ལྷ་རྗེ་འབུམ་རམས་པ་བསྟན་འཛིན་དོན་གྲུབ་མཆོག་གི་མཛད་རྣམ་མདོར་བསྡུས།

WechatIMG779.jpeg


ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་དཔལ་ལྡན་བླ་མ་དམ་པ་༧ལྷ་རྗེ་བསྟན་འཛིན་དོན་གྲུབ་བམ་རྒན་བསྟན་ཁོ་མཆོག་ནི་མདོ་སྔགས་རིག་གནས་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་ཐུགས་འདྲིས་ཆེན་པོ་དང་ལྡན་ལ་ཆོས་འདུལ་བའི་ཀུན་སྤྱོད་མིག་འབྲས་ལྟར་སྲུང་བའི་སྙིགས་དུས་ཀྱི་ཉན་ཐོས་འདུལ་བ་འཛིན་པ་ཞིག་ཡིན་ལ། ལྷག་པར་གཞན་ཕན་རྗེས་འཛིན་གྱི་ཚེ་ཡི་རིག་བྱེད་གསོ་དཔྱད་སྨན་གྱི་གཞུང་ལུགས་ལ་ཆེད་དུ་མཁས་ཤིང་སྐྱེས་ཆེན་དུ་མའི་འཚོ་བྱེད་གཞོན་ནུ་གཉིས་པ་ཞེས་བསྔགས་བརྗོད་ཀྱི་རོལ་མོ་བར་མེད་དུ་འཁྲོལ་བའི་གཞན་དོན་ཁུར་ཆེར་ཀྱི་སེམས་དཔའ་ཆེན་མོ་ཞིག་ཀྱང་ཡིན་ཁོང་གི་མཛད་རིམ་མདོར་བསྡུས་ཏེ་བརྗོད་པ་ལ་བཞི།

དང་བོ།།དམ་པ་ཁོང་གི་འཁྲུངས་ཡུལ་ངོ་སྤྲོད་བསྡུས་པ།

དམ་པ་ཁོང་འཁྲུངས་གཞིས་ནི་མཛོད་དགེ་བཞག་སྡོམ་ཞེས་པ་དེ་ཡིན་ལ། སྤྱིར་བོད་ཆོལ་ཁ་གསུམ་ལས་མདོ་སྨད་ལྷོ་རྒྱུད་དུ་གཏོགས་ལ་སའི་དགེ་བཅུ་ཚང་ཞིང་ཚད་ལྡན་གྱི་བླ་མ་དགེ་བའི་བཤེས་གཉེན་དུ་མ་སྐུ་བལྟམས་ཞིང་ལྷག་པར་རྗེ་གུང་ཐང་བསྟན་པའི་དབང་ཕྱུག་དཔལ་བཟང་བོ་ཚང་སོགས་བླ་སྤྲུལ་བཅུ་ཕྲག་གསུམ་ལྷག་གི་འཁྲུངས་གཞིས་ཀྱང་ཡིན་། དེང་དུས་ཀྱི་དབང་དུ་བཏང་ན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་བཞག་སྡོམ་གྲོང་རྡལ་བྱ་བ་དེ་ཡིན། རབ་རྒྱལ་ཆུ་བྱ་སྟེ་ཕྱི་ལོ་༡༩༣༣ ལོར་བཞག་སྡོམ་མཐའ་བའི་ཁྲི་བསམ་ཚང་ཞེས་པའི་ཡུལ་ཕྱོགས་འདིའི་གཡང་གི་ལྟེ་བ་གྱུར་པའི་ཁྱིམ་རྒྱུད་ལས་ཡབ་བསོད་ནམས་རྡོ་རྗེ་དང་། ཡུམ་དད་པ་དང་བསོད་ནམས་ཅན་རྟ་མགྲིན་འཚོ་ཅེས་པ་ལ་ངོ་མཚར་བའི་རྟགས་མཚན་བཟང་བོ་དང་བཅས་སྐུ་འཁྲུངས།

གཉིས་པ། དམ་པ་ཁོང་གིས་བླ་མ་བསྟེན་པ་ནས་ཐོས་བསམ་ཇི་ལྟར་མཛད་པའི་ཚུལ།

དགུང་གྲངས་བདུན་གྱི་སྟེང་ནས་ཡུལ་དེའི་དགོན་པ་དགའ་ལྡན་བཤད་སྒྲུབ་ནོར་བུའི་གླིང་དུ་ཚོགས་ཞུགས་གནང་མཁན་པོ་ཡོན་ཏན་རྒྱ་མཚོ་ཚང་ཐོག་མའི་ཀློག་སློབ་པའི་བླ་མར་བསྟེན་ནས་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ་སོགས་དགོན་དེའི་ཆོ་ག་ཆོས་སྤྱོད་ཡོངས་རྫོགས་ཐུགས་འཛིན་གནང་ཞིང་། ལམ་རིམ་དམར་ཁྲིད་སོགས་ཚོགས་རྒྱུགས་སུ་ཕུལ་བས་སྡེ་དེའི་གྲྭ་རྒན་གཞོན་ཀུན་གྱི་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁ་གྱ་ཨ་ཁུ་རིན་པོ་ཆེ་༧མཛོད་དགེ་བསྟན་པ་ཚང་ངམ་རྗེ་བློ་བཟང་དཔལ་ལྡན་ཚང་བསམ་སྦྱོར་གཉིས་ཀྱིས་ཞབས་རྡུལ་སྤྱི་བོར་མཆོད་ནས་གསོ་རིག་སྨན་གྱི་འཇུག་སྒོ་སྡོང་འགྲེམ་དང་རྡེའུ་འགྲེམ། རྒྱུད་བཞི་སོགས་དང་། དེའི་ཞར་ལ་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག་རྩིས་དཀར་ནག་སོགས་ཀྱི་ཁྲིད་དང་དབང་ལུང་བཀའ་ཆོས་སོགས་ཀྱིས་ཐུགས་རྒྱུད་སྨིན་པར་བྱས། དགོང་ལོ་ཉེར་གཉིས་སྟེང་ཁོང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་མཚན་ལ་བློ་བཟང་ཆོས་འབྱོར་ཞེས་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་རྨད་བྱུང་ཐོས་བསམ་གླིང་གི་ཆོས་སྒོར་ཞུགས་ནས་དགེ་བའི་བཤེས་གཉེན་ཆེན་མོ་༧ཨ་ཁུ་ཆོས་འབྱོར་ཚང་བླ་མར་བསྟེན་ནས་བསེ་བསྡུས་གྲྭ་དང་ཚད་མ་རྣམ་འགྲེལ་སོགས་ལ་སློབ་གཉེར་གནང་ཞིང་གཞུང་པོཏ་དུ་ལྔའི་རྩ་བའི་ལུང་ཡང་ཞུས། བདེ་ཐང་མཁན་ཆེན་བློ་བཟང་ཆོས་ཀྱི་ཉི་མ་གཞན་ཕན་འཕྲིན་ལས་རྒྱ་མཚོ་དང་རྒྱལ་ཞབས་དྲུང་རྣམ་པ་གཉིས་ལས་དབང་ལུང་མན་ངག་དུ་མའི་རྒྱུན་གསན། རིག་གསར་སྐབས་སུ་སྦས་པའི་བརྟུལ་ཞུགས་ཀྱིས་ཨ་ཁུ་ཁྱ་དགེ་ཚང་གི་མདུན་ནས་བླ་མ་ལྔ་བཅུ་བ་དང་། སྤྱོད་འཇུག་གི་ཁྲིད། རྔ་བ་ཆོས་རྒྱམ་ཚང་གི་མདུན་ནས་རྒྱུད་ཆུང་གསུམ་གྱི་ལུང་དང་། མན་ངག་ལྷན་ཐབས་སུ་བཞུགས་པའི་ཚ་གྲང་གལ་མདོ་དང་རི་ཐང་མཚམས་ལེའུ་གཉིས་ཀྱི་ཁྲིད། ཁོང་ལ་ཆིག་བརྒྱུད་དུ་བཞུགས་པའི་ཆུ་སྨན་གྱི་སྦྱོར་སྡེའི་ཁྲིད་སོགས་དང་། ལྔ་རིག་སྨྲ་བའི་དབང་བོ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་ཚང་གི་མདུན་ནས་སུམ་རྟགས་ལ་དོན་གྱི་སྐོར་དང་། དབྱངས་ཅན་སྒྲ་ཊཱིཀ་སོགས་ཀྱི་ཁྲིད་གསན། ཕྱི་ལོ་༡༩༧༨ ལོར་ལྷ་ལྡན་སྨན་རྩིས་ཁང་དུ་ཕེབས་ནས་ལྕགས་པོ་རིའི་རྒན་ཐུབ་བསྟན་ཚེ་རིང་མཆོག་དང་། ལྷག་པར་དུ་བླ་སྨན་མཁྱེན་རབ་ནོར་བུའི་དངོས་སློབ་ལྷ་རྗེ་ཀུན་དགའ་ཕུན་ཚོགས་རྣམ་གཉིས་གཙོ་བོར་མཛད་པའི་མཁས་དབང་དུ་མ་གཙུག་ཏུ་བཀུར་ནས་ཤིན་ཏུ་དཀོན་ཞིང་གལ་ཆེ་བའི་ལུང་དང་ཁྲིད་རྒྱུན་མང་བོ་ཞུས་ཤིང་། ཁྱད་པར་དུ་རིན་ཆེན་བཙོ་བཀྲུ་ཆེན་མོའི་ཕྱག་བཞེས་མཐོང་བརྒྱུད་གཙང་མ་ཐུགས་སུ་མནོས། རྒན་སོག་པོ་སེང་གེ་ཚང་བློ་བཟང་ཤེས་རབ་ཞུ་བ་ལས་རྟ་མགྲིན་ཆོས་སྐོར་དང་གཡུ་ཐོག་བེའུ་བུམ། མན་ངག་བཀའ་རྒྱ་མ། མན་ངག་ལྷན་ཐབས་ཆེན་མོ། །གཡུ་ཐོག་སྙིང་ཐིག་སོགས་ཀྱི་ལུང་ཞུས། གཞན་དབང་ལུང་མན་ངག་གི་རྒྱུན་དུ་མ་ཁྱབ་བདག་བླ་མ་རྡོ་རྗེ་འཆང་༧ ལཱ་མོ་ཡོངས་འཛིན་མཁས་གྲུབ་རྒྱ་མཚོ་ཚང་སོགས་བཤེས་གཉེན་མང་བོ་ལས་གསན་ཡོད་པས་རྒྱས་པ་རྣམ་ཐར་དང་གསན་ཡིག་གཞན་ལས་ཤེས་པར་གྱིས།

  གསུམ་པ། སྨན་དཔྱད་ཀྱི་ལས་དོན་ལ་ཞུགས་ནས་གསོ་རིག་གི་བསྟན་པ་སྤེལ་ཚུལ།

སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དག་པས་མཚམས་སྦྱར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པའི་བརྟུལ་ཞུགས་བཟུང་ནས་སེམས་ཅན་ནད་མང་བོའི་དོན་མཛད་པ་ལ། ཁོང་རིན་པོ་ཆེ་ཕྱི་ལོ་༡༩༥༩ལོའི་དགུན་ཁར་བཞག་སྡོམ་རུ་ཆེན་དང་བོའི་ཕྱུགས་བཅོས་སྨན་པར་གདམས་པ་ནས་བཟུང་ཁོང་གིས་བོད་ཀྱི་གསོ་རིག་བསྟན་པ་ལ་མཛད་རྗེས་བཞག་པའི་དབུ་བརྩམས་པ་ཡིན་ལ། དེའི་དུས་སུ་བོད་ཀྱི་སློབ་གསོ་བ་ཆེན་མོ་ཨ་ཁུ་ཉི་མ་ཚང་ཡང་བཞུགས་པས་རྣམ་པ་གཉིས་ཀྱིས་ལྷན་ཏུ་ཕྱག་ལས་གནང་ཞོར་ཁོང་ཨ་ཁུ་ཉི་མ་ཚང་ལ་སྨན་དངོས་འཛིན་དང་སྡེབ་སྦྱོར་དང་ཁཎྜ་བཟོ་ཚུལ་སོགས་ཕྱག་ལེན་ཟུར་དུ་ཁྲིད་ཅིང་། ཕྱི་ལོ་༡༩༦༠ལོར་བླ་མ་རིན་པོ་ཆེ་བཞག་སྡོམ་ཡུལ་ཚོའི་སྨན་པར་གདམས་པས་ཁོང་ཨ་ཁུ་ཉི་མ་ཚང་གིས་བླ་མ་རིན་པོ་ཆེ་ལ་ཁྱེད་ཚང་ཕེབས་སོང་ན་ང་ཚོས་ཤུལ་དུ་ཅུང་དཀའ་ཁག་འདུག་པས་ཁོ་ལ་རྒྱུད་ཆུང་གསུམ་གྱི་ལུང་རྒྱུན་གནང་དགོས་ཞེས་ཞུ་བ་བྱས།སྐབས་དེར་སྲིད་ཇུས་བཙན་པས་གཞན་གྱིས་མི་ཤེས་པའི་ཕྱིར་དུ་ས་གནས་ཀྱི་ཧེ་རིགས་ཀྲང་ཅན་མེན་ཞེས་པའི་ཁྱིམ་དུ་རྒྱུད་ཆུང་གསུམ་གྱི་ལུང་རྒྱུན་གནང་།དེ་ནས་ཁོང་གིས་ཁང་སར་དགོན་པའི་རྗེ་ལྷ་ཁང་ནང་དུ་ཐོག་མར་འགྲོ་བ་མིའི་རིགས་ལ་འབྱུང་བཞི་ནད་ཀྱིས་འཁྲིགས་པ་གསོ་བྱེད་བདུད་རྩི་ལྟ་བུའི་སྨན་ཁྱད་པར་བ་དུ་མ་སྡེབ་སྦྱོར་གནང་སྟེ་བཞག་སྡོམ་པའི་མི་མངས་གཙོར་བྱས་ཏེ་ཞིང་ཆེན་ཕྱི་ནང་ནས་ཐོན་པའི་སེམས་ཅན་ནད་པ་རྣམས་ལ་སྨན་སྦྱིན་གནང་། ཕྱི་ལོ་༡༩༦༢ལོར་བཞག་སྡོམ་ཡུལ་ཚོའི་བཀའ་བཀོད་ལྟར་ལྷ་མོ་ཀིརྟིའི་ནང་བ་རུ་སྨན་ཁང་སྤར་ནས་ལོ་གཅིག་དང་ཕྱེད་ཀྱི་རིང་སྨན་སྦྱིན་གནང་། སྐབས་དེར་བླ་མ་རིན་པོ་ཆེས་ལོ་རེར་ནད་པ་བདུན་སྟོང་ལྷག་ལ་གཟིགས་རྟོག་དང་སྨན་སྦྱིན་མཛད། ཕྱི་ལོ་༡༩༦༣ལོའི་དཔྱིད་ཀར་བཞག་སྡོམ་ལ་ཕྱིར་ཕེབས་ནས་རྒྱའི་སྨན་ཁང་གི་ཡར་འགྲམ་ན་བོད་སྨན་ཁང་ལ་ས་བྱིན་ཡོད་པས་དེར་བོད་སྨན་ཁང་གསར་འཛུགས་གནང་། ཕྱི་ལོ༡༩༧༢ལོར་མཛོད་དགེ་རྫོང་གི་མི་མངས་དང་རྔ་བ་ཁུལ། སི་ཁྲོན་ཞིང་ཆེན་སོགས་ཀྱི་ནད་པ་རྣམས་ལ་ཁོང་གི་སྨན་གྱིས་ཕན་ཆེན་ཐོགས་ཆེན་པོ་བྱུང་ཡོད་པས་བོད་སྨན་ནི་ཆེས་ངོ་མཚར་ཅན་ཞིག་རེད་ཅེས་བཟང་བསྟོད་ཀྱིས་རྒྱལ་ཡོངས་ལ་ཁྱབ། ཕྱི་ལོ་༡༩༧༣ལོར་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་སྨན་བཅོས་ཀྱི་ཚོགས་འདུ་ལ་ཕེབས་ཏེ་བོད་སྨན་དང་བོད་སྨན་པ་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་གང་ལེགས་དགོས་པར་གསུང་བཤད་གནང་བས་དཔོན་པོ་རྣམས་ཀྱིས་མཐོང་ཆེན་བྱས། ཕྱི་ལོ་༡༩༧༤ ལོའི་དབྱར་ཐོག་མཛོད་དགེ་རྫོང་ཡོངས་ཀྱིས་བོད་སྨན་ངོས་འཛིན་གཅིག་གྱུར་གྱི་ཆེད་དུ་ཟླ་གཉིས་རིང་ལ་མཛོད་དགེ་སྟོད་མའི་སྨན་པ་ངག་སྟོབས་དང་། ཐང་སྐོར་བློ་རྒྱལ་བཞག་སྡོམ་ཨ་བཀྲ་སོགས་དང་མཉམ་དུ་ལྷ་ཁང་ལྷ་མོའི་ཁོག་དང་། འབྲོང་ཁོག