁོང་གིས་དམག་དཔུང་ཀན་སུའུ་རི་བོ་ལིག་ཕན་ཧྲན་ནས་བཅའ་སྡོད་བྱས་ཤིང་། ལོ་དེར་ཇིང་གིར་རྒྱལ་པོ་ཆིན་ཧྥས་རྫོང་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཞིང་། ཡོན་རྒྱལ་རབས་ཀྱི་མེས་པོ་གོང་མ་སེ་ཆེན་རྒྱལ་པོས་རྒྱལ་སྲིད་རྒྱུད་འཛིན་བྱས་པ་དང་། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་མིང་ལ་ཡོན་རྒྱལ་རབས་ཞེས་བཏགས། ཅུང་མ་འགོར་བར་ཡོན་རྒྱལ་རབས་ཀྱིས་ཞིས་ཞ་རྒྱལ་ཁབ་རྩ་མེད་དུ་བཏང་བ་རེད། 

   ༡༢༦༥ལོར་ཀྲི་ཡོན་ཁྲི་ལོ་གཉིས་པའི་ཟླ་བཅུ་བར་ཡོན་རྒྱལ་རབས་ཀྱི་མེས་པོ་གོང་མ་སེ་ཆེན་རྒྱལ་པོས་ཇིང་གིར་རྒྱལ་པོའི་གདུང་མཆོད་ཁང་ལ་མེས་པོ་གོང་མའི་ལྷ་ཁང་ཞེས་བཀུར་བ་རེད།  

   ༡༢༦༦ལོར་ཀྲི་ཡོན་ཁྲི་ལོ་གསུམ་པའི་ཟླ་བཅུ་བར་མེས་པོ་གོང་མའི་ལྷ་ཁང་ལེགས་གྲུབ་བྱུང་ཞིང་། ཡོན་རྒྱལ་རབས་ཀྱི་མེས་པོ་གོང་མ་སེ་ཆེན་རྒྱལ་པོས་ཇིང་གིར་རྒྱལ་པོར་གོང་མ་ཧྲིན་ཝུའུ་ཞེས་མཚན་སྙན་གྱིས་གཟེངས་སུ་བཀུར་དང་བཅས་སོ།། 

      དྲུག་པ། རྒྱལ་སྲིད་བསྐྱངས་པའི་ཐབས་ཤེས། 

      ༡. ཡི་གེ་གསར་སྐྲུན་བྱས་པ། 

   མོང་གོལ་མི་རིགས་ལ་སྔོན་ཆད་ཡི་གེ་ཡོད་པ་མ་རེད། ཇིང་གིར་རྒྱལ་པོས་ཎེ་མན་ལ་དཔུང་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་དུ་མིང་ལ་ཐ་ཐ་ཐུང་ཨ་ཟེར་བའི་ཝིས་ཝུའུ་ཨེར་ཚོ་བའི་མི་ཞིག་འཛིན་བཟུང་བྱས་ཤིང་། ཁོ་ནི་ཎེ་མན་ཚོ་བའི་རྒྱལ་པོ་ཐེ་དབྱང་ཧན་གྱི་ཐམ་ག་འཛིན་བཁན་དཔོན་པོ་ཡིན་ལ་རྒྱལ་པོ་ཐེ་དབྱང་ཧན་གྱིས་ཁོ་ལ་རྒྱལ་བའི་དབུ་བླར་བཀུར་ཡོད་པ་ཞིག་ཡིན་པས། ཇིང་གིར་རྒྱལ་པོས་ཐ་ཐ་ཐུང་ཨ་ལ་མོང་གོལ་མི་རིགས་ཀྱི་ཡི་གེ་གསར་སྐྲུན་བྱེད་དུ་བཅུག་པ་ཡིན། 

