རྨེ་བའི་ཤེར་ཕྲེང་སྤྲུལ་སྐུ་འཇམ་དབྱངས་ཤེས་རབ་རྒྱལ་མཚན།

1488779717633935.jpeg

སྙིགས་དུས་ཀྱི་འགྲོ་མགོན་དམ་པ་དཔལ་ལྡན་མཉྫུ་གྷཽ་ཥ་པྲ་ཛྙཱ་དྷྭ་ཛའི་མཛད་རྣམ་དག་བྱེད་རལ་བའི་སྨན་ཆབ་བཞུགས། 

རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྤྲུལ་པའི་སྐུ་མཆོག་༸འཇམ་དབྱངས་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཁོང་ནི། སྐྱབས་མགོན་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེའི་རྣམ་ཐར་ལུང་བྱང་དུ། །སྨད་ཀྱི་དུག་སྦྲུལ་ཁ་ནས་ནོར་བུ་འབྱུང་། །ཤྲཱི་ཛྙཱ་ན་དྷྭ་ཛ་ཞེས་བྱ་བ། །འབྲེལ་བ་ཐོབ་ཚད་དཔལ་གྱི་རི་བོར་སྐྱེ། །ཨ་ཏིའི་བསྟན་ལ་དད་ཅིང་སྔགས་ལ་སྤྱོད། །ཅེས་དོན་གནས་ལུང་གིས་བསྔགས་པ་ལྟར། མདོ་སྨད་སའི་ཐིག་ལེ་རྨ་ཁོག་ནོར་བུའི་གླིང་རྦོབ་ཁོག་གཏེར་ལུང་བྱ་བར། ཡབ་ཤེལ་འཕྲེང་ཁྱུར་འོང་ཡོངས་འཛིན་དང་། ཡུམ་ཨ་དཀར་བཟའ་བོ་ཁོ་གཉིས་ལ་སྲས་ལྕམ་སྲིང་དྲུག་ཡོད་པ་ལས་ལྔ་པ་ཁོང་རིན་པོ་ཆེ་ནི་ཕྱི་ལོ་༼༡༩༢༩ ༽ པའམ་བོད་རབ་རྒྱལ་ས་སྦྲུལ་ལོའི་ཧོར་ཟླ་བཅུ་གཉིས་པའམ་རྒྱལ་ཟླའི་ཡར་ཚེས་བརྒྱད་ལ་ངོ་མཚར་བའི་ལྟས་དང་བཅས་མཚན་དཔེའི་གཟུགས་ཀྱི་མེ་ཏོག་ཡུམ་གྱི་ལྷུམས་རྒྱ་ལས་རྣམ་པར་གྲོལ། དགུང་གྲངས་གསུམ་བཞེས་སྐབས་ཨ་མཆོག་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་ཡང་སྲིད་དུ་ངོས་བཟུང་འཇམ་དབྱངས་ཤེས་རབ་རྒྱལ་མཚན་ཞེས་མཚན་གསོལ། བསྟན་འགྲོ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་ལུང་བསྟན། དགུང་གྲངས་དགུའི་སྐབས་མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེས་མཛོད་ལྔའི་ཤིང་རྟ་ཆེན་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་གནང་།    རྗེས་སོར་རྨེ་གླིང་དུ་ཕེབས་ནས་ཁོང་གི་བསྟན་དགོན་ལ་གཟིགས་སྐྱོང་དགོས་ཚུལ་གྱིས་བཀའ་གནང་བསྩལ།  