ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།

1513047386293299.jpg

   ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་རྒྱ་གར་ཤར་ཕྱོཊ་བྷམ་ག་ལ་ཞེས་པའི་གྲོང་ཁྱེར་གྱི་ཟ་ཧོར་རྒྱལ་པོའི་ཁབ་ཏུ་ཡབ་རྒྱལ་པོ་དགེ་བའི་དཔལ་དང་། ཡུམ་དཔལ་མོ་འོད་ཟེར་ཞེས་པ་གཉིས་ཀྱི་སྲས་སུ་ཆུ་རྟ་ལོ་﹙སྤྱི་ལོ982﹚འཁྲུངས་པ་དང་། ཡབ་ཡུམ་གཉིས་ལ་སྲས་གསུམ་ཡོད་པ་སྟེ། ཆེ་བ་པདྨའི་སྙིང་པོ། འབྲིང་བ་ཟླ་བའི་སྙིང་པོ། ཆུང་བ་དཔལ་གྱི་སྙིང་པོ་གསུམ་ལས་རྗེ་བཙུན་འདི་ནི་འབྲིང་བ་ཡིན། སྐུ་ན་ཕྲ་བའི་དུས་ནས་ཞལ་ནས་ཚིག་དོན་ཕུན་སུམ་ཚོགས་པ་ལྷུག་པོར་འཆད་ཐུབ་ཅིང་ཡབ་ཡུམ་གཉིས་དང་འཁོར་འབངས་ཡོངས་ཀྱིས་རྒྱལ་སྲིད་གསེར་གྱི་གཉའ་ཤིང་ཕྲག་པར་འགེལ་བའི་ཕྱིར་རྒྱལ་པོ་གཞན་མང་པོ་ཞིག་གི་སྲས་མོ་ཁབ་ཏུ་བཞེད་པ་སོགས་ཀྱི་ཐབས་སྣ་ཚོགས་སྟོན་ནས་བཙུན་མོ་ཁབ་ཏུ་བཞེས་རྒྱུའི་གྲབས་བྱས་ནའང་ཁོང་ནི་དེ་ལས་ལྡོག་སྟེ་རྒྱལ་པོའི་ཁབ་ལ་ཞེན་ཆགས་མེད་པར་བླ་མ་འཚོལ་དུ་ཕྱིན་ནས་ན་ལེནྡྲའི་བླ་མ་བྱང་ཆུབ་བཟང་པོ་སོགས་བསྟེན་ཏེ་མཐར་རི་ནག་པོའི་རྣལ་འབྱོར་བ་སྒྲ་གཅན་གསང་བའི་རྡོ་རྗེ་ལས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ཞུས། མན་ངག་ལ་སོགས་པ་གསན་སྦྱངས་གནང་། རིམ་པ་གཉིས་ལ་བརྟན་པ་ཐོབ། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་གསོལ། དེ་ནས་ཡུལ་གཞན་དུ་དཀའ་བའི་ཁུར་རྣམས་བཟོད་པར་བྱས་ཏེ་བྱོན་པས་ན་ཨ་བ་ངྷུ་ཊཱི་པ་ཞེས་བྱ་བའི་མཆོག་གི་གྲུབ་པ་བརྙེས་པ་དེའི་ཕྱག་ཕྱིར་ལོ་བདུན་འབྲངས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའང་ལོ་གསུམ་མཛད། ཨུ་རྒྱན་གྱི་ཡུལ་དུ་རྡོ་རྗེ་གླུ་གསན་པ་སོགས་ཀྱིས་རིག་པའི་གནས་བཅུ་ཕྲག་ལ་སྦྱངས་ཤིང་མཁས་པར་གྱུར། དགུང་ལོ་བཅོ་ལྔའི་དུས་སུ་ཕྱི་རོལ་པའི་མཎྜི་ཏ་གཅིག་དང་རྩོད་པས་དེ་ལས་རྒྱལ། ཉིད་ཞིག་གི་མཚན་མོ་གསང་སྔགས་ཀྱི་གྲུབ་པ་མཆོག་ལ་གནས་པའི་ཚེ་བཅོམ་ལྡན་འདས་ཀྱིས་“ཁྱོད་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་”ཞེས་བྱ་བ་མནལ་ལམ་དུ་གསན་ནས་མནལ་ལམ་སད་རྗེས་བདག་རབ་ཏུ་བྱུང་ན་བསྟན་པ་རིན་པོ་ཆེར་ཕན་པ་ཆེན་པོར་འགྱུར་བར་དགོངས། དེ་ནས་རྒྱ་གར་རྡོ་རྗེ་གདན་གྱི་མ་ཏི་རྦྷིཧ་རར་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཀའ་བརྒྱུད་པ་དང་། ཕལ་ཆེན་སྡེ་པའི་གནས་བརྟན་ཆེན་པོ་སྦྱོར་བའི་ལམ་གྱི་ཕྱོགས་གཅིག་ཏུ་གནས་པ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་ལས་དགུང་ལོ་ཉེར་དགུའི་ལོར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོཊ། མཚན་ལའང་དཱི་པཾ་ཀཱ་ར་ཤྲི་ཛྙཱ་ན་ཞེས་གསོལ་﹙ བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས་﹚མཚན་ཉིད་ཀྱི་ཐེག་པ་མཐའ་དག་དང་སྡེ་པ་བཞི་ཀའི་སྡེ་སྣོད་ཕལ་ཆེར་གསན་སྦྱངས་མཛད་པ་དང་བླ་མ་ངྷརྨ་རཀྵ་ཏ་ལ་ཨོ་ཏནྣཔུ་རིར་བྱེ་བྲག་ཏུ་བཤད་པ་ཆེན་པོ་བམ་པོ་བརྒྱད་བརྒྱ་ཡོད་པའི་བསྟན་བཅོས་ལ་ལོ་བཅུ་གཉིས་གསན་སྦྱངས་གནང་། དེ་ནས་ཀྱང་མཚན་སྙན་ལྡིར་བའི་བླ་མ་གསེར་གླིང་པ་བྱང་ཆུབ་སེམས་པའི་དྲུང་དུ་བཅར་ཕྱིར་ལོ་གཅིག་ཟླ་བ་གཅིག་རྒྱ་མཚོའི་ནང་གྲུ་གཟིངས་སུ་ཕེབས་པའི་དུས་བགེགས་བར་མང་པོ་འཕྲད་ཀྱང་ཁྱད་དུ་སད་དེ་གསེར་གླིང་པའི་ཐད་དུ་བྱོན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཙོ་བོར་བྱས་པ་གདམས་པ་མཐའ་ཡས་པ་ལོ་བཅུ་གཉིས་ནང་གསན་སྦྱངས་གནང་ནས་ཉམས་རྟོགས་མ་ལུས་པ་འཁྲུངས། གསེར་གླིང་པས་ཀྱང་རང་གི་ཐུགས་དམ་གྱི་རྟེན་ཐུབ་དབང་གི་གསེར་སྐུ་དེ་ཇོ་བོའི་ཕྱག་ཏུ་ཕུལ་ནས་བསྟན་པའི་བདག་པོར་བྱིན་གྱིས་རླབས། དེ་ནས་ཇོ་བོ་རྒྱ་གར་དུ་ཕེབས་ནས་བསྟན་པ་བསྐྱངས་ཏེ་བཞུགས་པའི་སྐབས་ཀརྞའི་རྒྱལ་པོ་དང་མ་ག་དྷའི་རྒྱལ་པོ་གཉིས་དམག་འཐབ་ནས་སྐྱེ་བོ་གྲངས་ལས་འདས་པ་སྲོག་པ་ཉེན་པ་ན་ཇོ་བོས་འཐབ་ཕྱོགས་གཉིས་ལ་ལོངས་སུ་སྤྱོད་པའི་སྦྱིན་པ་བཏང་ནས་ཕན་ཚུན་དབར་དམག་འདུམས་པར་མཛད་དེ་སེམས་ཅན་མང་པོ་སྲོག་བསྐྱབ་པར་བྱས། ཡང་ལྷོ་ཕྱོགས་པའི་མུ་སྟེགས་པའི་པཎྜི་ཏ་གདུགས་བཅུ་གསུམ་ཕུབ་པ་དང་གདུགས་བརྒྱད་པ་ཕུབ་པ་གདུགས་ལྔ་པ་ཕུབ་པ་རྣམས་དང་བསྟན་པ་རྒྱན་དུ་བཞག་ནས་རིམ་པར་རྩོད་པའི་བྱ་བ་རྩོམ་པས་ན་ཇོ་བོ་རྒྱལ་ཏེ་མུ་སྟེགས་པ་དེ་ཐམས་ཅད་ནང་པར་བཅུག རྒྱལ་པོ་མ་ཧཱ་པ་ལས་ཇོ་བོ་བི་ཀྲ་མ་ལ་ཤཱིའི་གཙུག་ལག་ཁང་དུ་སྤྱན་དྲངས་ཏེ་གཙུག་ལག་ཁང་བཅོ་བརྒྱད་ཀྱི་གཙུག་གི་རྒྱན་ལྟ་བུར་གྱུར་ནས་མཚན་སྙན་ཡོངས་སུ་གྲགས།