ཀླུ་ཆུའི་ཆབ་བྲག རྐྱང་ཚའི་ཆབ་ཚན། འབྲེང་བའི་བྲག་དཀར་དང་བྲག་རྫོང་། ཚོང་རུའི་ཟི་ནའི་གནས། གཟའ་རུའི་བྲག་བྱ་རྒོད།བཞག་སྡོམ་དཀར་བོ་རིའི་སྨན་རྫ། དེ་ནས་གླིང་དཀར་ཐང་ལ་སོགས་པ་བརྒྱུད་ནས་ས་ཆུ་ཤིང་རྡོ་མེ་ཏོག་སོགས་སྔོ་སྨན་རྣམས་བྱང་ཟུར་མཁས་པའི་ལུགས་ངོས་འཛིན་མི་འདྲ་བ་རྣམས་མ་ནོར་བར་འཁྲུངས་དཔེ་དང་གཏུགས་ནས་ངོས་འཛིན་གསལ་བོར་གནང་། ལོ་དེའི་སྟོན་ཀ་ཞིང་ཆེན་གྱི་འཕྲོད་བསྟེན་མི་སྣ་གཙོ་བོ་དག་དང་དཀར་མཛེས་ཁུལ་དང་རྔ་བ་ཁུལ་གཉིས་ཀྱི་འཕྲོད་བསྟེན་ཅུས་དང་བོད་སྨན་པ་གཙོ་གྲས་རྣམས་ལ་བོད་སྨན་གྱི་སྨན་རྫས་རང་ཡུལ་བཞག་སྡོམ་བོད་སྨན་ཁང་དུ་བཤམས་སྟོན་བྱས། དེ་ལ་ས་ཁུལ་རང་གི་སྨན་སྣ་ཉིས་བརྒྱ་བཅུ་གཅིག་དང་། འབྲུ་སྨན་ཉོས་པའི་རིགས་ལ་སྨན་སྣ་བརྒྱ་དང་བརྒྱད་ཅུ་རྩ་གསུམ། སྨན་སྣ་གསར་དུ་སྡེབ་སྦྱོར་གནང་ཡོད་པའི་རིགས་ལ་ཐང་ཕྱེ་མ། རིལ་བུ། སྨན་མར། ལྡེ་གུ་སོགས་ལ་སྨན་སྣ་བདུན་ཅུ་དོན་བདུན་ལྷག་ཡོད་པར་བཤད། དེ་ལ་གཟིགས་རྟོགས་གནང་བའི་མཁས་པ་དང་དཔོན་པོ་རྣམས་ཀྱིས་བསྔགས་བརྗོད་བླ་མེད་གནང་། ཁོང་ཉིད་དང་སྨན་ཁང་རྔ་བ་ཁུལ་གྱི་སྔོན་ཐོན་མི་སྣའི་གྲས་སུ་བཞག དེ་ནི་སི་ཁྲོན་ཞིང་ཆེན་དང་རྔ་བ་ཁུལ་ལ་མཚོན་ན་བོད་སྨན་བཤམས་སྟོན་བྱས་པ་ཐེངས་དང་བོ་དེ་ཡིན། ཕྱི་ལོ་༡༩༧༤ལོར་པེ་ཅིན་དུ་རྒྱལ་ཡོངས་འཕྲོད་བསྟེན་ལས་ཀའི་གྲོས་ཚོགས་ལ་ཕེབས་སྐབས་ཀྲུང་དབྱང་འཕྲོད་བསྟེན་པུའུ་ལ་བོད་ཀྱི་གསོ་བ་རིག་པའི་དགེ་མཚན་དང་། དེང་དུས་བོད་སྨན་ཉམས་རྒུད་དུ་འགྲོ་བའི་གནས་ཚུལ། བོད་ཁུལ་ས་ཆ་སོ་སོ་ནས་བོད་སྨན་སླར་གསོ་ཆོག་པའི་རེ་འདུན་ནན་ཞུ་གནང་བས། ཕྱི་ལོ་༡༩༧༥ ལོ་ནས་ཁོང་གི་ཐབས་མཁས་ཐུགས་རྗེའི་བཀའ་དྲིན་གྱིས་རྔ་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་འཛིན་གྲྭ་གསར་དུ་འཛུགས་ཐུབ་པ་བྱུང་། སློབ་གྲྭ་འདིས་ད་བར་དུ་བོད་སྨན་འཛིན་གྲྭ་བཅུ་གསུམ་ལྷག་བསྐྱངས་པས་རྔ་ཁུལ་བོད་སྨན་གྱི་བསྟན་པ་ཕྱོགས་ཀུན་ནས་འཕེལ་རྒྱས་སུ་སོང་བར་མ་ཟད་ཞིང་ཆེན་གཞན་གྱི་སློབ་མ་མང་བོའང་སྐབས་དེར་ཁོང་གི་མདུན་དུ་བཅར་ནས་གསོ་རིག་གི་གཞུང་ལ་སློབ་གཉེར་གནང་བས་ཁོང་གི་མཚན་སྙན་གྱི་བ་དན་དགུང་དུ་འཕྱོ་བར་མཛད། ཕྱི་ལོ་༡༩༨༢ ལོའི་སྟོན་ཁར་འགྲོ་བའི་མགོན་པོ་པཎ་ཆེན་བཅུ་བ་ཆེན་མོ་མཆོག་ཀན་སུའུ་ཞིང་ཆེན་ནས་ཟི་ཁྲོན་ཞིང་ཆེན་དུ་ཕེབས་བཞུགས་གནང་སྐབས་ཁོང་གི་སྐུ་རྗེས་སུ་ཆས་ཏེ་བླ་སྨན་གྱི་མཛད་པ་བསྐྱངས། རྐྱང་ཚའི་ཆུ་ཁོལ་དུ་ཀུན་གཟིགས་མཆོག་གི་མ་ཡུམ་ཚང་གི་ཕྱག་ལ་སྐྱོན་བྱུང་བ་མྱུར་སྐྱོབ་མཛད་པས་ཐུགས་དགྱེས་པ་བྱུང་། དེ་ལྟར་ཟླ་གཅིག་གི་རིང་དུ་རྔ་བ་ཁུལ་གྱི་མངའ་ཁོངས་སུ་གར་ཕེབས་ལ་སྐུ་རྗེས་སུ་བླ་སྨན་པ་མཛད་པ་དང་གྲོང་ཁྱེར་སྤོས་ངད་ལྡང་ནས་༧ པཎ་ཆེན་རིན་པོ་ཆེ་མཆོག་གིས་གཏང་རག་ལ་རྟེན་སྐལ་རྩ་ཆེན་དུ་མ་གནང་བ་རྣམས་ཕྱག་གཉིས་ཀྱིས་སྤྱི་བོར་བླངས་ནས་ཕྱིར་ཕེབས་གནང་།ཕྱི་ལོ་༡༩༨༣ ལོ་བླ་མ་རིན་པོ་ཆེས་གྲངས་ཉུང་མི་རིགས་ས་ཁུལ་དུ་ཚན་རྩལ་གྱི་ལས་དོན་ཡུན་རིང་བསྒྲུབས་པས། ཀྲུང་དབྱང་མི་དོན་པུའུ་སོགས་ཀྱིས་གཟེངས་བསྟོད་མཚན་སྙན་གྱི་དཔང་ཡིག་གནང་། ཕྱི་ལོ་༡༩༨༤ལོར་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་ཐིན་ནས་བླ་མ་རིན་པོ་ཆེ་ལ་གྲོང་སྡེ་འཕྲོད་བསྟེན་ལས་དོན་སྔོན་ཐོན་པ་ཞེས་གཟི་བརྗིད་ལྡན་པའི་མཚན་སྙན་གསོལ། ཕྱི་ལོ་༡༩༨༥ལོར་རྒྱལ་ཡོངས་ཀྲུང་སྨན་སློབ་ཚོགས་ཐེངས་གཉིས་པའི་ཚོགས་འདུ་ཆེན་མོ་ལ་རྒྱལ་ས་པེ་ཅིན་དུ་ཕེབས་ནས་དེའི་སྟེང་དུ་བོད་སྨན་ཕྱོགས་ལ་རྒྱབ་སྐྱོར་གང་ལེགས་དགོས་པའི་སྙན་ཞུ་ཕུལ་བས་འབྲས་བུ་མི་དམན་པ་ཐོབ། ལོ་དེའི་ཟླ་དགུ་བའི་ནང་རྒྱལ་ཡོངས་བོད་ལུགས་སྨན་ཁང་གི་ལས་དོན་ཚོགས་འདུ་ཆེན་མོ་ལ་སི་ཁྲོན་ཞིང་ཆེན་སྐུ་ཚབ་ཏུ་བོད་ལྗོངས་ལྷ་སའི་སྨན་རྩིས་ཁང་དུ་ཕེབས། ལོ་དེར་ཟི་ཁྲོན་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་བླ་མ་རིན་པོ་ཆེ་ལ་གྲུབ་འབྲས་ཕུལ་བྱུང་ཅན་གྱི་གཟེངས་རྟགས་གནང་བ་དང་རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་ཁོང་རིན་པོ་ཆེ་ལ་བྱས་རྗེས་འབུར་དུ་ཐོན་པས་མཛད་རྗེས་ཆེ་བའི་ཚན་རྩལ་བ་ཞེས་པའི་མཚན་སྙན་གནང་། ད་དུང་ལོ་དེར་ཀན་ལྷོ་ཁུལ་བོད་སྨན་ཁང་བོད་སྨན་ཞིབ་འཇུག་སོའུ་འགོ་ཁྲིད་རྣམས་ཀྱི་གདན་ཞུས་ལྟར་ཀན་ལྷོ་བོད་སྨན་ཁང་དུ་ཟླ་གཅིག་ལྷག་ལ་ཟབ་སྦྱོང་འཛིན་གྲྭ་ཚུགས་ཏེ་བོད་ཀྱི་གསོ་རིག་གི་འཆད་ཁྲིད་གནང་སྟེ་གསོ་རིག་ལ་དོན་གཉེར་ཡོད་པའི་སྐལ་ལྡན་གྱི་གདུལ་བྱ་མང་བོ་བསྐྱངས། ཕྱི་ལོ་༡༩༨༦ལོའི་དབྱར་ཀར་ཁོང་རིན་པོ་ཆེས་གཙོ་འགན་བཞེས་ཏེ་སྔོན་ཆད་ཕྱོགས་འདིར་འཚོ་བྱེད་རྣམས་ལ་ལག་ལེན་གྱི་བརྒྱུད་པ་དབེན་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་།ཁམས་བརྒྱད་དང་ལྕགས་བརྒྱད་ཀྱི་ཐལ་བཟོ་ཆེན་མོའི་ཕྱག་ལེན་དངོས་སུ་བསྟར་ཏེ། རིན་ཆེན་བསམ་འཕེལ་དང་རིན་ཆེན་མང་སྦྱོར། རིན་ཆེན་བཙོ་ཟླ་སོགས་ཐེངས་དང་བོ་གསར་བཟོ་མཛད། རྗེས་སུ་རིན་ཆེན་བཙོ་ཐལ་གསར་བཟོ་བྱས་ཟིན་པ་དེ་ཉིད་བོད་ལྗོངས་སྨན་རྩིས་ཁང་གི་བཙོ་ཐལ་དང་བསྡུར་ཚེ་སྤུས་ཚད་གཅིག་མཚུངས་སུ་གྱུར་པས་སྨན་རྩིས་ཁང་གིས་ཚད་ལྡན་ཡིན་པའི་ཞལ་བཞེས་ཡི་རང་དང་བསྔགས་བརྗོད་ཆེན་པོ་མཛད། ད་དུང་རྔ་བ་ཁུལ་གྱི་སྨན་རྫས་ལྟ་ཞིབ་