      ༢. མོང་གོལ་ཡི་གེ 

   ཇིང་གིར་རྒྱལ་པོས་ཐ་ཐ་ཐུང་ཨ་ཁོང་གི་གམ་དུ་འདུག་པར་བཅུག་སྟེ། ཕྱིས་སུ་གསེར་ཐམ་དང་དངུལ་མཛོད་བདག་བཟུང་བྱས་ནས། བཀའ་ཤོག་གཏོང་བར་གསེར་ཐམ་བཀོལ་དགོས་ན་བཀའ་ལྟར་བཀོལ་སྤྱོད་བྱེད་དགོས་པར་བྱས། མ་འགྱིངས་པར་ཇིང་གིར་རྒྱལ་པོས་ཐ་ཐ་ཐུང་ཨ་ལ་ཝིས་ཝུའུ་ཨེར་ཡི་གེའི་གསལ་བྱེད་ལྟར་མོང་གོལ་སྐད་ཡིག་བྲིས་ཤིང་།རྒྱལ་སྲས་ཀྲུའུ་བང་ལ་སློབ་སྦྱོང་བྱེད་དུ་བཅུག འདི་ནི་ཝིས་ཝུའུ་ཨེར་དཔེ་ཆ་ཞེས་མིང་དུ་བཏགས་པ་མཕང་གོལ་ཡི་གེ་དེ་རེད། དེ་ནས་བཟུང་མོང་གོལ་ཧན་གྱི་ཡིག་ཆ་ཧོས་ཧོས་ཡི་གེའི་གསལ་བྱེད་ཉེར་གཅིག་ལྟར་བཀོལ་སྤྱོད་བྱས་པ་ལས་གཞན་པ་ནི་སྒྲ་སྦྱོར་ལྟར་བསྒྲིགས་པ་ཡིན། ཧོས་ཧོས་ཡི་གེ་ཞེས་པ་ནི་ཝིས་ཝུའུ་ཨེར་དཔེ་ཆ་ཞེས་པ་དེ་ཡིན། རྒྱ་རིགས་དང་། ཆིས་ཏན། མེས་ཀྲིན་སོགས་རྒྱལ་ཁབ་དུ་མས་རྒྱ་ཡིག་བཀོལ་བཞིན་ཡོད། གོང་མ་སེ་ཆེན་རྒྱལ་པོས་སྐུ་རིང་ལ་གངས་ལྗོངས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁག་གི་དཔལ་ལྡན་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་ཏེ་འགྲོ་མགོན་ཆོས་རྒྱལ་འཕགས་པས་མོང་གོལ་ཡི་གེ་གསར་བ་གསར་སྐྲུན་བྱས་ནའང་ཡོན་རྒྱལ་རབས་ཀྱིས་དབུས་ཁུལ་ལས་ཕྱིར་འཐེན་བྱས་རྗེས་ཧ་ལམ་མོང་གོལ་ཡི་གེ་གསར་བ་དེ་བཀོལ་སྤྱོད་བྱེད་ཀིན་མེད། འོན་ཀྱང་ཝིས་ཝུའུ་ཨེར་དཔེ་ཆ་དེ་དུས་རབས༡༤བའི་དུས་མགོར་བཅོས་སྒྱུར་བྱས་ཤིང་འཐུས་ཚང་དུ་བཏང་ནས་ད་ལྟའི་བར་དུ་བཀོལ་སྤྱོད་བྱེད་བཞིན་འདུག ཐ་ཐ་ཐུང་ཨས་མོང་གོལ་ཡི་གེ་གསར་སྐྲུན་བྱས་པ་ནི་མོང་གོལ་ཧན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཏུ་གསར་གཏོད་བྱས་པའི་མངོ་གོལ་ཡི་གེ་ཞེས་བྱ་བ་ཞིག་རེད། མོང་གོལ་ཡི་གེ་འདི་དག་ཡོད་པའི་དབང་གིས་ཇིང་གིར་རྒྱལ་པོས་ད་གཟོད་བཀའ་ཤོག་དང་བཅའ་ཁྲིམས་སོགས་ཡིག་ཐོག་ནས་ཁྱབ་བསྒྲགས་བྱས་པ་དང་། ཁོང་གི་སྐུ་མྱ་ངན་ལས་འདས་ནས་མ་འགོར་བར་མོང་གོལ་མི་རིགས་ཀྱི་གནའ་རབས་ལོ་རྒྱུས༼མོང་གོལ་གྱི་གསང་བའི་ལོ་རྒྱུས༽ཞེས་བྱ་བ་ལེགས་གྲུབ་བྱུང་བ་འདི་ཡང་་ཝིས་ཝུའུ་ཨེར་དཔེ་ཆ་བཀོལ་ནས་བྲིས་པ་ཡིན། 