མདོར་ན་ཇོ་བོ་རྗེས་བླ་མ་གཙོ་བོ་གསེར་གླིང་པ་སོགས་ཁྱོན་བསྡོམས་བླ་མ་བཅུ་ཕྲག་གསུམ་དང་བཞི་བསྟེན་ནས་པཎྜི་ཏའི་མཚན་སྙན་གྱི་གྲགས་པའི་བ་དན་དཀར་པོ་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་གྱུར་རོ།

གཉིས་པ། ཇོ་བོ་རྗེ་བོད་དུ་གདན་འདྲེན་དགོས་པའི་སྐོར།

དེ་ཡང་གངས་ཅན་གྱི་ལྗོངས་སུ་བསྟན་པ་འཕེལ་འགྲིབ་མང་བར་སྣང་སྟེ་མཁན་སློབ་ཆོས་གསུམ་གྱིས་བསྟན་པའི་སྲོལ་བཙུགས་པ་ཧྭ་ཤང་གིས་བསླད་པར་བྱས། དེ་ལ་ཀ་མ་ལ་ཤི་ལ་སྤྱན་དྲངས་ནས་ཚར་བཅད་དེ་ལྟ་སྤྱོད་རྣམ་པར་དག་པ་དར་རྒྱས་སུ་ཡོད་པ་དེ་གླང་དར་མ་དང་བླུན་པོ་གདུག་པ་ཅན་ཚོས་བསྣུབས་ནས་ལོ་ངོ་བདུན་ཅུ་ལྷག་ཙམ་གྱི་རིང་བོད་ཁ་བ་ཅན་གྱི་ཡུལ་གྲུ་དེ་མུན་གླིང་དུ་གྱུར། དེ་ནས་བླ་ཆེན་དགོངས་པ་རབ་གསལ་སོགས་ཀྱིས་མདོ་ཁམས་ནས་བསྟན་པའི་མེ་ལྕེ་བསླངས་བར་གྱུར་པ་དང་། ལྷ་བླ་མ་ཡེ་ཤེས་འོད་དང་ལོ་ཆེན་རིན་ཆེན་བཟང་པོས་སྟོད་མངའ་རིས་ནས་གསོས་པས་དབུས་གཙང་གི་ལྗོངས་སུ་དགེ་འདུན་གྱི་སྡེ་འཕེལ་བར་བྱས་ནའང་གླང་དར་མའི་སྐབས་དགོན་པ་གཏོར་བ་དང་སངས་རྒྱས་ཀྱི་བཀའ་གླེག་བམ་རྣམས་ཆུ་ལྷ་དང་མེ་ལྷའི་ཞལ་དུ་བཏང་བ་དགེ་འདུན་རྣམས་ཁྱི་རྭ་སོགས་སྡིག་ལས་ལ་འཇུག་པར་བཅུག་པ་སོགས་ཀྱིས་ནང་བསྟན་ལ་གནོད་འཚེ་ཚབས་ཆེན་པོ་བྱུང་ནས་སྟོད་སྨད་འདུལ་བ་གཉིས་དར་ཡོད་ནའང་མཐའ་གཅིག་ཏུ་ཡང་དག་པ་དར་མེད་པའི་ཁར་ཉམས་སུ་ལེན་པའང་དཀོན། དཔེར་ན“ལྟོ་འདུན་ཅན་ལ་ཅི་ནས་ཟས”ཟེར་བ་ལྟར་བཀྲེས་ལྟོགས་ཀྱིས་རབ་ཏུ་མནར་བའི་སྐྱེ་བོ་ཞིག་ཐོག་མར་ཟས་ཟ་བར་འཇུག་པ་ན་ཧ་ཅང་ལྟོགས་པའི་དབང་གིས་ཟས་བཟང་ངན་ལ་བླང་དོར་གྱི་དབང་པོ་ལྡོང་ནས་ཟ་བར་འཇུག་པ་ལྟར་དང་གལ་སྲིད་ཟས་བཟང་བར་འཇུག་ནའང་ཟ་མི་བདེ་བ་སོགས་སྡུག་བསྔལ་ཡོང་བའི་དཔེ་ལྟར་འགའ་ཞིག་སྔགས་ལ་མོས་བློས་འདུལ་བ་ཁྱད་དུ་གསོད་པ་དང་བསྟན་པ་ཕྱོགས་རེ་བར་སོང་བའི་ཉེན་ལ་འཇུག་པ། ཕལ་མོ་ཆེ་གྲུབ་མཐའི་ཁ་འཛིན་གྱི་བཤད་པ་ཙམ་ལས་ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པ་ཉམས་ལེན་ཁྱེར་ཤེས་པ་ལྟ་ཞོག་ཕྱོགས་མཐོང་གི་གོ་བ་ཆགས་པའང་དཀོན་པར་སྣང་། ལྷག་པར་དར་མ་སོགས་ཀྱིས་བསྟན་པ་བསྣུབས་པའི་བར་དེར་སྔགས་པ་འགའ་ཞིག་གིས་རྒྱུད་ཚིག་བློ་ལ་ཡོད་པ་རྣམས་ཡི་གེར་བྲིས་པར་བར་སྐབས་ཀྱི་ཚིག་བརྗེད་པ་རྣམས་མ་ཐོན་པས་བློས་བཟོས་བརྡ་ཁྱད་པར་གང་བྱུང་སྦྱོར་བ། འགའ་ཞིག་གིས་རྒྱུད་ཀྱི་མིང་བཏགས་པའི་རྟོག་བཟོའི་ཡི་གེ་གྲོང་ཚིག་འབའ་ཞིག་གང་འདོད་དུ་བྲིས། སྔགས་པ་འགའ་ཞིག་གིས་རང་གི་ཆུང་མར་དེ་རིང་ཆང་ཞིམ་པོ་ཞིག་བཙོས་དང་ངས་རྒྱུད་པོ་ཏི་ལོངས་པ་ཞིག་བརྩམས་པ་ཡིན་ཟེར་བ། རྒྱ་གར་ནས་ཨ་ཙ་ར་དམར་པོ་ཞེས་བྱ་བ་དང་། པཎྜི་ཏ་གཤམ་ཐབ་སྔོན་པོ་ཅན་བྱ་བ་སོགས་པ་འགའ་ཞིག་བྱུང་ནས་བུད་མེད་སྤྱོད་པ་ལ་སྦྱོར་བ། དགྲ་ལ་སོགས་པའི་སེམས་ཅན་གསོད་པ་ལ་སྒྲོལ་ལ་ཞེས་སྦྱོར་སྒྲོལ་དུ་གྲགས་པའི་ཆོས་ལོག་སྤེལ་བ། འགའ་ཞིག་གིས་སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་མང་པོ་ཞིག་དར་བར་བྱས། འགའ་ཞིག་གིས་ནི་གཏེར་བཏོན་པ་ཡིན་ཟེར་ནས་རང་བཟོ་མང་པོ་སྤེལ་བ། འགའ་ཞིག་གིས་ནི་རང་གཞན་ཕུང་པའི་ངན་སྔགས་སོགས་ཀྱིས་བསླུས་ནས་རྒྱལ་བའི་བསྟན་པ་ལ་ཆ་འཇོག་མི་བྱེད་པ། འགའ་ཞིག་གིས་ནི་སྐྲ་བྲེགས་ནས་གྲྭ་པའི་ཚུལ་དུ་གནས་པ་ལས་འཇིག་རྟེན་པའི་སྐྱེ་བོ་ཕལ་པ་ཞིག་ལས་ཀྱང་སྤྱོད་པ་དམན་པ་སོགས་དེ་ལྟ་བུའི་དབང་གིས་ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་ཞིང་། ཆོས་ལོག་སྤྱོད་པ་མང་དུ་གྱུར་པ་ལ་ལྷ་བླ་མ་ཡེ་ཤེས་འོད་ལ་སོགས་པས་ཆོས་ལོག་ལ་སུན་འབྱིན་པའི་ཡི་གེ་བྲིས་ནས་བཀྲམ་པ་དང་བཀའ་བཅད་མཛད་ཀྱང་རྔོ་མ་ཐོགས། བློ་རྣོ་བ་རྣམས་རྒྱ་གར་ལ་ཆོས་སློབ་པར་བཏང་ནས་ཆོས་དང་ཆོས་མིན་གྱི་དབྱེ་བ་གསལ་པོ་ཕྱེ་ནས་བཀའ་ཁྱབ་མཛད་ཀྱང་མ་ཕན། གྲུབ་མཐའི་ཁ་འཛིན་གྱི་བཤད་པ་མང་དུ་བྱས་པ་ལས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཉམས་སུ་ལེན་པ་ལྟ་ཅི་གོ་བ་ཙམ་ཆགས་པའང་དཀོན། དེ་ལྟར་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི། དར་མས་བསྟན་པ་ལ་བཀག་དམ་ཆེ་བས་ཆོས་ལ་རང་མོས་ཀྱི་དད་པ་བྱེད་དུ་མ་བཅུག་པར་ཡུན་རིང་སོང་སྟེ་སླར་གསོས་ནའང་ཆོས་དང་ཆོས་མིན་གསལ་ཁ་དག་པར་ཕྱ་མ་ཐུབ་པར་གཞན་གྱིས་གང་བཤད་བྱེད་པ་བླུན་པོ་ཆུ་སྣ་གར་འཁྲིད་དང་། གཞན་གྱི་གཡམ་ལ་རྒྱུགས་པ་མང་དུ་སྣང་ངོ། དེ་ལྟར་ཁ་བ་ཅན་གྱི་ཡུལ་མཆོག་དེ་མུན་ནག་ཏུ་སོང་བར་ཉེ་བའི་དུས་ལྷ་བླ་མའི་དགོངས་པར་མཚན་སྙན་ཀུན་ཏུ་ཁྱབ་པའི་ཇོ་བོ་རྗེ་ཨ་ཏི་ཤ་གདན་འདྲེན་ཐུབ་ན་བསྟན་པ་འཕེལ་བར་ཕན་ནུས་ཆེན་པོ་ཡོང་བར་དགོངས་ཏེ་ཐོག་མར་རྒྱ་བརྩོན་འགྲུས་སེང་གེ་སོགས་གདན་འདྲེན་པར་བཏང་བས་ཇོ་བོའི་ཞལ་ནས་“བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཏེ་ཡང་ན་གསེར་འདོད་ནས་འགྲོ་བ་ཡིན་ཏེ་ང་ལ་གསེར་གྱི་དགོས་པ་ནི་མེད། ཡང་ན་བདག་ལས་གཞན་གཅེས་ཀྱིས་འགྲོ་བ་ཡིན་ཏེ་དེ་ཡང་ང་ལ་མེད་”ཅེས་གསུངས་ནས་སྤྱན་འདྲེན་མ་ཐུབ།

སླར་ཡང་གདན་འདྲེན་པར་གཏོང་དགོས་སྙམ་སྟེ་གསེར་མང་པོ་བཙལ་བར་ཕྱིན་དེའི་ཐད་ 《མཁས་པའི་དགའ་སྟོན་》ནང་“ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་སྒྲུབ་ཏུ་མཐའ་འཁོབ་ཅིག་ཏུ་བྱོན་པས་གར་ལོག་གི་རྒྱལ་པོས་ཤེས་ཏེ་བཙོན་་དུ་བཟུང་”ཟེར་འཁོད་འདུག ཡང་《དེབ་ཐེར་སྔོན་པོའི་》ནང་“ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རང་གི་རྒྱལ་སྲིད་གཏད་ཟིན་ཀྱང་དམག་གི་དཔོན་བྱས་ཏེ་གར་ལོག་དང་འཐབ་པས་ཕམ་སྟེ་གར་ལོག་གིས་བཙོན་དུ་བཟུང་”ཟེར་འཁོད་ཡོད་པ། གཞན་ཡང་《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་》ཞེས་པའི་ནང་“སྐབས་དེར་གར་ལོག་དང་གུ་གེ་གཉིས་མ་འཆམས་པར་འཐབ་པ་ལ་ལྷ་བླ་མ་ཡེ་ཤེས་འོད་རབ་ཏུ་བྱུང་ནས་རྒྱལ་སྲིད་ནུ་བོ་ལ་གཏད་ཟིན་མོད། འོན་ཀྱང་རྒྱལ་སྲིད་ཀྱི་བདེ་འཇགས་དང་ཇོ་བོ་ཨ་ཏི་ཤ་སྤྱན་དྲངས་ནས་བསྟན་པ་སྤེལ་བའི་ཆེད་དུ། དམག་དཔོན་བགྱིས་ཏེ་གར་ལོག་དང་འཐབ་ཏུ་སོང་བ་གཡུལ་ཕལ་སྟེ་བཙོན་དུ་ཤོར་བ་དང་། ཕྱིས་བཙོན་དུ་གྲོངས།” ཞེས་འཁོད་འདུག སྐབས་དེར་བདག་གི་ལྟ་བ་ཅུང་ཙམ་གླེང་ན་《དེབ་ཐེར་སྔོན་མོ་》དང་ 《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་》གཉིས་ཀྱི་ལྟ་བའི་རྗེས་སུ་འབྲངས་ན་ལེགས་སྙམ་སྟེ་སྐབས་འདི་དུས་ཆོས་ལུགས་གྲུབ་མཐའ་སོ་སོའི་བར་ཁ་མཚོན་གཅོད་མི་ཐུབ་པའི་འཐབ་རྩོད་མང་པོ་ཡོང་བ་ནི་སྨོས་མ་དགོས་པར་ཤེས་གསལ་རེད། ལྷ་བླ་མ་ཡེ་ཤེས་འོད་ནི་རང་གི་གྲུབ་མཐའི་ལྟ་བ་རྣམ་དག་འཛིན་གྱི་ཡོད་པ་མ་ཟད་རང་གི་གྲུབ་མཐའ་རྒྱ་ཆེར་འཕེལ་ཕྱིར་རྒྱ་གར་ནས་མཁས་དབང་དུ་མ་གང་ཐུབ་ཅི་ཐུབ་ཀྱི་གདན་འདྲེན་བྱེད་ཐུབ་པར་འབད་བརྩོན་ལྷོད་མེད་བྱེད་མཁན་ཞིག་ཡིན་པ། དེས་ན་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ནུ་བོའི་རྒྱལ་སྲིད་ཇེ་བརྟན་དུ་འགྲོ་བ་དང་ཆོས་ལུགས་གོང་འཕེལ་འགྲོ་བའི་དོན་ཆེན་པོར་བསམ་ནས་གར་ལོག་དང་དམག་འཐབ་བྱས། དེ་ལྟར་བྱས་ནས་གལ་སྲིད་གར་ལོག་ལས་དམག་རྒྱལ་ན་གར་འོག་གི་དབྱི་སི་ལན་གྱི་ཆོས་ལུགས་ཁ་བསྒྱུར་ཐུབ་པ་མ་ཟད་གསེར་འཚོལ་བའི་ས་གཞི་ཡང་རྒྱ་ཆེར་ཕྱིན་ན། ཇོ་བོ་རྗེ་ཨ་ཏི་ཤ་ངེས་པར་གདན་འདྲེན་ཐུབ་སྙམ་པའི་རྣམ་དག་བསམ་པ་བཅངས་བཞིན་དུ་དམག་དྲངས་པར་སྙམ། ཡིན་ནའང་དེ་ལས་ལྡོག་སྟེ་དམག་ཕམ་ནས་སྐུ་སྲོག་ཀྱང་ཤོར། དེའི་སྐོར་ཅུང་ཟད་གླེང་ན་ཁོང་གར་ལོག་གིས་འཛིན་བཟུང་བྱས་རྗེས་བཙོན་དུ་བཅུག་ནས་ཁོང་ལ་འགྲོ་ལམ་ཁག་གསུམ་ཙམ་སྟོན་པའི་ཆ་རྐྱེན་སྤྲད་པ་སྟེ་དང་པོ་ནི་གལ་སྲིད་ཁོང་གིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བཏང་ན་བཙོན་ལས་གཏོང་ཟེར་བའི་རྒྱུ་མཚན་ནི་གར་འགོ་རྣམས་དབྱི་སི་ལན་གྱི་ཆོས་ལུགས་འཛིན་གྱི་ཡོད་པས་གལ་སྲིད་ཁོང་གིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བཏང་ན་ཁོང་ནི་གུ་གེའི་ནང་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་བཅོལ་བའི་མི་སྣ་གཙོ་གྲས་ཤིག་ཡིན་སྟབས་ཁོ་པ་ཚོའི་ཆོས་ལུགས་སུ་བསྒྱུར་རྒྱུར་ཕན་པ་ཡོད་པ་དང་གཅིག གཉིས་པ་ནི་ལུས་དང་ལྗིད་མཉམ་པའི་གསེར་གྲུབ་ན་བཙོན་ལས་གཏོང་ཟེར་བའི་རྒྱུ་མཚན་ནི་གསེར་བྱུང་ན་གར་ལོག་གི་དཔལ་འབྱོར་དང་ལྷག་པར་ཆོས་ལུཊ་ལའང་ཕན་པ་ཆེ་བ་ཡོད་པ་སྟེ་དཔེར་ན་ཡེ་ཤེས་འོད་ཀྱང་གསེར་བཙལ་ནས་ཨ་ཏི་ཤ་གདན་འདྲེན་པར་འགྲོ་བ་དང་གཅིག་ཏུ་མཚུངས་སོ། གསུམ་པ་ནི་གོང་གི་ཆ་རྐྱེན་གཉིས་ལ་མ་བསྟུན་ན་བཙོན་ལས་གཏོང་རྒྱུ་ཕར་གཞོག་དེ་ལས་ལྡོག་སྟེ་སྐུ་ལུས་རིན་པོ་ཆེ་དེ་ས་རྡོར་གཏོང་བ་སོགས་བརྗོད་པའི་གནས་ཚུལ་རྣམས་གུ་གེར་གྲགས་པས་ན་དབོན་སྲས་བྱང་ཆུབ་འོད་﹙ཁོང་ཡང་རབ་ཏུ་བྱུང་བ་﹚ཀྱིས་གླིང་བཅུ་གསུམ་སྐོར་ནས་གསེར་བཙལ་ཏེ་གར་ལོག་ཏུ་ཁོང་གི་དྲུང་དུ་བཅར་བ་ན་གསེར་ཡོད་པ་རྣམས་ཁོང་གི་ལུས་དང་མཉམ་པ་ལ་ད་དུང་དབུ་ཚད་ཙམ་མ་ལོན་པས་ན་གསེར་བཙལ་ནས་སླར་ཡོང་གི་ཡིན་ཞེས་བརྗོད་པས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་“ད་ང་རྒས་པས་སུ་ལའང་ཕན་མི་ཐོགས་པས་གསེར་རྙེད་པ་དེ་རྣམས་ཀྱིས་པཎྜི་ཏ་སྤྱན་དྲོངས་ལ། ལྷག་པར་ཇོ་བོ་རྗེ་ཨ་ཏི་ཤ་གདན་དྲངས་ནས་ཆོས་ཚུགས་ཤིག་”གསུངས། བྱང་ཆུབ་འོད་ཐབས་ཤེས་བྲལ་ཏེ་གར་ལོག་ནས་ཕྱིར་ཕེབས། དེས་ན་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ནང་པ་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་གཏོང་ཕྱིར་རྙེད་པར་དཀའ་ཞིང་གཅེས་པར་བཟུང་བའི་ལུས་སྲོག་ཀྱང་བློས་གཏོང་བར་མཛད་དོ།