དགུང་གྲངས་བཅུ་བཞེས་སྐབས་སླར་ཡང་སྐྱབས་མགོན་མདོ་རིན་པོ་ཆེས་ཁོང་གི་བཞུགས་སྒར་དུ་གདན་དྲངས་ཏེ་ཞབས་སེན་གསེར་ཁྲིར་བཀོད་ཅིང་བསྟན་བདག་ཏུ་མངའ་གསོལ། ཀློག་སློབ་པའི་སློབ་དཔོན་ལས་ཡི་གེ་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་མཁྱེན། མདོ་རིན་པོ་ཆེ་ཁོང་གིས་བཀའ་གསུང་ལྟར་དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་གི་བཤད་གྲྭར་ཞུགས་ཏེ་འཇའ་ལུས་པ་མཁན་ཆེན་ཚེ་དབང་རིག་འཛིན་དང་མཁན་ཆེན་ཡེ་ཤེས་དར་རྒྱས་སོགས་ཀྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལའང་གསན་བསམ་མཛད། དགུང་གྲངས་བཅུ་བདུན་སྟེང་བླ་མ་རྣམས་ཀྱི་བཀའ་བཞིན་རྫོགས་ཆེན་ཤྲཱི་སེང་ངམ་དཔལ་སེང་གེ་རིའི་ཆོས་གྲྭར་ཕེབས། དེར་རྫོགས་ཆེན་པ་པདྨ་ཐེག་མཆོག་བློ་ལྡན་སོགས་དགེ་བའི་བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་དག་ལ་སྦྱངས་བརྩོན་ཆེས་ཆེར་མཛད།མཁས་བཙུན་བཟང་པོའི་ཡོན་ཏན་ལ་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བ་བྱུང་། དགུང་གྲངས་བཅུ་དགུའི་སྟེང་མཁན་ཆེན་འཆི་མེད་ཡེ་ཤེས་སོགས་མཁན་སློབ་གྲངས་ཚང་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཐུབ་བསྟན་ལེགས་བཤད་འབྱུང་གནས་ཞེས་མཚན་གསོལ། དགུང་གྲངས་ཉེར་གཅིག་སྟེ་ཕྱི་ལོ་༼༡༩༤༩༽ལོར་སླར་ཤར་རྨེ་ཡུལ་གཡང་གི་ར་བ་འདིར་ཕེབས་ནས་དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་གི་ཕུར་སྒྲུབ་ཆེན་མོའི་ཁྲི་བར་ལོ་དགུར་བཞུགས། ལོ་དེ་ཀའི་རིང་ལ་མཁན་ཆེན་ནོར་བུ་བསྟན་འཛིན་དང་མཁན་བསོད་ནམས་དབང་རྒྱལ་སོགས་ཀྱི་མདུན་ནས་གསར་རྙིང་རིས་མེད་ཀྱི་དབང་ཁྲིད་མན་ངག་དང་བཅས་པ་གསན་བསམ་དཔྱིས་ཕྱིན་པ་མཛད། དགུང་གྲངས་སུམ་ཅུ་སྟེ་ཕྱི་ལོ་༼༡༩༥༨ ༽ལོར་དམངས་གཙོ་བཅོས་བསྒྱུར་བྱ་སྐབས་སྔར་ཁོང་ལ་འཇིག་རྟེན་ཆེད་གཉེར་གྱི་གཡེང་བ་མེད་སྟབས་མཉམ་ལས་རུ་ཁག་ཏུ་ཞུགས་སུ་བཅུག