      ༣. ཡིག་ཐོག་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པ། 

   ཇིང་གིར་རྒྱལ་པོས་མོང་གོལ་གཅིག་གྱུར་བྱས་པའི་སྔོན་ལ་མོང་གོལ་མི་རིགས་ལ་ད་དུང་མི་རིགས་རང་གི་ཡི་གེ་མེད་པས། ཡིག་ཐོག་བཅའ་ཁྲིམས་ཀྱང་ཡོད་མི་སྲིད། ༡༢༠༦ལོར་ཇིང་གིར་རྒྱལ་པོས་མོང་གོལ་རྒྱལ་ཁབ་དབུ་བརྙེས་དུས་སུ་ཧྲི་ཅིས་ཧུའུ་ཐུའུ་ཧུའུ་ལ་བཀའ་བབས་ནས་བཀའ་ཡིག་གཏན་ཕབས་བྱེད་མགོ་བརྩམས་ཤིང་། འདི་ནི་མོང་གོལ་མི་རིགས་ཀྱིས་དངོས་སུ་ཡིག་ཐོག་བཅའ་ཁྲིམས་ཁྱབ་བསྒྲགས་བྱེད་པའི་མགོ་བརྩམས་པ་རེད།  མོང་གོལ་སྤྱི་ཚོགས་ནང་དུ་ཏཱ་ཧན་དང་ཧུ་ཧན་ཞེས་པའི་རྒྱལ་པོ་ནི་ཆེས་མཐོ་བའི་མངའ་དབང་སྒྱུར་མཁན་ཡིན་པས། བླ་ན་མ་མཆིས་པའི་དབང་ཤུགས་འཛོམས་ཤིང་། ཏཱ་ཧན་གྱི་བཀའ་གསུང་བཀའ་ཤོག་ནི་བཅའ་ཁྲིམས་ཡིན་པ་དང་། ཇིང་གིར་རྒྱལ་པོས་ཁྱབ་བསྒྲགས་བྱས་པའི་བཀའ་ཁྲིམས་ཆེན་མོ་ཞེས་བྱ་བ་ནི་ཇིང་གིར་རྒྱལ་པོའི་བཀའ་ཡིག་སོགས་ཟིན་བྲིས་སུ་བཀོད་པ་ཡིན་ཞིང་། ཇིང་གིར་རྒྱལ་པོས་བཀའ་སློབ་གནང་བ་སོགས་ཀྱང་བཀའ་ཁྲིམས་ཆེན་པོ་ཞེས་ཟེར་བ་ཡིན། 

  བདུན་པ། སྐུ་ཞི་བའི་དབྱིངས་སུ་འཕུར་རྐྱེན་དཔྱད་པ། 

   ཇིང་གིར་རྒྱལ་པོས་དམག་དཔུང་ལྷན་འཛོམས་ཆེན་བྱུང་རྗེས་ཡང་བསྐྱར་ཞིས་ཞ་རྒྱལ་ཁབ་ལ་དཔུང་འཇུག་བྱས་པ་རེད། ཡོན་ཐེ་ཙུའུ་ཁྲི་ལོ་ཉེར་གཉིས་པའི་ཧོར་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ཏེ། ༡༢༢༧ལོའི་ཟླ༨པའི་༢༥ཉིན་ལ་མོང་གོལ་དམག་དཔུང་ཞིས་ཞ་རྒྱལ་ས་ནས་བསྐོར་འདུག་པའི་དུས་སུ་ཇིང་གིར་རྒྱལ་པོ་ད་ལྟའི་ཉིན་ཞ་ལྷོ་ཕྱོགས་སུ་རི་བོ་ལིའུ་ཕན་ཧྲན་དུ་སྙུང་གཞིས་དབང་གིས་སྐུ་མྱ་ངན་ལས་འདས་ཤིང་། དགུང་གྲངས༦༦ཡིན། ཇིང་གིར་རྒྱལ་པོ་སྐུ་འཕུར་རྗེས་སུ་རི་བོ་པུའུ་ཨེར་ཧན་ནམ་ད་ལྟའི་རི་བོ་ཁུན་ཐེ་ཞེས་ཆུ་བོ་ཧན་ནན་ཧུའི་མགོ་ཁུངས་དུ་བང་སོ་བཏབས་པ་རེད། ཁོང་གི་སྐུ་ཞི་བའི་དབྱིངས་སུ་འཕུར་རྐྱེན་ལ་བཞེད་ཚུལ་མི་གཅིག་པ་གང་མང་འདུག་པར་སེམས།    ཁོང་གི་སྐུ་ཞི་བའི་དབྱིངས་སུ་མ་འཕུར་བའི་སྔོན་ལ་ཁོང་གིས་སྲས་རྣམས་ལ་ཅིན་ཁྲོ་རྩ་རྒྱལ་ཁབ་མེད་དུ་གཏོང་དགོས་བའི་འཐབ་ཇུས་ངོ་སྤྲོད་བྱས་ཤིང་། ཕྱིས་སུ་ཨོ་ཁོ་ཐེ་དང་ཐོ་ལིས་ཀྱིས་ཅིན་ཁྲོ་རྒྱལ་ཁབ་རྩ་མེད་དུ་གཏོང་སྐབས་སུ་ཇིང་གིར་རྒྱལ་པོའི་འཐབ་ཇུས་འདི་བཀོལ་བ་རེད།   དེའི་སྔོན་ལ་ཞིས་ཞ་རྒྱལ་ཁབ་ཀྱི་མཇུག་མཐའི་གོང་མ་རྒྱལ་པོས་མགོ་འདོགས་བྱེད་པར་ཁས་ལེན་བྱས་ཡོད་ཀྱང་ཇིང་གིར་རྒྱལ་པོ་སྐུ་ཀྲོངས་རྗེས། མོང་གོལ་དམག་དཔུང་གིས་ཁོང་གི་སྐུ་མྱ་ངན་ལས་འདས་པ་གསང་ནས། མཁར་སྒོ་ཕྱེས་ཏེ་མགོ་འདོགས་བྱས་རྗེས་ཇིང་གིར་རྒྱལ་པོས་ཞལ་ཆིམས་ལྟར་ཞིས་ཞ་རྒྱལ་པོ་བསད་པ་དང་། མོང་གོལ་དམག་དཔོན་ཚ་ཧན་གྱིས་འབད་བརྩོན་བྱས་འོག ཞིས་ཞ་རྒྱལ་ས་ཀྲུང་ཞིན་ཏེ་ད་ལྟའི་ཉིན་ཞའི་ཡུན་ཁྲོན་ལ་ཁྲག་བཞུར་དོན་རྐྱེན་གྱི་ལས་དབང་ངན་པ་ལས་བྱོལ་ཐུབ་པར་བྱུང་ནས། མཁར་ནང་གི་དམག་དམངས་ལ་གཟིགས་སྐྱོང་བྱས་ཤིང་སྲུང་སྐྱོབ་ཐོབ་པ་རེད། 