གསུམ་པ། ཇོ་བོ་རྗེ་ཇི་ལྟར་གདན་དྲངས་པའི་སྐོར།

རྗེས་སུ་བྱང་ཆུབ་འོད་ཀྱིས་འབད་པ་དུ་མས་གསེར་གང་མང་བཙལ་ནས་ཡེ་ཤེས་འོད་ཀྱི་ཞལ་ཆེམས་ལྟར་གཙོ་བོ་ནག་ཚོ་ལོ་ཙ་བ་ལ་“ཁྱོད་ཀྱིས་ཇོ་བོ་སྤྱན་འདྲེན་དུ་འགྲོ་དགོས། དེ་སྤྱན་འདྲོངས་ཏེ་ཁོ་བོ་དགའ་བར་བྱས་ན་ཕྱིས་ཁྱོད་དགའ་བ་ཁོ་བོས་བྱེད་པ་ཡིན། ངེད་རྒྱལ་པོའི་བཀའ་ཡང་བཅག་ཏུ་མི་བཏུབ་”གསུངས། ཁོང་གིས་བཀའ་རྩལ་པ་དང་དུ་བླངས་ནས་འཁོར་ལྔ་དང་བཅས་ཕྱག་རྟེན་སོགས་གྱ་ནོམ་པ་བསྣམས་ཏེ་ལམ་དུ་ཉེས་པའི་སྐྱོན་དང་བྲལ་ནས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་རྒྱ་བརྩོན་འགྲུས་སེང་གེ་ཆོས་སློབ་པར་བཞུགས་ཡོད་པ་དང་མཇལ་ནས་ཁོང་གཉིས་ཀྱིས་གྲོས་མོལ་བྱས་ཏེ་སློབ་གཉེར་དུ་འོངས་བའི་་ཁུལ་བྱས་ཏེ་དེར་བསྡད། ཉིན་གཅིག་རྒྱ་གར་བ་གཞན་ཚོས་མ་ཚོར་བར་རྒྱ་བརྩོན་གྱིས་ནག་ཚོ་འབོད་ནས་ཇོ་བོའི་སྤྱན་སྔར་བཅར་ཏེ་ལོ་ཙ་བ་གཉིས་ཀྱིས་“བོད་ཀྱི་བསྟན་པ་ཁྱད་དུ་འཕགས་པ་དར་བ་དར་མས་བསྣུབས། དེ་ནས་ལོ་ཤིན་ཏུ་མང་པོ་སོང་པ་ན་བླ་ཆེན་ལ་སོགས་ཀྱིས་དྲིན་ལ་བརྟེན་ནས་དགེ་འདུན་གྱི་སྡེ་མང་བར་བཞུགས་དགེ་འདུན་དེ་རྣམས་ལ་སྡེ་སྣོད་ཀྱི་མཁྱེན་པ་ཆེན་པོ་ཡོད་ཀྱང་སྡེ་སྣོནད་ལག་ལེན་དུ་གདབ་ཏུ་མ་བཏུབ། བོད་ཀྱི་རྒྱལ་པོའི་དགོངས་པ་བསྐང་ཐུབ་པ་དང་རབ་ཏུ་བྱུང་བ་རྣམས་ལ་ཆོས་ལག་ལེན་དུ་གདབ་ཏུ་བཏུབ་པ་ཞིག་ཇོ་བོ་ཉིད་ཀྱིས་བྱོན་ན་ཕན་ཐོགས། ལྷག་པར་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྔ་ས་ནས་ཁྱེད་གདན་འདྲེན་པའི་རེ་བ་བཅོལ་ཡོད་ནའང་ཁྱེད་ཕེབས་མ་ཐུབ། ཁོང་གིས་སླར་ཡང་གདན་འདྲེན་ཞུ་ཕྱིར་གསེར་འཚོལ་བར་ཕྱིན་པ་ན་གར་ལོག་ཏུ་སྲོག་ཀྱང་བློས་བཏང་། དེ་བཞིན་ཁོང་གི་དབོན་སྲས་བྱང་ཆུབ་འོད་ཀྱིས་ཁྱོད་སྤྱན་འདྲེན་པའི་ཕྱིར་ནོར་ལོངས་གྱ་ནོམ་པ་བསྐུར་ནས་ཁྱེད་གདན་འདྲེན་པར་བཏང་ཚུལ་སོགས་མཆི་མ་ཤོར་བཞིན་དུ་སྔོན་གྱི་ལོ་རྒྱུས་རྣམས་ཇི་མ་ཇི་བཞིན་དུ”ཞུས་རྗེས་ཇོ་བོའི་ཞལ་ནས་“ཁྱེད་རྣམས་བདེན། ངའི་ཆེད་དུ་བོད་ཀྱི་རྒྱལ་པོའི་གསེར་མང་པོ་ཡང་སོང་། གདན་འདྲེན་པའི་མི་མང་པོ་ཡང་ཚད་པས་གུམ། བོད་ཀྱི་རྒྱལ་པོར་ངོ་ཡང་གནོང་བ་ཡོད། ད་ཁོ་བོས་བརྟག་སྟེ་བོད་ལ་ཕན་ན་ཅིས་ཀྱང་འགྲོ འོན་ཀྱང་བི་ཀྲ་མ་ཤཱི་ལའི་གནས་བསྟན་རནྟ་ཨཱ་ཀཱར་དབང་ཆེ་བས་འོག་སྐོལ་གཏོང་བ་དཀའ། ཐབས་མཁས་པ་ཞིག་བྱ་དགོས། དེས་ན་ནག་ཚོ་རང་ཡང་ཁོ་བོ་སྤྱན་འདྲེན་སྐད་མ་ཟེར་བར་སློབ་གཉེར་བྱེད་ཅིང་འདུག་”གསུངས། དེ་ནས་ཇོ་བོས་ཡིན་དམ་ལ་སོགས་པར་དྲིས་པས་《བཀའ་གདམས་གླེགས་བམ་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས་》ནང་“བོད་དུ་བྱོན་ན་ཕན་ནི་ཐོགས་པར་འོངས། ཁྱད་པར་ཨུ་པ་སི་ཀ་﹙འབྲོམ་སྟོན་པ་﹚ཞིག་ལ་བརྟེན་ན་ཕན་ཐོགས་ནས་འོངས་བ་འདུག ཚེ་ནི་བོད་དུ་བྱོན་ན་ཐུང་བ་འདུག་གསུངས་”ཇོ་བོས་ཇི་ཙམ་ཐུང་ཞུས་པས་“བོད་དུ་མ་བྱོན་ན་ལོ་དགུ་བཅུ་རྩ་གཉིས་ཐུབ། བྱོན་ན་བདུན་བཅུ་རྩ་གཉིས་ལས་མི་ཐུབ་”ཅེས་གསུངས་། དེ་ལྟར་བོད་ལ་ཕེབས་ན་ཕན་པ་ཆེན་པོ་ཡོང་བའ་ལུང་བསྟན་བྱུང་བས་ན་ཇོ་བོས་“ངས་བོད་དུ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ན་ཚེ་ལོ་གཅིག་ལས་མ་བསྡད་ནའང་ཆོག་”གསུངས་ཏེ་ཕེབས་རྒྱུའི་ཐུགས་སྟོབས་བསྐྱེད། དེར་བརྟེན་ལོ་ཙ་བ་གཉིས་ལ་ཇོ་བོས་“བོད་དུ་ཆས་པར་ངེས། འོན་ཀྱང་བྱ་བ་རྣམས་འཕྲོ་བསྡུ་བ་སོགས་ལ་བརྩོན་འགྲུས་ཆེར་བསྐྱེད་ཀྱང་ལོ་གཅིག་དང་ལོ་ཕྱེད་འགོར་བ་འདུག་པས་དེའི་བར་གནས་བརྟན་རནྟ་ཨཱཀ་ར་ལ་སློབ་དཔོན་ཞུས་ཏེ་སློབ་གཉེར་མཛོད་”གསུངས། ལོ་ཙ་བ་གཉིས་ནི་ལོ་མང་པ་དེ་ཙམ་གྱི་བར་ཞལ་བཞེས་མེད་པར་ཉིན་དེར་བོད་དུ་ཕེབས་གསུངས་པ་དགའ་ཚོར་དཔག་མེད་འཁྲུངས་ཏེ་“ཇོ་བོ་བོད་དུ་བྱོན་ན་ལོ་ཇི་ཙམ་སྒུགས་དགོས་བྱུང་ཡང་ནུས་སོ་”ཞུས། དེ་ནས་ཇོ་བོ་དཔོན་གཡོག་རྣམས་རྡོ་རྗེ་གདན་དང་བལ་ཡུལ་འཕགས་པ་ཤིང་ཀུན་ལ་མཆོད་པ་མཛད་ནས་བོད་དུ་ཁྱད་དུ་འཕགས་པའི་རྟེན་མང་པོ་ཡོད་པར་འདུག་པས་ཡུད་ཙམ་འགྲོ་ཆོག་པ་གནས་བརྟན་ལ་ཞུས་རྗེས་གནས་བརྟན་གྱིས་“ནག་ཚོ་ཁྱོད་སློབ་གཉེར་ལ་འོངས་པ་བསམ་ཙ་ན་ངའི་པཎྜི་ཏ་བརྐུ་བར་འོངས་འདུག