ཀརྨ་དུས་གསུམ་མཁྱེན་པ།

 1493115462528436.png

ཀརྨ་དུས་གསུམ་མཁྱེན་པ་ནི། ཀརྨ་དུས་གསུམ་མཁྱེན་པ་ནི། ༼   ཀརྨ་པ་སྐུ་ཕྲེང་དང་པོ  ༽མདོ་ཁམས་ཏྲེ་ཤོད་དུ་ཡབ་སྒོམ་པ་རྡོ་རྗེ་མགོན་དང་ཡུམ་ལྷ་ཐོག་བཟའ་སྒང་ལྕམ་མིང་འདྲེན་གྱི་སྲས་སུ་རབ་བྱུང་གཉིས་པའི་ལྕགས་སྟག ༼སྤྱི་ལོ༡༡༡༠༽ལོར་སྐུ་འཁྲུངས།ཆུང་དུས་ཀྱི་མཚན་ལ་དགེ་འཕེལ་ཞུ། དགུང་ལོ་བཅུ་དྲུག་པ་རབ་བྱུང་གཉིས་པའི་ཤིང་སྦྲུལ༼སྤྱི་ལོ༡༡༢༥༽ལོར་ཆོས་འཁོར་ཀ་བྲག་ཏུ་རྔོག་ལོ་ཙཱ་བའི་སློབ་མ་མཆོག་གི་བླ་མས་མཁན་པོ་དང་། ཆག་སེང་གེ་གྲགས་ཀྱིས་སློབ་དཔོན་མཛད་དེ་རབ་བྱུང་བཞེས་པའི་མཚན་ལ་ཆོས་ཀྱི་གྲགས་པ་ཞེས་གསོལ། ཁོང་གཉིས་ཀྱི་དྲུང་ནས་འདུལ་བ་དང་བཀའ་གདམས་ཀྱི་ཆོས་སྐོར་འགའ་ཞིག་གསན། དགུང་ལོ་བཅུ་དགུ་པ་རབ་བྱུང་གཉིས་པའི་ས་སྤྲེལ༼སྤྱི་ལོ༡༡༢༨༽ལོར་ཁམས་ནས་དབུས་སུ་བྱོན། དེའི་ཕྱི་ལོ་སྟོད་ལུང་དུ་ཕེབས་ནས་རྒྱ་དམར་བ་དང་། ཕྱ་པ་ཆོས་ཀྱི་སེང་གེ པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་བཅས་ཀྱི་དྲུང་ནས་ཕར་ཕྱིན་དང་། དབུ་མ། ཚད་མ་བཅས་གསན། མལ་འདུལ་བ་འཛིན་པས་མཁན་པོ་དང་། ཡེ་ཤེས་བློ་གྲོས་ཀྱིས་སློབ་དཔོན། མཁན་པོའི་གཅུང་གིས་གསང་སྟོན་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གཞན་ཡང་དགེ་བཤེས་ཤ་ར་བ་དང་། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། རྒ་ལོ་ཙཱ་བ། ཁམས་པ་ཨ་སེང་། ཡོལ་ཆོས་དབང་རོང་པ་མགར་དགེ་སོགས་བླ་མ་མང་དུ་བསྟེན་ནས་བཀའ་གདམས་ཀྱི་གཞུང་དང་མན་ངག དུས་འཁོར་མགོན་པོ་བྱ་རོག་མ། ཕག་མོ། ཀྱཻ་རྡོར། ས་སྐྱ་བའི་ལམ་འབྲས། ཞི་བྱེད་སོགས་སྐབས་དེར་བོད་དུ་ཡོངས་སུ་གྲགས་པའི་ཆོས་བཀའ་ཐམས་ཅད་གསན། དགུང་ལོ་སུམ་ཅུ་པ་རབ་བྱུང་གཉིས་པའི་ས་ལུག༼སྤྱི་ལོ༡༡༣༩༽ལོར་རྗེ་སྒམ་པོ་བ་ཁུ་དཔོན་གཉིས་དང་མཇལ། གསང་སྔགས་ཐབས་ལམ་གྱི་སྐོར་གསན་ནས་ལོ་གསུམ་གྱི་བར་སྒོམ་སྒྲུབ་ལ་འབད་བརྩོན་གནང་བས་ན་བཟའ་རས་རྐྱང་ཐུབ་པ་བྱུང་། རྗེ་སྒམ་པོ་བས་ལུང་བསྟན་པ་ལྟར་ཟངས་རི་དང་། ཕག་མོ་གྲུ། འོལ་ཁ། མོན་པ་གྲོ་སྟག་ཚང་སོགས་གནས་མང་པོར་ཕེབས་ཏེ་སྒོམ་སྒྲུབ་ཁོ་ན་མཛད། མོན་གྱི་རྒྱལ་པོ་ག་ཐུང་གིས་སྦྱིན་བདག་ཞུས་ནས་ལོ་གཅིག་རིང་རི་ཁྲོད་དུ་བཞུགས། རྗེ་བཙུན་རས་ཆུང་པ་བསྟེན་ནས་རྗེ་མི་ལ་རས་པའི་ཞལ་གདམས་ཆ་ཚང་བ་གསན། རྗེ་སྒམ་པོ་བ་སྐུ་མྱ་ངན་ལས་འདས་ཁར་ལུང་བསྟན་པ་ལྟར་གནས་ངེས་མེད་དུ་མཛད་པའི་ངང་ནས་རླུང་ལ་རང་དབང་ཐོབ་པའི་རྟགས་གསལ་པོ་བྱུང་། དགུང་ལོ་ལྔ་བཅུ་པ་རབ་བྱུང་གསུམ་པའི་ས་ཡོས༼ སྤྱི་ལོ༡༡༥༩ ༽ལོར་མཚུར་ཕུའི་བྲག་རྩར་ཞག་འགའ་ཤས་བཞུགས་ཏེ་དགོན་པ་དང་གཙུག་ལག་ཁང་ཆགས་པའི་རྟེན་འབྲེལ་དང་ཐུགས་སྨོན་མཛད། དེ་ནས་ཁམས་སུ་བྱོན་ནས་དབེན་གནས་མང་པོར་སྒྲུབ་པ་མཛད། དགུང་ལོ་ལྔ་བཅུ་ང་ལྔ་པ་རབ་བྱུང་གསུམ་པའི་ཤིང་སྤྲེལ༼ སྤྱི་ལོ༡༡༦༤ ༽ལོར་ཀམ་པོ་གནས་ནང་དུ་ཕེབས་ཏེ་གནས་གཞི་བཟུང་བར་མཛད། དགུང་ལོ་བདུན་ཅུ་དོན་བདུན་པ་རབ་བྱུང་གསུམ་པའི་ཤིང་སྦྲུལ༼ སྤྱི་ལོ༡༡༨༥ ༽ལོར་ཀརྨ་པའི་དགོན་པ་ཕྱག་བཏབ། དེའི་ཕྱི་ལོ་ཁམས་ནས་དབུས་སུ་ཕེབས། འབྲི་གུང་སྐྱོབ་པ་རིན་པོ་ཆེ་དྭགས་ལྷ་སྒམ་པོར་བཞུགས་པ་དང་མཇལ་ནས་ཆོས་གསན་རེས་མཛད། དགུང་ལོ་བརྒྱད་ཅུ་བཞེས་པ་རབ་བྱུང་གསུམ་པའི་ས་བྱ༼སྤྱི་ལོ༡༡༨༩༽ལོར་སྟོད་ལུང་དུ་མཚུར་ཕུའི་དགོན་པ་དངོས་སུ་ཕྱག་བཏབ། དགུང་ལོ་བརྒྱད་ཅུ་རྩ་བཞིར་ཕེབས་པ་རབ་བྱུང་གསུམ་པའི་ཆུ་གླང༼སྤྱི་ལོ༡༡༩༣༽ལོར་མཚུར་ཕུའི་གདན་ས་རང་དུ་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པའི་གདུང་ལ་རིང་བསྲེལ་སོགས་བྱོན་པ་རྣམས་གདུང་རྟེན་གསེར་གདུང་འབྲས་སྤུངས་མཆོད་རྟེན་གྱི་དབྱིབས་འདྲ་བ་ཞིག་བཞེངས་པ་མཚུར་ཕུའི་དགོན་པ་རང་དུ་བཞུགས། ལོ་རྒྱུས་ཞིབ་པ༼  ལྷོ་རོང་ཆོས་འབྱུང  ༽བྲིས་མའི་ཤོག་གྲངས༡༧༧ནས༡༨༢བར་དང་། ༼  མཁས་པའི་དགའ་སྟོན  ༽ཤོག་གྲངས༨༥༩ནས༨༧༠བར།༼  ཀརྨ་ཚང་ཆོས་འབྱུང  ༽པོད་དང་པོའི་ཤོག་གྲངས༢ནས༢༣བར་གསལ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།