   དེ་ཡང་༼   ཡོན་རྒྱལ་རབས་ཀྱི་གསང་བའི་ལོ་རྒྱུས   ༽ཞེས་བྱ་བ་ལས་ཇིང་གིར་རྒྱལ་པོ་རྟ་ཐོག་ལས་ལྷུང་ནས་རྟ་འཕྲས་བརྒྱབ་ནས་རྨས་ཕོག་པ་རེད་ཟེར། ཡིན་ནའང་ལོ་མ་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་ཡོ་ཧན.ཕུའུ་ལན་ནུའུ.ཅནཔེན་ཉིས༼  ང་ཚོས་ཏཱ་ཧན་ཞེས་འབོད་པའི་མོང་གོལ་བའི་ལོ་རྒྱུས་   ༽ཞེས་བྱ་བ་ལས་ཇིང་གིར་རྒྱལ་པོ་ནི་ཧ་ལམ་གནམ་ལྕགས་ཐོག་མདས་བརྒྱབ་ནས་སྐུ་འཕུར་བ་རེད་ཟེར།  མདོར་ན་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་ཕྱོགས་སུ་ཡོད་པའི་ཨུ་ཨེར་ཏོ་སི་མཐོ་སྒང་དུ་མོང་གོལ་གུར་དབྱིབས་ལྟ་བུའི་ཨར་ལས་ཕོ་བྲང་ཞིག་ཡོད་པ་ནི་ཇིང་གིར་རྒྱལ་པོའི་གདུང་མཆོད་ཁང་ཡིན་ལ་ཐེངས་མང་པོར་གནས་སྤོར་བྱས་རྗེས། ༡༩༥༤ལོར་མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་གིས་དབྱིས་ཅིན་ཧོར་ལོ་ཆིས་སུ་ཕྱིར་བྱང་ཕྱོགས་སུ་པོ་ཐིག་གྲོང་ཁྱེར་ལས་སྤྱི་ལེ༡༨༥ཡོད་པའི་སའི་ཆ་རུ་གནས་སྤོར་བྱས་པ་ཡིན། ལོ་རེས་ཧོར་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་དང་། ལྔ་བའི་ཚེས་བཅོ་ལྔ་ཉིན། བརྒྱད་པའི་ཚེས་བཅུ་གཉིས་ཉིན། བཅུ་བའི་ཚེས་གསུམ་ཉིན་སོགས་ལོ་རེར་བཞིན་ཐེངས་བཞི་ལ་ཇིང་གིར་རྒྱལ་པོར་གདུང་མཆོད་མཛད་སྒོ་ཆེན་པོ་སྤེལ་བཞིན་མཆིས་སོ།།  ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་རྩོམ་བསྒྲིགས་བྱས་པའི༼  འཛམ་གླིང་གི་མི་སྣ་གྲགས་ཅན་སྐོར་གྱི་རྣམ་ཐར་དྲང་སྲོང་དགྱེས་པའི་འབེལ་གཏམ  ༽ཞེས་བྱ་བ་ལས་བཤུས་སོ། 

                  རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།