པཎྜི་ཏ་ཡང་བོད་དུ་བཞུད་པར་དགྱེས། བོད་ཀྱི་ནོར་ཡང་མང་པོ་ཆུད་ཟོས་སུ་སོང་། ལྷ་བླ་མ་ཡེ་ཤེས་འོད་ཀྱང་ཇོ་བོ་གདན་འདྲེན་པའི་ཕྱིར་དུ་སྲོག་ཤོར། བོད་ལ་སྙིང་རྗེ་བར་འདུག་པས་བོད་དུ་ལོ་གསུམ་བཞུགས་ནས་དེ་རྟིང་ཚུར་གདན་འདྲེན་དགོས་པ་ནག་ཚོ་ལ་མནའ་བསྒག་ཏུ་བཅུག”དེ་ནས་ཇོ་བོ་དཔོན་གཡོག་དང་བཅས་པ་ལྕགས་འབྲུག་﹙1040﹚ལ་རྒྱ་གར་ནས་ཐོན། ལྕགས་སྦྲུལ་﹙1041﹚ལོར་བལ་ཡུལ་ལ་ཕེབས། བལ་ཡུལ་དུ་ལོ་གཅིག་བཞུགས་རིང་མཁས་གྲུབ་ཀུན་གྱིས་རྙེད་བཀུར་ཞུས་ཏེ་ཇོ་བོས་དེ་དག་ལ་རང་གི་བློ་དང་འཚམས་པའི་ཆོས་མང་དུ་གསུངས། དེ་དུས་བལ་པོའི་ཡང་ཐམ་བི་ཧ་ར་ཞེས་པའི་གཙུག་ལག་ཁང་ཡང་བཞེངས། བོད་རབ་བྱུང་དང་པོའི་ཆུ་རྟ་﹙1042﹚ལོར་གུ་གེར་ཕེབས། གུ་གེར་ཕེབས་པའི་དུས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྟ་དཀར་མི་དཀར་སུམ་བརྒྱ་ཐམ་པ་གདུགས་དང་རྒྱལ་མཚན་བ་དན་རོལ་མོ་སྣ་ཚོགས་ཐོགས་ཏེ་བསུ་བར་བཏང་། དེ་བཞིན་གླུ་གར་ཚོགས་པ་མང་པོ་བཀྲ་ཤིས་པའི་ཤིས་བརྗོད་གླུ་དབྱངས་བརྗོད་དུ་བཅུག་པ་དང་ཟབ་རྒྱས་ཀྱི་བསུ་བ་དེའི་སྐབས་རག་དུང་སྔར་མེད་ཇོ་བོ་སྤྱན་འདྲེན་པའི་ཕྱིར་བཟོས་པ་དེ་ནས་དུང་ཆེན་འབུད་པའི་ལུགས་སྲོལ་ཡང་བྱུང་ལ་དུང་ཆེན་དེ་ལ་པོ་པཎ་འདྲེན་པའི་དུང་ཞེས་བརྗོད་དོ། སྐབས་དེ་དུས་ལྷ་བཙུན་པས་ཐོག་མར་ཇོ་བོ་ཞལ་མཇལ་རྗེས་ཁམས་འདྲི་འདི་ལྟར་ཞུས་པ་“ཨེ་མ་ཧོ། རྗེ་བཙུན་བླ་མ་ཆེན་པོའི་ཞལ་སྔ་ནས། ལྷོ་བལ་ཡུལ་ནས་བོད་ཀྱི་ཡུལ་དུ་བྱོན། ཤུལ་ཐག་རིང་བས་ཤིན་དུ་སྐུ་ཉོན་མོངས། འདུ་བ་རྣམ་བཞིའི་སྐུ་སྙུན་མི་མངའ་འམ། སྐུ་ཁམས་བདེ་འམ་དགྱེས་པར་སྤྱོད་ལགས་སམ། སྐུ་གསུང་ཐུགས་ལ་གནོད་པ་མི་མངའ་འམ་”ཞེས་གསུངས།

ཡང་ལོ་ཙ་བ་འགས“ཨེ་མ་ཧོ། དགེ་སློང་བྱང་ཆུབ་འོད་དག་གིས། རྟག་ཏུ་བསམ་པའི་བླ་མ་སྤྱན་འདྲོངས་པས། བོད་ཀྱི་ཡུལ་དུ་སྐྱེས་བུ་ཆེན་པོ་འདིའི། གཞུང་ལུགས་ཤིན་དུ་དར་ཞིང་རྒྱས་པར་ཤོག་”ཅེས་ཟེར། ཡང་སྐབས་དེ་དུས་བྱང་ཆུབ་འོད་ལ་ཨ་ནེ་ཞིག་ཡོད་པས་དེས་ཇོ་བོ་ཞལ་མཇལ་རྗེས། ཞུས་པ“ངའི་མིང་པོ་གསེར་རི་འདྲ་བ་ཞིག་ཡོད་པ་བླ་མ་ཁྱེད་ཀྱི་དོན་དུ་སྐུ་ལུས་བཏང་སྟེ་ངས་མྱ་ངན་བཟོད་ཐུབ་མེད་པ་མནན་ནས་བསྡད། ད་རེས་བླ་མ་ཁྱེད་ཀྱི་ཞལ་རས་མཇལ་བའི་ཚེ་ངའི་མིང་པོ་སྐུ་ལུས་བཏང་བའང་གོ་ཆོད་འདུག ད་ནི་ང་ཡང་མྱ་ངན་ལས་གྲོལ་ལོ། བླ་མ་རིན་པོ་ཆེ་ཁྱེད་ང་ཚོ་བོད་ཡུལ་དུ་ཡུན་རིང་པོ་བཞུགས་ནས་བསྟན་པའི་བྱ་བ་རྒྱ་ཆེར་གནང་དགོས་”ཞུས། དེ་ལྟར་དགའ་སྤྲོའི་གཏམ་གྱིས་གླེང་མོལ་སོགས་ཅི་དགར་སྩོལ་རེས་ཀྱི་སྐལ་བཟང་གི་དུས་གཅིག་ཤར་རོ།

བཞི་པ། ཇོ་བོ་རྗེས་བོད་དུ་ནང་བསྟན་ཇི་ལྟར་སྤེལ་བའི་སྐོར།

ཇོ་བོ་རྗེ་མངའ་རིས་སུ་ཕེབས་རྗེས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ཐུགས་མཉེས་པོ་ཡོང་བའི་ཕྱིར་གཏམ་མང་པོ་གསུངས་ཤིང་ཇོ་བོ་རྗེས་མངའ་རིས་སུ་བྱོན་པའི་པཎྜི་ཏ་སོ་སོའི་ཡོན་ཏན་དྲིས་པས་ན་དེ་ལ་ཡོན་ཏན་འདི་དང་། དེ་ལ་ཡོན་ཏན་འདི་ཡོད་ཅེས་ལན་བཏབ། ཡང་སྐབས་དེ་དུས་དགུང་ལོ་85འམ་ཁ་ཅིག་གིས་དགུང་ལོ་90ལ་ཕེབས་པར་འདོད་པའི་ལོ་ཆེན་རིན་ཆེན་བཟང་པོའི་དགོངས་པ་ལ་པཎྜི་ཏ་﹙ཇོ་བོ་རྗེ་﹚ཡོན་ཏན་ཁོ་བོ་ལས་ཆེ་བ་དཀའ་མོད། ལྷ་བླ་མས་སྤྱན་དྲངས་པས་ཞབས་ཏོག་ཅིག་བྱ་དགོས་དགོངས་ཏེ་རང་གི་གནས་མཐོ་ལྡིང་གི་གཙུག་ལག་ཁང་དུ་སྤྱན་དྲངས། དེ་ན་རྒྱུད་སྡེ་གོང་འོག་གི་ལྷ་རྣམས་ཐོག་གི་རིམ་པར་བྱས་ནས་བྲིས་ཡོད་པ་དེ་རྣམས་ལ་ཇོ་བོས་སོ་སོར་བསྟོད་པ་ཚིགས་སུ་བཅད་པ་རེ་མཛད་དེ་སྟན་ལ་བཞུགས་པ་ན། ད་ཅི་ནས་མཛད་པའི་བསྟོད་པ་དེ་རྣམས་སུས་མཛད་ཅེས་དྲིས་པས། དེ་ཁོ་བོ་རང་གིས་འཕྲལ་དུ་བགྱིས་པ་ལགས་གསུངས་བས། ལོ་ཙཱ་བ་འཇིགས་ཤུམ་སྟེ་སོང་། ཇོ་བོ་ལོ་ཙ་བ་ལ་ཁྱོད་ཀྱི་ཅི་མཁྱེན་གསུངས་པ་ན། ཁོང་རང་གིས་མཁྱེན་པ་རགས་རིམ་ཅིག་ཞུས་པས། ཇོ་བོའི་ཞལ་ནས་“ཨེ་ཁྱོད་ལྟ་བུ་བོད་ན་བཞུགས་ནས་སྣང་བས། ཁོ་བོ་བོད་དུ་འོང་མ་དགོས་པར་འདུག་པ་ལ་”ཞེས་གསུངས་ཤིང་། ཐུགས་ཀར་ཐལ་མོ་སྦྱར། ཡང་“ལོ་ཙཱ་བར་རྒྱུད་སྡེ་དེ་རྣམས་ཀྱི་དོན་སྟན་ཐོག་གཅིག་ཏུ་དྲིལ་ཏེ་གང་ཟག་གཅིག་གིས་ཉམས་སུ་ལེན་ན་ཇི་ལྟར་བགྱི་”གསུངས་པ་ལ། ལོ་ཙཱ་བས་“སོ་སོ་ནས་བཤད་པ་བྱེད་ལགས་མོད་”ཞུས་པས། ལོ་ཙ་བ་རུལ། ཁོ་བོ་བོད་དུ་འོང་དགོས་པའི་དགོས་པ་འདུག་སྙམ། དེ་རྣམས་གཅིག་ཏུ་བསྡོམས་ནས་ཉམས་སུ་ལེན་དགོས་པ་ཡིན་གསུངས་ནས་《གསང་སྔགས་འཕྲུལ་གྱི་མེ་ལོང་》བྱ་བའི་བཤད་པ་མཛད་དེ་ལོ་ཙ་བ་ཡང་ཤིན་དུ་ཐུགས་ཆེས་པར་གྱུར། དེ་ནས་འདི་ནི་མཁས་པ་ཆེན་པོ་བས་ཀྱང་ཆེན་པོར་སྙམ་དུ་དགོངས་ནས་《བརྒྱད་སྟོང་པ་》དང་《ཉི་ཁྲི་སྣང་བ་》དང་《བརྒྱད་སྟོང་འགྲེལ་ཆེན་》ལ་སོགས་པ་བསྒྱུར་བ་མང་པོ་ལ་ཞུས་དག་མཛད། དེར་ལྷ་བླ་མ་བྱང་ཆུབ་འོད་ལ་སོགས་པར་ཤིན་དུ་གསང་བའི་སྒོ་ནས་དབང་བསྐུར་མང་པོ་གནང་། གཞན་ཡང་བྱང་ཆུབ་འོད་ཀྱིས་བོད་དུ་བསྟན་པ་སྔ་དར་དང་ཕྱི་དར། གླང་དར་མས་བསྣུབས་ཚུལ། ད་ལྟ་གསེར་འཚོལ་བར་ཡོང་མཁན་གྱིས་ཆོས་ལོག་སྤེལ་ཚུལ། མདོ་སྔགས་ཚ་གྲང་ལྟར་སོང་ཚུལ་སོགས་མཐའ་དག་བསྐྱར་ཟློས་ཀྱིས་ཇོ་བོའི་གསེར་སྙན་དུ་གསོལ་ནས་ད་ནི་རྒྱལ་བའི་གསུང་རབ་ཐམས་ཅད་ཧྲིལ་གྱིས་ཉམས་ལེན་དུ་དྲིལ་བའི་གདམས་ངག་ཅིག་གསུང་གནང་ཡོད་པ་དང་། ངེད་ཀྱི་བོད་མི་ལ་ཆོས་ཟབ་མོ་དང་ཡ་མཚན་ཅན་མིན་པར་ལས་རྒྱུ་འབྲས་ལས་བརྩམས་པའི་ཆོས་ཤིག་རྩོལ་གནང་དང་། གཞན་ཡང་ཚངས་སྤྱོད་ལ་དབང་གོང་མ་གཉིས་དངོས་དབང་དུ་བསྐུར་རུང་དང་མི་རུང་སོགས་དྲི་བ་བཅུ་ཞུས་པའི་ལན་དུ། ཇོ་བོ་ཐུགས་ཤིན་ཏུ་མཉེས་ནས་ཆོས་ཟབ་མོ་བྱ་བ་“ལས་རྒྱུ་འབྲས་ཁོ་ན་”ཡིན། དེ་ལ་གཟབ་དགོས་གསུང་ནས་ཆོས་མིན་དེ་དག་གི་གཉེན་པོར་གྱུར་པའི་བསྟན་བཅོས་ཤིག་མཛད་པར་ཞུ་ཞུས་པས་《བྱང་ཆུབ་ལམ་གྱིས་སྒྲོན་མ་》﹙ཤིང་བྱ་1044ལོ་﹚ལྗགས་རྩོམ་གནང་། དེ་ནི་སྐྱེ་བུ་གསུམ་གྱིས་ལམ་གྱི་རིམ་པ་སྟོན་པ་སྟེ་《བྱང་ཆུབ་ལམ་གྱི་སྒྲོན་མ་》ལས་“སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། ཆུང་དུ་འབྲིང་དང་མཆོག་གྱུར་པ། སྐྱེས་བུ་གསུམ་དུ་ཤེས་པར་བྱ། སྐྱེས་བུ་གསུམ་སོ་སོའི་མཚན་ཉིད་བསྟན་པ་ནི”གང་ཞིག་ཐབས་ནི་གང་དག་གིས། འཁོར་བའི་བདེ་བ་ཙམ་དག་ལ། རང་ཉིད་དོན་དུ་གཉེར་བྱེད་པ། དེ་ནི་སྐྱེས་བུ་ཐ་མར་ཤེས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། སྡིག་པའི་ལས་ལས་ལྡོག་བདག་ཉིད། གང་ཞིག་རང་ཞི་ཙམ་དོན་གཉེར། སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། ཡང་དག་ཟད་པར་ཀུན་ནས་འདོད། སྐྱེས་བུ་དེ་ནི་མཆོག་ཡིན་ནོ། རྒྱས་པ་《བྱང་ཆུབ་ལམ་གྱི་སྒྲོན་མ་》ལས་རྟོགས་པར་བྱའོ།

དེ་ལྟར་མངའ་རིས་ཀྱི་དགེ་བའི་བཤེས་གཉེན་དང་སྐྱེ་བོ་ཕྲ་མོ་རྣམས་ཀྱང་ལེགས་པའི་ལམ་ལ་བཅུག་སྟེ་ལོ་གསུམ་གྱི་བར་བཞུགས་ནས་རྒྱ་གར་དུ་ཕྱིར་ལོག་མཛད་པའི་སྐབས་དེར་བལ་ཡུལ་གྱི་མཐའ་མཚམས་སུ་དམག་འཁྲུག་ལངས་ནས་ཕེབས་མ་ཐུབ་པར་སྤུ་རང་﹙པུ་ཧྲང་﹚རྒྱ་ཞིང་བྱ་བར་གནས་སྐབས་འགྱངས་ནས་བཞུགས། དེ་དུས་ནག་ཚོ་གནས་བརྟན་གྱི་དྲུང་དུ་ལོ་གསུམ་ནས་ཕྱིར་ལོག་ཕེབས་རྒྱུའི་མནའ་བསྒགས་པ་དྲན་ནས་ཇོ་བོའི་ན་བཟའ་ནས་འཇུས་ཏེ་འདི་སྐོར་ཐུགས་ཁྲལ་ཆེན་པོས་གླེང་བར་རྩོམ་པ་ན། ཇོ་བོའི་ཞལ་ནས་“སྒྲུབ་མི་ནུས་པ་ལ་ཉེས་པ་མེད་གསུངས། དེ་ནས་ནག་ཚོ་ཐུགས་ཅུང་ཟད་བདེ་བར་གནས། སྐབས་དེ་དུས་ཇོ་བོ་དཔོན་གཡོག་རྣམས་ཀྱིས་《བྱང་ཆུབ་ལམ་གྱི་སྒྲོན་མ་》རྒྱ་དཔེ་ཞིག་དང་། ལམ་དུ་མ་ཐར་བའི་འཕྲིན་ཡིག་གསལ་པོ་བྲིས་ནས་བང་ཆེན་གཉིས་རྒྱ་གར་དུ་བཏང་། དེ་རྒྱ་གར་དུ་འབྱོར་ནས་པཎྜི་ཏ་རྣམས་ཀྱིས་གཟིགས་ཚེ། ཇོ་བོ་རྒྱ་གར་དུ་བཞུགས་པ་ལས་བོད་དུ་བཞུགས་ན་དོན་ཆེ། རྒྱ་གར་དུ་བཞུགས་ན་བསྟན་བཅོས་འདི་ལྟ་བུ་མི་རྩོམ། བོད་ཤེས་རབ་ཆུང་བས་འདི་ལྟ་བུ་གོ་བདེ་ལ་རྒྱ་ཆེ་བའི་བསྟན་བཅོས་མཛད་འདུག་གསུང་བཞིན་གནས་བརྟན་རནྟ་ཨཱ་ཀཱ་ནས་དང་པཎྜི་ཏ་རྣམས་ཀྱང་མཐུན་ནས་དེ་ལྟར་གསུངས་ན་བསྟན་བཅོས་འདི་ལ་རང་འགྲེལ་ཞིག་ལྗགས་རྩོམ་མཛད་ནས་བསྐུར་གནང་ཡོད་པ་དང་། ཇོ་བོ་བོད་རང་དུ་བཞུགས་ཆོག་ཟེར་བའི་ཡིག་ལན་འབྱོར་བས་ནག་ཚོས་ང་ལ་གནས་བརྟན་གྱིས་ཁུར་པོ་རི་ཙམ་ཞིག་བསྐུར་བ་དེ་ད་རེས་ནས་བབ་སོ་གསུངས། དེ་དུས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཁམས་ཀྱི་བླ་མ་སེ་བཙུན་དྲུང་དུ་སློབ་གཉེར་བྱེད་པ་ལས་བྲལ་ཏེ་ཇོ་བོ་རྗེ་དབུས་གཙང་དུ་གདན་འདྲེན་པར་བཅར། འབྲོམ་གྱིས་ཐམས་མཁས་དུ་མས་བོད་ཀྱི་དབུས་ལྷ་ས་དང་བསམ་ཡས་ལ་སོགས་ལ་སྐུ་གསུང་ཐུགས་རྟེན་མང་བ་དང་། དགེ་འདུན་སྟོང་ཕྲག་མང་པོ་ཡོད་པ་སོགས་ཞུས་ནས་ཇོ་བོ་ཐུགས་མགུ་བར་མཛད། ཇོ་བོས་དབུས་གཙང་དུ་ཕེབས་རྒྱུའི་ཞལ་བཞེས་པ་ན། དེ་ནས་དགེ་བཤེས་སྟོན་པས་དབུས་སུ་ཕེབས་སྐབས་བོད་མི་སྐ་བ་ཤཱཀྱ་སོགས་ལ་བཀའ་གྲོས་མཛད་པ་ལྟར་《མཁས་པའི་དགའ་སྟོན་》ལས་“ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི། བྱེ་བྲག་བརྗིད་ལྡན་གངས་རིའི་བྱང་།……”ཞེས་པའི་འཕྲིན་ཡིག་གཅིག་བསྐུར་ནས་སྐ་བ་ཤཱཀྱ་དབང་ཕྱུག་གིས་བོད་ཀྱི་མི་ཆེན་རྣམས་བསུ་བར་ཕེབས་དགོས་པའི་དྲིལ་སྒྲོགས་ཤིག་གསུང་ཡོད་པས་སྐ་བས་ཀུན་ལ་འཕྲིན་ཡིག་བསྒྲགས། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་ངའི་མིང་མི་འདུག་གསུངས་པར་སོགས་ཁོངས་སུ་གཏོཊ་ཡོད་ཞུས་པས་སོགས་ཁོངས་སུ་འཇོག་འོས་པའི་མི་དེ་ང་མ་ཡིན་གསུངས་ནས་སྔོན་ལ་ཕེབས་པས་གཞན་རྣམས་ལའང་སྐུལ་ལྕག་ཆེན་པོ་ཐེབས། བོད་སྟོན་རྣམས་ཀྱིས་དབུས་སུ་སྤྱན་དྲངས། གཙོ་བོའི་བསྟི་གནས་སྙེ་ཐང་ཡིན་པ་དང་། གཞན་ཡང་བསམ་ཡས། འཕན་པོ། ཡེར་པ་སོགས་གཙོ་བོར་བྱས་པའི་ཡུལ་ཕྲན་མང་པོ་ཞིག་ལ་རྒྱལ་བསྟན་དར་བའི་ཕྱིར་ཆོས་གསུང་པར་བྱོན། ལྷག་པར་བསམ་ཡས་སུ་ཕེབས་དུས་རྒྱ་དཔེ་མང་པོ་གཟིགས་ཞིབ་གནང་། སྔར་བོད་དུ་བསྟན་པ་དར་བ་བཞིན་རྒྱ་གར་དུའང་མ་བྱུང་། རྒྱུད་དཔེ་དེ་དག་སློབ་དཔོན་པདྨས་ལྷ་ཀླུའི་ཡུལ་ནས་གདན་དྲངས་པ་ཡིན་པ་འདྲ་གསུངས་ནས་ཡིན་བརྟན་འཕྲོག བཀའ་གདམ་ཕ་ཆོས་བུ་ཆོས་ནི་ཡེར་པར་གསུངས། སྲོང་བཙན་སྒམ་པོས་བཀའ་ཆེམས་ཀ་ཁོལ་མ་ལྷ་ལྡན་གཙུག་ལག་ཁང་གི་ཀ་བ་ཤིང་ལོ་ཅན་གྱི་ལོགས་སུ་གཏེར་དུ་སྦས་པ་ཕྱིས་ལྷ་སའི་ཨ་ནེ་སྨྱོ་མས་ལུང་བསྟན་བཞིན་ཇོ་བོ་རྗེས་གཏེར་ནས་བཏོན་པའི་ཆོས་འབྱུང་《ཀ་ཁོལ་མ་》མིང་གཞན་《ལྷ་སའི་དཀར་ཆག》ཀྱང་ཟེར་བ། དེ་ཡང་ཇོ་བོ་རྗེས་སློབ་མ་རྣམས་ཤུ་རུ་བཅུག་པ་དང་ཤུས་ཚར་རྗེས་རང་གནས་སུ་སྦས་པ་ཡིན་ཟེར་རོ། གང་ལྟར་ཇོ་བོ་རྗེ་བོད་ལ་ཕེབས་ནས་ཆོས་ཟབ་ལ་ཤིན་ཏུ་རྒྱ་ཆེ་བ་དུ་མ་གསུངས་པ་《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས་“བོད་དུ་བྱོན་ཏེ་མདོ་སྔགས་ཐམས་ཅད་བསྡུས་ནས་ལམ་ཉམས་སུ་ལེན་པའི་རིམ་པ་དྲིལ་བ་《བྱང་ཆུབ་ལམ་གྱི་སྒྲོན་མ་》ཞེས་བྱ་བ་གཙོ་བོར་བྱས་པའི་གཞུང་ཉི་ཤུ་ལྷག་ཙམ་མཛད་པའི་སྒོ་ནས་བསྟན་པ་རྒྱས་པར་སྤེལ་བས་བསྟན་པ་ཕྱི་དར་དང་བཀའ་གདམས་པའི་སྲོལ་གཏོད། གསོ་རིག་གི་གཞུང་《ཡན་ལག་བརྒྱད་པ་》ཡང་བརྩམས་ཞེས་པ་དང་《གྲུབ་མཐའི་བྱུང་བ་བརྗོད་པ་》ལས་“ཇོ་བོ་རྗེས་《ལམ་སྒྲོན་》དང་《སྤྱོད་བསྡུས་སྒྲོན་མེ་》སོཊ་ཆོས་བརྒྱ་རྩ་བརྒྱད་ལྗགས་རྩོམ་གནང་”ཞེས་སྐབས་དེར་ཁོང་གིས་བརྩམས་པ་རྣམས་རེ་རེ་ནས་འབྲི་བར་ཡི་གེ་ལྕི་བས་འབྲི་བའི་སྤོབས་པ་དང་བྲལ། གང་ལྟར་ཁོང་ཕེབས་ནས་གངས་ཅན་གནས་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཁྱབ་ནས་ཡར་ངོའི་ཟླ་ལྟར་གོང་འཕེལ་ཕྱིན། དེའི་སྐོར་《མཁས་པའི་དགའ་སྟོན་》ལས་“ཆོས་ཀྱི་རྩ་བ་ལས་འབྲས་བླང་དོར་བསྟན། ཐམས་ཅད་དཀོན་མཆོག་གསུམ་ལ་སྐྱབས་འགྲོར་བཀོད། རབ་ཏུ་བྱུང་རྣམས་ཚུལ་ཁྲིམས་གནས་ལ་སྦྱར། ཐོས་ལྡན་རྣམས་ཀྱི་ལྟ་བ་དྲང་པོར་མཛད། བསམ་གཏན་པ་རྣམས་ཞི་ལྷག་གཉིས་ལ་སྦྱར། སྔགས་ལ་བཞུགས་རྣམས་དམ་ཚིག་དག་པར་བཀོད། ཀུན་ཀྱང་བྱང་ཆུབ་སེམས་ཀྱི་ཐེག་པས་འཁྲིད། ཆོས་མིན་ཆོས་ལྟར་བཅོས་པ་ཀུན་ནུབ་སྟེ། སངས་རྒྱས་བསྟན་པ་ཉིན་བྱེད་རབ་ཏུ་གསལ་”ཞེས་ཇོ་བོ་རྗེའི་མཛད་པ་བཀོད་པ་དང་། ཡང་ནག་ཚོ་ལོ་ཙཱ་བའི་《བསྟོད་པ་》ལས་“བླ་མ་བོད་དུ་མ་བྱོན་ན། ཐམས་ཅད་ལོང་བ་བཞིན་དུ་འགྱུར། མཁྱེན་པ་རྒྱས་ཁྱོད་བྱོན་པ་ལས། བོད་དུ་ཡེ་ཤེས་ཉི་མ་ཤར་”ཞེས་པ་དང་། ཡང་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱང་》ལས་“ཡིད་སྲུབས་བྱེད་པོའི་དཔུང་གིས་སྔོ་བསང་མའི། བདེ་སྲིད་རྣམ་པར་བཞད་པའི་འདབ་སྟོང་ཚལ། ཟུམ་ཚེ་སླར་ཡང་སྐལ་བཟང་རྟ་བདུན་གྱིས། ཐུབ་བསྟན་ཉིན་བྱེད་གསར་པ་དྲང་སོ་ཀྱེ་”ཞེས་སོགས་ཀྱིས་ལེགས་པར་མཚོན་ནོ། མཐར་སྙེ་ཐང་དུ་ཤིང་ཕོ་རྟའི་ལོ་སྤྱི་ལོ་1054ལོར་དགོངས་པ་རྫོགས་སོ།

ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་རྒྱ་གར་དང་བལ་ཡུལ་བོད་སོགས་ལ་བརྗོད་ལས་འདས་པ་ཡོད་པའི་ནང་ནས་སྐབས་འདིར་བོད་ལ་བྱུང་བའི་སློབ་མ་འགའ་ཞིག་གི་མཚན་སྨོས་ན་མངའ་རིས་ནས་ལོ་ཆེན་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙ་བ། ལྷ་བླ་མ་བྱང་ཆུབ་འོད། གཙང་ནས་དགར་དགེ་བ་དང་། འགོས་ཁུག་པ་ལྷས་བཙས། ལྷོ་བྲག་ནས་ཆག་པ་ཁྲི་མཆོག་དང་། འགེ་བ་སྐྱོང་། ཁམས་ནས་རྣལ་འབྱོར་བ་ཆེན་པོ་དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོང་པ། དབུས་ནས་ཁུ་རྔོག་འབྲོམ་གསུམ། དེ་དག་གི་ནང་ནས་ཀྱང་བླ་མ་ཉིད་ཀྱི་འཕྲིན་ལས་རྒྱས་པར་བྱེད་པ་པོ་ནི་སྔོན་རྒྱ་གར་ནས་ཕེབས་པའི་དུས་ལུང་བསྟན་པའི་ཨུ་པ་སི་ཀའམ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཡིན། སྤྱི་ལོ་1057ལོར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་དགོན་པ་ཕྱག་བཏབ་པ་ནས་བཟུང་དར་སྤེལ་བྱུང་བའི་ཆོས་ལུགས་ལ་བཀའ་གདམས་པ་ཞེས་གྲགས། “ལུགས་སྲོལ་ཁྱད་པར་ཅན་དེ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་དབུ་བརྙེས། སྟོན་པ་རིན་པོ་ཆེས་སྲོལ་ཕྱེས། སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད། གླང་ཤར་གཉིས་དང་བྱ་ཡུལ་བ་སོགས་ཀྱིས་དེ་ལས་ཀྱང་རྒྱས་པར་མཛད་པའོ། ”ཞེས་《གྲུབ་མཐའ་ཤེལ་གྱི་མེ་ལོང་》ལས་གསུང་སོ། འབྲོམ་སྟོན་པའི་ཞལ་ནས་“ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། གདམ་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི། བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར།”ཞེས་གསུངས་པའམ། ཡང་“སྤྱིར་རྒྱར་བའི་གསུང་རབ་ལ་སྤོང་ལེན་མི་བྱེད་པར་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་ཁྱེར་བ་བཀའ་གདམས་པའི་ཁྱད་ཆོས་ཡིན་པས་བཀའ་གདམས་སུ་མ་འདུས་པའི་ཆོས་མེད་ནའང་། ཡོངས་སུ་གྲགས་པ་ལ་གཞུང་དང་གདམ་ས་ངག་གཉིས་སམ། ཡང་ན་མན་ངག་དང་གསུམ་དུ་དབྱེའོ།”དེ་ནི་རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། དགོངས་འགྲེལ་དང་བཅས་པ་ལས་ཡི་གེ་གཅིག་ཀྱང་དོར་དུ་མེད་པར་གང་ཟག་གཅིག་གིས་ཉམས་ལེན་རིམ་པར་དྲིལ་ནས་སྟོན་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན།

གཞན་ཡང་བཀའ་བརྒྱུད་པ་དང་། ས་སྐྱ་བ། དག་ལྡན་ཐམས་ཅད་མདོ་ཕྱོགས་ལས་བརྩམས་པའི་གྲུབ་མཐའི་རྩ་བ་ནི་ཇོ་བོ་རྗེ་ཨ་ཏི་ཤ་ལ་བརྟེན་ནས་དར་བའི་བཀའ་གདམས་པའི་གྲུབ་མཐའ་ལས་སོ་སོར་དར་བ་ཞིག་ཡིན། དཔེར་ན་ས་སྐྱ་བའི་གྲུབ་མཐའ་མ་དར་སྔོན་ནས་ཇོ་བོ་རྗེས་“ས་དེར་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་སོགས་འབྱུང་བར་འགྱུར་”ཞེས་ལུང་ཡང་བསྟན་མྱོང་། 《དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་》ལས་“རྗེས་སུ་དུས་རབས་བཅོ་ལྔ་པའི་འགོར་རྗེ་ཙོང་ཁ་པས་སངས་རྒྱས་ཆོས་ལུགས་ལ་དག་ཐེར་གནང་ནས་བཀའ་གདམས་པའི་ཆོས་ལུགས་ཟུར་དུ་མེད་པར་གྱུར་རོ།”ཞེས་དང་། ཡང་《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས་“རྗེ་ཙོང་ཁ་པ་ནས་བཟུང་བཀའ་གདམས་པའི་རྣམ་ཐར་མཛད་སྤྱོད་གཞིར་བཞག་ཐོག དབུ་མའི་ལྟ་བ་དང་གསང་སྔགས་ཀྱི་ཐབས་ལམ་བསྣན་པའི་དགེ་ལུཊ་པ་ལ་བཀའ་གདམས་གསར་མ་ཡང་ཟེར་”ཞེས་པ་དང་། དེ་ནི་ཙོང་ཁ་པས་སྤྱི་ལོ་1409ལོར་འབྲོག་རི་བོ་ཆེ་དགའ་ལྡན་དགོན་པ་བཏབ་པས་དགའ་ལྡན་པའི་གྲུབ་མཐའ་བྱུང་ཞིང་། བརྗོད་བདེར་བྱས་ནས་དགེ་ལྡན་པ་དང་དགེ་ལུགས་པ་ཞེས་ཟེར། དེ་ནི་དེང་དུས་ཀྱང་ཁྱབ་དར་ཤིན་ཏུ་ཆེ་ལ་གཙང་ནས་བཀྲ་ཤིས་ལྷུན་པོ་དང་དཔལ་འཁོར་མཆོད་རྟེན། དབུས་ནས་སེ་འབྲས་དགའ་གསུམ། བྱང་ངོས་ནས་སྐུ་འབུམ་བྱམས་པ་གླིང་ལ་སོགས་པ་ཚང་མ་དགེ་ལུགས་པའི་དགོན་པ་ཡིན་པ། གང་ལྟར་བཀའ་གདམས་གསར་མ་དང་། ཞྭ་སེར་གྱི་བསྟན་པ་རིན་པོ་ཆེ། དགེ་ལྡན། དགེ་ལུགས་རྣམས་ནི་དོན་གཅིག་མིང་གི་རྣམ་གྲངས་སོ། རྗེ་ཙོང་ཁ་པས་བརྩམས་གནང་བའི་《བྱང་ཆུབ་ལམ་རིམ་ཆེན་མོ་》ཡང་ཇོ་བོ་རྗེས་བརྩམས་པའི་《བྱང་ཆུབ་ལམ་སྒྲོན་》གཞིར་བཞག་ནས་བརྩམས་གནང་བ་ཞིག་ཡིན་པས། ཇོ་བོ་རྗེ་ནི་ཤིན་ཏུ་ནས་བཀའ་དྲིན་བསམ་བརྗོད་ལས་འདས་པ་ཞིག་ཡིན། སངས་རྒྱས་ཀྱི་བསྟན་པ་དང་རིག་གནས་སྤེལ་བ་ལ་བོད་དུ་བཀའ་དྲིན་ཤིན་ཏུ་ཆེ་བས་གངས་ཅན་པས་ཇོ་བོ་ཞེས་ཞེ་སའི་ཚུལ་གྱིས་འབོད་པ་དང་《མཁས་པའི་དགའ་སྟོན་》ལས་“དེ་བས་བོད་དུ་བསྟན་པ་ཕྱི་དར་ལ། བཀའ་དྲིན་འདི་དང་མཚུངས་པ་གཞན་དུ་མིན་”ཞེས་པ་དང་། 《དེབ་སྔོན་》ལས་“དུས་ཕྱིས་བོད་དུ་བྱོན་པའི་དགེ་བའི་བཤེས་གཉེན་རྣམས་དང་། རྣལ་འབྱོར་པ་གྲུབ་པའི་སྤྱོད་པ་རྣམས་ཀྱི་རྣམ་པར་ཐར་བ་ཕལ་ཆེ་བ་ན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རེ་ལ་བཏུགས་པ་ཁོ་ན་སྣང་བས། འབྲོམ་ཡང་རྒྱ་ཆེ་ཞིང་རྒྱུན་ཆགས་པའི་འཕྲིན་ལས་ཅན་ཞིག་སྟེ། དེ་དག་གིས་ནི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་འབྲས་བུ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ་”ཞེས་གསུངས་པ་ལྟར་ཇོ་བོ་ཆེན་པོ་བོད་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་འབྲས་བུ་ཡིན་པར་ཤེས་པར་བྱ་དགོས།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།