སྐབས་དེར་ཁོང་རིན་པོ་ཆེས་སྤྱོད་ལམ་བཞི་ཤོང་གི་ཁང་ཆུང་ཞིག་ཏུ་ཞབས་རྐང་ཞ་བའི་ཟོལ་གྱིས་མཚམས་རྒྱ་དམ་བཅད་སྒོས་ལོ་བཅུར་བཞུགས། ཕྱི་ལོ་༼༡༩༦༨༽ལོར་རྙིང་བཞི་རྩད་བརླག་གི་འགུལ་སྐྱོད་རིག་གནས་གསར་བརྗེར་ཁེལ། སྐབས་ཐོག་དེའི་སྔོན་ཐོན་མི་སྣ་འགས་ཁོང་རིན་པོ་ཆེར་མ་ཉེས་ཁ་ཡོག་གི་སྐྱོན་ལྷིང་མངོན་འཛུགས་སྒོས། དབུ་ལ་རྡོག་བརྫིས་དང་སྐུ་ལ་བཀྱིག་རྡུང་རྡེག་བཙོགས་ཀྱི་མནར་གཅོད་བཟོད་ཐབས་བྲལ་བ་དག་བྱས་ཀྱང་དཔའ་བའི་སྙིང་སྟོབས་དང་མནར་གཅོད་ཀྱི་བསྲན་གཟུགས་གང་ལའང་སུས་ཀྱང་འགྲན་དུ་མེད་པའི་གྲགས་པ་རྒྱས། དེ་ནས་ལུགས་མེད་ཚེ་ཁྲིམས་ཀྱི་བཀའ་རྒྱས་བཅད་དེ་མོང་རྫོང་ཁྲིམས་ཁང་དུ་བྱོན་ནས་གསོལ་ཟས་དང་ན་བཟའ། ལས་ཚེགས་དང་མནར་གཅོད་ཀྱི་གོ་རིམ་སྣ་ཚོགས་པས་འོ་བརྒྱལ་ཆེན་པོ་གཏད། མཐར་ཕྱི་ལོ༼༡༩༧༩ ༽སྟེ་དགུང་གྲངས་ང་གཅིག་བཞེས་པ་ན་རྒྱལ་ཁབ་འདིའི་སྲིད་ཅུས་འགྱུར་ལྡོག་གིས་བཙོན་ཁང་ལས་ཕྱིར་གྲོལ་ཐོབ། སླར་རང་ཡུལ་དུ་ཕེབས་ཏེ་ཀ་ཨ་མོས་སྒོ་སྲུང་ཐང་དུ་སྤྱོད་ལམ་བཞི་ཤོང་གི་ཁང་པར་སྐུམཚམས་དམ་རྒྱས་ངང་ལོ་ངོ་གཉིས་ལ་བཞུགས། དེ་དུས་སྐལ་ལྡན་གྱི་སློབ་མ་དག་གིས་དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་གི་བསྟན་པའི་བདག་པོ་བྱེད་དགོས་ཞེས་ནན་སྐུལ་དང་། ཁོང་གིས་ཀྱང་དཔལ་འཇའ་ལུས་འཕོ་ཆེན་པ་མཁན་ཆེན་ཚེ་དབང་རིག་འཛིན་དང་གདོད་མའི་མགོན་པོ་རྗེ་བཙུན་ནོར་བུ་བསྟན་འཛིན་རྣམ་གཉིས་ཀྱིས་ལུང་བསྟན་དུས་སུ་བབས་པར་གཟིགས་ནས་སྔ་འགྱུར་གསང་བ་སྙིང་ཐིག་གི་བསྟན་པ་སླར་གསོ་དང་བསྟན་པའི་བདག་པོ་བྱེད་པར་ཞལ་གྱིས་བཞེས། ཕྱི་ལོ་༼༡༩༨༢ ༽ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་དགོན་ས་གསུམ་ལ་བརྟགས་པ་ཞུས་མཐར་ཨ་མོས་མཁའ་ཁུག་ཏུ་དགོན་པ་བསྐྱར་བཞེང་གི་ཕྱག་ཡིག་ཐམ་ཀ་དང་བཅས་པ་གནང་བར་བརྟེན།  ཕྱི་ལོ་༼༡༩༨༣ ༽བོད་རབ་རྒྱལ་ཆུ་མོ་ཕག་གི་ལོ་ནས་དབུ་བརྩམས་ཏེ་ཕྱི་ལོ་༼༢༠༡༤༽བོད་རབ་རྒྱན་ཤིང་ཕོ་རྟའི་ལོའི་བར་དུ་ཀ་ཨ་མོས་མཁའ་ཁུག་འདིར་ཁོང་རིན་པོ་ཆེས་ཐུགས་ཁུར་ཚད་མེད་སྒོས། དད་ལྡན་སེར་སྐྱ་ཕོ་མོས་གཤིན་གསོན་ཀུན་གྱི་ཆེད་དུ་འབྲེལ་བཞག་པའི་དངོས་རྫས་ཕྲ་རག་ཁབ་སྐུད་ཅིག་ཡན་ཆད་ཆུད་ཟོས་སུ་མ་བཏང་བར་དགོན་པ་བསྐྱར་བཞེང་གི་འགྲོ་གྲོན་ཁོང་གཅིག་པུས་བཏང་ཏེ། གྲྭ་སྟོང་ཕྲག་ལྷག་གི་དགེ་འདུན་གྱི་སྡེ་བཙུགས། གཙུག་ལག་ཁང་ཆེན་མོ་རྟེན་བརྟེན་པར་བཅས་པ་དང་། ཁྱད་པར་དུ་བསྟན་འགྲོའི་རྒུད་པ་སེལ་ཆེད་དུ་འཛམ་གླིང་ཞི་བདེའི་མཆོད་རྟེན་ནམ་འཆི་མེད་དོན་ཀུན་ཅིག་ཆར་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཆེན་མོའི་ཕྱི་ནང་གི་རྟེན་བརྟེན་པ་དང་བཅས་མི་ཕལ་བའི་བློར་མི་ཤོང་པ་འདི་གསར་བཞེངས་གནང་། ད་དུང་བཤད་གྲྭ་དང་ཡིག་གྲྭ། སྒྲུབ་གྲྭ་དོན་གཉིས་ལྷུན་གྲུབ་གླིང་དང་། ཇོ་དགོན་ཡིད་བཞིན་མཁའ་སྤྱོད་གླིང་སོགས་ཆོས་གཞི་ཐམས་ཅད་ཁོང་རིན་པོ་ཆེས་གསར་བཞེངས་གནང་བར་མ་ཟད་འདུས་པའི་སྡེ་ཡོངས་ལ། སྨིན་བྱེད་དབང་གི་ཆུ་བོའི་རྒྱུན་བསྐྱངས། གྲོལ་བྱེད་ཁྲིད་ཀྱི་གདམས་པའི་མཛོད་ཕྱེ། རྒྱབ་བརྟེན་གསེར་སྐུད་ལུང་གི་ཐགས་བསྟར་བ་སྟེ། ད་ལྟའི་བར་དུ་ཁོང་རིན་པོ་ཆེས་དགོན་པ་འདིའི་འདུས་པའི་སྡེ་ཡོངས།སྡོམ་གསུམ་རྣམ་པར་དག་པའི་གཞིར་བསྒྲུབས།  གསལ་བ་ཤེས་རབ་རྣོན་པོའི་མཐོངས་ཕྱེས། རྟོགས་པ་ཏིང་འཛིན་ཟབ་མོའི་ཁོག་ཕུབ་པ་སོགས་མདོར་ན་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་བླ་ན་མེད་པས་རྒྱུན་བསྐྱངས་ཏེ་སྔ་འགྱུར་གསང་བ་སྙིང་ཐིག་གི་རང་རྐང་རྣལ་མ། བླ་མ་རྣམ་གཉིས་ཀྱི་ཐུགས་དགོངས་བཞིན་བླ་ལྷག་ཏུ་བསྐྱངས་སོ། །དེ་ལས་གཞན་འདོན་འགྲིགས་ཆོ་གའི་སྐོར་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་བཞིན་བཅའ་འབུད་རྡུང་གསུམ་དང་། གར་དབྱངས་ཐིག་གསུམ་སོགས་རང་ལུགས་ཐུན་མོང་མ་ཡིན་པའི་རྐང་རྨད་དུ་བྱུང་བ་ཞིག་ཚུགས་པར་བྱས་སོ། །གཞན་ཡང་སྐུ་རྫུ་འཕྲུལ་གྱིས་རོལ་གར་སྣ་ཚོགས་བསྒྱུར་བ། གསུང་འགག་མེད་ཀྱིས་བདེན་ཚིག་ཀུན་ཏུ་འགྲུབ་པ། ཐུགས་ཟག་མེད་ཀྱིས་དུས་གསུམ་ས་ལེར་གཟིགས་པ་སོགས་ངོ་མཚར་རྨད་བྱུང་གི་འཕྲུལ་ཐབས་སྣ་ཚོགས་པས་དུས་སྙིགས་བསྟན་འགྲོའི་རྒུད་པ་ཅི་ཡང་གསོ་བར་རྒྱལ་བ་ཉིད་སླར་ཡང་བསྟན་འགྲོའི་མགོན་དུ་ཕེབས་པར་གོར་མ་ཆགས་པའོ། །མཐར་དགུང་གྲངས་གྱ་བདུན་པ་ཕྱི་ལོ་༼༢༠༡༤ ༽བོད་རབ་རྒྱན་ཤིང་རྟ་ལོར་སྐུ་དངོས་ཀྱི་གདུལ་བྱ་རེ་ཞིག་རྫོགས་ནས་ཁོང་གིས་དགོས་དབང་ཁྱད་པར་ཅན་གྱིས་གཟའ་སྐར་དང་འཕྲོད་སྦྱོར་སོགས་ལ་ཆེད་གཟིགས་མཛད་ཅིང་། རྒྱ་ནག་གྲོང་ཁྱེར་(三亚市)སན་ཡར་བྱོན་ཏེ་ཧོར་ཟླ་བཅུ་པའམ་སྨིན་དྲུག་ཟླ་བའི་ཚེས་བཅུ་གསུམ་གྱི་སྔ་དྲོར་མདུན་འཁོར་ཉེ་གནས་རྣམས་དང་ལྷན་དུ་ཡང་ཏིག་ཡིད་བཞིན་ནོར་བུའི་ཞལ་འདོན་ལྷན་གསུངས་དང་། དགོན་ལྷ་སྡེ་གཉིས་ལ་སིདྡྷིའི་རིམ་གྲོ་དགོས་ཚུལ་གྱིས་ཞལ་བཀོད་དང་བཅས་ཏེ། ཞལ་ཆེམས་སུའང་།  ༼ཁྱེད་ཅག་ཚང་མས་མི་ཞིག་ལ་རིགས་ནི་ཞིག་གྱིས།༽ཞེས་ལན་གཉིས་སུ་གསུངས་ཏེ་མཚན་དགོང་སྲོད་འཁོར་ཕག་གི་དུས་སུ་ཞབས་རྡོ་རྗེའི་དཀྱིལ་དྲུང་། ཕྱག་གཉིས་མཉམ་བཞག ཞལ་ལྷོ་ནུབ། སྤྱན་ནམ་མཁར་ཆོས་སྐུས་གཟིགས་སྟངས་དང་བཅས། ཐུགས་ཀ་དག་གདོད་མའི་གཞི་དབྱིངས་སུ་རེ་ཞིག་མནལ་བའི་ཚུལ་བསྟནད་ཏོ། །དེ་ཡང་སྐུ་མྱ་ངན་ལས་འདས་པ་དེ་ནས་བཟུང་ཟླ་གཉིས་ཀྱི་ཡུན་ལ་སྔོན་མཐོང་མ་མྱོང་བའི་ཁ་དོག་སྣ་ཚོགས་པའི་འཇའ་སྤྲིན་རྣམ་པ་གྱེན་འགྲེངས་དང་རྩིབས་ཤར། ཐེམ་སྐས་ཀྱི་རྣམ་ཅན། སྤྱན་དང་མདའ་གཞུའི་དབྱིབས་ལྡན། ནམ་མཁའ་གཡའ་ཤིན་ཏུ་དག་པ་བཻཌཱུརྱའི་མདངས་འཛིན་དང་།༼དགུན་དཀྱིལ་དུ་༽ས་གཞིར་དྲོད་ཁོལ་རྒྱས་པ། དཀར་སེར་དམར་ལྗང་མཐིང་ག་སྣ་ཚོགས་པའི་ཆུ་སྐྱེས་ཀྱི་རིགས་ཕྱོགས་ཀུན་ཏུ་བཞད་པ། གཞན་ཡང་སྐུ་གདུང་ཆུང་ངུར་སོང་བ། ཞུགས་ལ་སྦྱངས་པ་ལས་གདུང་ཆེན་རིགས་ལྔ་དང་།  རིང་བསྲེལ་རིགས་ལྔ་བབས་པ་སོགས་རྒྱུད་སྡེ་དང་ཁྲིད་ཡིག་རྣམས་སུ་གསུངས་པ་ལྟར་ངོ་མཚར་ཞིང་དད་དང་དུང་བ་ཤུགས་ཀྱིས་འདྲེན་པའི་རྟགས་དང་མཚན་མ་ཐམས་ཅད་ཀུན་གྱི་མཐུན་སྣང་དུ་མངོན་པར་བྱས་སོ། །

ཕྱི་ལོ་(༢༠༡༥)ཟླ་(༡༢)ཚེས་ལ་(༢༨)ལ་སྐྱེ་དང་ཚེ་རབས་ཀུན་ཏུ་སྐྱབས་གཅིག་འཁོར་ལོའི་མགོན་པོའི་ཞབས་རྡུལ་སྤྱི་བོར་ལེན་པའི་རེ་སྨོན་ཅན་རྨོངས་བརྟུལ་ཚེ་རིང་ཆོས་འགྲུབ་བམ་དཀོན་མཆོག་མཁས་གྲུབ་མཐར་སོན་དུ་འབོད་པས་བྲིས་པ་དགེ། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།