སོའུ་ཡིས་བཙོ་ཐལ་ཆེན་མོ་ལ་ཞིབ་བཤེར་བརྟག་དཔྱད་བྱས་ཏེ་ཚད་ལྡན་གྱི་ལག་ཁྱེར་སྟེར་བ་མ་ཟད་ཕྱིན་ཆད་བཙོ་ཐལ་གྱི་ཚད་གཞིར་ཡང་གཏན་ཁེལ་བྱས། དེ་ལྟར་བཙོ་ཐལ་ཆེན་མོ་དང་རིན་ཆེན་སྦྱོར་བ་རྣམས་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་བར་མ་ཟད་དོན་གཉེར་ཅན་གྱི་སློབ་མའང་གསོ་སྐྱོང་གནང་། ཕྱི་ལོ་༡༩༨༧ལོར་ཀུན་མཁྱེན་བླ་མ་ཧ་ས་བཛྲ་སྐྱེས་འཕྲེང་དྲུག་པ་ཆེན་པོ་༧རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་གིས་བཀས་གནང་བ་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསོ་རིག་གཞན་ཕན་གླིང་གི་གྲྭ་ཚང་གིས་ཞུས་ཏེ་གྲྭ་ཚང་ལ་སྨན་གྱི་རྒྱུད་བཞི་ལས་རྩ་བ་ཐུགས་རྒྱུད་ཀྱི་ཁྲིད་གནང་། ལོ་འདིར་ཡང་ཀན་ལྷོ་བོད་སྨན་ཁང་གི་གདན་ཞུས་ལྟར་ཀན་ལྷོ་བོད་སྨན་ཁང་དུ་མཐོར་འདེགས་འཛིན་གྲྭ་ཐེངས་གསུམ་པ་བསྡུས་ཏེ་ཟླ་གཅིག་གི་རིང་མན་ངག་ལྷན་ཐབས་ཀྱི་ཁྲིད་གནང་། ཕྱི་ལོ་༡༩༨༩ ལོར་རྔ་བ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་ཁོང་རིན་པོ་ཆེ་ལ་རྔ་བ་ཁུལ་དར་མ་ཕུལ་བྱུང་ཅན་གྱི་མཚན་སྙན་གསོལ། ཕྱི་ལོ་༡༩༩༠ལོར་ཁོང་རིན་པོ་ཆེ་སི་ཁྲོན་ཞིང་ཆེན་ཐེངས་གཉིས་པའི་མི་རིགས་མཐུན་སྒྲིལ་གོང་འཕེལ་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་དུ་མི་དམངས་སྲིད་གཞུང་གིས་སྔོན་ཐོན་ཅན་གྱི་མཚན་སྙན་གསོལ། ཕྱི་ལོ་༡༩༩༡ལོར་ཁོང་རིན་པོ་ཆེ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་འཕྲོད་བསྟེན་དང་སྨན་བཅོས་ལས་དོན་ཐད་ལ་མཛད་རྗེས་ཆེན་པོ་གནང་བས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམིགས་གསལ་གྱིས་ཕོགས་སྣོན་བྱས་ཤིང་གཟེངས་བསྟོད་དཔང་ཡིག་གནང་། རྔ་བ་ཁུལ་བོད་སྨན་ཁང་འཛུགས་རྒྱུའི་སྐོར་ལའང་བླ་མ་རིན་པོ་ཆེ་ཁོང་དང་མཁས་པའི་དབང་བོ་རྗེ་དམུ་དགེ་ཚང་སོགས་ལྷག་བསམ་ཅན་འགས་མཉམ་དུ་སྐུ་ངལ་ལ་མ་འཛེམ་པར་ཁུལ་སྲིད་གཞུང་དང་གོང་རིམ་ལ་ས་གནས་མང་ཚོགས་ཀྱི་རེ་འདོད་དང་དགོས་མཁོ་ལྟར་སྙན་ཞུ་ཡང་ཡང་ཕུལ་ཚེ་སྐབས་དེའི་ཁུལ་དཔོན་ཚེ་དཔག་སྐྱབས་ཀྱིས་ཁོང་རིན་པོ་ཆེ་ལ་ཁྱེད་ཚང་འདིར་ཕེབས་ཏེ་སྨན་ཁང་གི་འགོ་ཁྲིད་གནང་ན་ཆོག་མཆན་གནང་ཞེས་བརྗོད་པས་ཁོང་རིན་པོ་ཆེ་གནས་དེར་ཕེབས་འདོད་ཆེར་མེད་ཀྱང་དགོས་དབང་གིས་དང་ལེན་གནང་སྟེ་ཁུལ་བོད་སྨན་ཁང་གི་འཛུགས་སའི་གནས་འདེམས་རྒྱུ་དང་འཛུགས་སྐྲུན་འཆར་བཀོད་སོགས་ལ་སྐུ་ཚེགས་མང་བོར་བརྒྱུད་མཐར། ཕྱི་ལོ་༡༩༩༢ལོར་ཁུལ་བོད་སྨན་ཁང་དངོས་སུ་བཙུགས་ཤིང་ཁོང་རིན་པོ་ཆེས་ཡོན་ཀྲང་གི་འགན་བགྲང་བྱ་བཅུ་ཕྲག་ལྷག་ལ་བཞེས་ནས་བོད་ཀྱི་གསོ་རིག་གི་བསྟན་པའི་ཉི་འོད་ཡང་བསྐྱར་རྔ་བ་ཁུལ་གྱི་ལྟེ་བ་ཤར་རྒྱལ་མོ་ཚ་བ་རོང་དུ་ཤར་ནས་གསོ་རིག་གི་བསྟན་འཛིན་གྱི་སྐྱེས་བུ་མང་བོ་བསྐྱངས་དང་སྐྱོང་བཞིན་པ་དེའོ།། ཕྱི་ལོ་༡༩༩༤ལོར་མཛོད་དགེ་རྫོང་བོད་སྨན་ཁང་དུ་ཞིང་ཆེན་གསུམ་གྱི་སློབ་མ་མང་དུ་བསྡུས་ནས་དེ་དག་ལ་རྒྱུད་ཆུང་གསུམ་ལས་བཤད་རྒྱུད་ཀྱི་འཆད་ཁྲིད་གནང་། ཕྱི་ལོ་༡༩༩༦ལོར་ཁོང་རིན་པོ་ཆེ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་ཀྲུང་སྨན་གསོ་རིག་སློབ་གྲྭ་ཆེན་མོའི་བོད་སྨན་འཛིན་གྲྭའི་སྨན་པ་འབུམ་རམས་པ་དག་ལ་གསོ་རིག་སྐོར་ནས་འཆད་ཁྲིད་གནང་བར་གདན་འདྲེན་ཞུས། སྐབས་དེར་ཁོང་རིན་པོ་ཆེ་ཁྲིན་ཏུའུ་ཀྲུང་གོའི་སྨན་རྫས་སློབ་གྲྭ་ཆེན་མོའི་མཚན་འཛིན་སློབ་དཔོན་དུའང་བསྐོས། ཕྱི་ལོ་༡༩༩༧ ལོ་ཀླུ་ཆུ་རྫོང་བོད་སྨན་ཁང་དང་ཤིས་ཚང་དགོན་པའི་བོད་སྨན་ཁང་གཉིས་ཀྱིས་མཉམ་དུ་གདན་ཞུས་ལྟར་གནས་དེར་ཟླ་གཅིག་གི་ལྷག་ལ་བོད་སྨན་གསོ་རིག་མཐོར་འདེགས་འཛིན་གྲྭ་བཙུགས་ཏེ་ཟིན་ཏིག་གཅེས་བཏུས་ཀྱི་ལུང་ཁྲིད་གནང་། ལོ་དེར་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་ཐིན་དང་། ཞིང་ཆེན་ཀྲུང་དབྱི་དོ་དམ་ཅུས། ཞིང་ཆེན་མི་དོན་ཐིན་བཅས་ནས་ཁོང་རིན་པོ་ཆེ་སི་ཁྲོན་ཞིང་ཆེན་ཐེངས་དང་བོའི་སྨན་པ་མཁས་ཆེན་གྱི་མཚན་སྙན་གསོལ་བ་དང་། ལོ་དེའི་ཕྱི་ཟླ་བརྒྱད་པའི་ནང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ལྷ་ས་དང་སི་ཁྲོན་ཀན་སུའུ་སོགས་ནས་ཕེབས་པའི་སྨན་པ་མིང་གྲགས་ཅན་མང་བོ་དང་ལྷན་དུ་རྒྱལ་ཡོངས་བོད་སྨན་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཆེན་མོ་ལ་ཕེབས་ཏེ་བོད་སྨན་ངོས་འཛིན་གཅིག་གྱུར་དགོས་པར་གྲོས་མཐུན་བྱས་ཤིང་དེའི་ཐོག་ཏུ་ཁོང་རིན་པོ་ཆེ་ལ་དེར་ཕེབས་ཀྱི་སྨན་པ་དག་གིས་བོད་སྨན་ངོས་འཛིན་མི་འདྲ་བ་ཐམས་ཅད་གཅིག་གྱུར་གནང་དགོས་པར་གྲོས་ཐག་བཅད་དེ་ཞུས་པ་དང་། ཁོང་རིན་པོ་ཆེས་སྐབས་དེར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་རྫས་བཤམས་སྟོན་ཁང་ཆེན་མོ་ནས་དེར་ལྷགས་པའི་སྨན་པ་རྣམས་ལ་སྨན་སྣ་མི་འདྲ་བ་ཉིས་བརྒྱ་ལྷག་ངོས་འཛིན་གཅིག་གྱུར་ཏུ་མཛུབ་སྟོན་གནང་། བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ལ་མཛོད་དགེ་རྫོང་བོད་སྨན་ཁང་ནས་ལྷ་སའི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་ལྷ་སའི་སྨན་རྩིས་ཁང་གི་བསྟན་འཛིན་བཀྲ་ཤིས་དང་འཇམ་དཔལ་རྒྱ་མཚོ་སོགས་གདན་འདྲེན་བྱས་ཏེ་བདུད་རྩི་སྨན་སྒྲུབ་ཆེན་མོ་མདོ་སྨད་དུ་ཐེངས་དང་བོར་ཚུགས་ཤིང་། སྒྲུབ་རྟགས་དང་རྟེན་འབྲེལ་མང་བོ་འགྲིག་པས་མཛོད་དགེ་བོད་སྨན་ལ་ཕན་ནུས་ཆེ་ཞེས་མངས་ཚོགས་རྣམས་ཀྱི་ངག་ན་རླུང་ལྟར་གྲགས། ཕྱི་ལོ་༡༩༩༩ལོའི་དཔྱིད་ཀར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ཕེབས་ནས་སློབ་མ་དད་ལྡན་དོན་གཉེར་ཅན་མང་བོ་ལ་དཔལ་ལྡན་རྒྱུད་བཞིའི་ལུང་གནང་། ལོ་དེའི་སྟོན་ཀར་རྔ་བ་ཁུལ་བོད་སྨན་ཁང་དུ་ཕེབས་ནས་རས་ཆུང་ཤེས་རབ་རྒྱ་མཚོ་དང་བསྟན་པའི་རྒྱལ་མཚན་སོགས་ཀྱིས་ནན་ཞུས་ལྟར་སྨན་པ་བསྟན་འཛིན་ཚང་སོགས་སློབ་བུ་མང་བོ་ལ་རྒྱུད་བཞིའི་ལུང་རྒྱས་པར་གནང་བ་དང་། ཕྱིས་སུ་སློབ་བུ་གལ་ཆེན་འགའ་ལ་མན་ངག་བཀའ་རྒྱ་མ། གཡུ་ཐོག་སྙིང་ཐིག་སོགས་ཀྱི་ཆོས་ལུང་གི་རྒྱུན་གང་མང་བུམ་པ་གང་བྱོའི་ཚུལ་དུ་གནང་། ཕྱི་ལོ་༢༠༠༠ ལོར་རྔ་བ་ཁུལ་བོད་སྨན་ཁང་དུ་མཁན་པོ་ཁྲོ་རི་ཚེ་རྣམ་ཚང་གི་ཕྱག་ལེན་ལྟར་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཕྱག་ཁྲིད་གནང་ཞིང་འདུལ་སྦྱོང་བྱས་ནས་རིན་ཆེན་མང་སྦྱོར་སོགས་ཕབས་སྦྱོར་མཛད། ཕྱི་ལོ་༢༠༠༡ལོ་ཀན་སུའུ་ཞིང་ཆེན་ཀྲུང་སྨན་སློབ་གྲྭ་ཆེན་མོས་ཁོང་རིན་པོ་ཆེ་སློབ་གྲྭ་དེའི་བོད་སྨན་ཚན་ཁག་གི་མཚན་འཛིན་སློབ་དཔོན་ཆེན་མོར་གདན་འདྲེན་ཞུས། ཕྱི་ལོ་༢༠༠༢ ལོར་རང་དགོན་བྱམས་ཁང་ཆེན་མོ་རྟེན་དང་བརྟེན་པ་རྣམས་ཁོང་གིས་བསྐྱར་བཞེངས་ལེགས་གྲུབ་བྱུང་། ཕྱི་ལོ་༢༠༠༣ལོའི་ལོ་སར་དུ་བླ་བྲང་སྨན་པ་གྲྭ་ཚང་གི་ཁྲི་བ་འཇམ་དབྱངས་རྒྱ་མཚོ་ཆུང་བ་ཚང་དང་། ཨ་ཁུ་བསྟན་འཛིན། དཀོན་མཆོག་སོགས་ཕེབས་ཏེ་༧ ཀུན་མཁྱེན་རིན་པོ་ཆེའི་བཀའ་དང་གྲྭ་ཚང་གི་རེ་འདུན་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་ཐུགས་ལ་འདོགས་དགོས་ཚུལ་དང་། གྲྭ་ཚང་ལ་སྨན་གྱི་ཁྲིད་རྒྱུན་གང་བཞུགས་གནང་རྒྱུའི་རེ་བ་ཡོད་ཚུལ་སོགས་གསལ་བོར་སྙན་གསན་ཞུས་པར་ཁོང་གིས་ཞལ་བཞེས་གནང་སྟེ། ལོ་དེའི་སྟོན་ཁར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གིས་གདན་ཞུས་ལྟར་ཕེབས། སྨན་པ་གྲྭ་ཚང་གི་དབུ་ཆོས་རྣམས་ཀྱིས་གཙོས་གྲྭ་རྒན་གཞོན་བར་མ་རྣམས་ལ་སྨན་གྱི་སྡོང་འགྲེམས་དང་རྩ་རྒྱུད་སོགས་ཀྱི་ཁྲིད་གནང་། ལོ་དེར་ཁ་གྱ་ཨ་ཁུ་བསྟན་པས་ནན་ཞུས་བཞིན་དེ་གར་ཕེབས་ནས་རིན་ཆེན་བཙོ་བཀྲུ་ཆེན་མོའི་ཕབས་སྦྱོར་ལ་མཛུབ་སྟོན་དང་མན་ངག་མང་བོ་གནང་། ཕྱི་ཟླ་བཅུ་གཉིས་པའི་ནང་རྔ་བ་ཁུལ་གསོ་རིག་སྡེ་ཚན་སྨན་བཅོས་གནད་དོན་ལག་རྩལ་གསལ་འབྱེད་ཆེད་མཁས་མི་སྣ་རུ་གདན་འདྲེན་ཞུས། ཕྱི་ལོ་༢༠༠༤ལོའི་དབྱར་ཀ་རྨ་ཆུའི་ཞལ་ཤུལ་དགོན་པའི་ཨ་ལགས་ལྡོང་གིས་ནན་ཞུས་བཞིན་དེ་ཀའི་སྨན་པ་གྲྭ་ཚང་ལ་རྩ་བཤད་གཉིས་ཀྱི་ལུང་གནང་། ལོ་དེའི་སྟོན་ཁར་དཔལ་ལྡན་བྱ་ཁྱུང་དགོན་དུ་ཕེབས་ཏེ་སྨན་སྦྱོར་བདུད་རྩིའི་གཏེར་མཛོད་སོགས་ཀྱི་ལུང་གནང་།ཕྱི་ལོ་༢༠༠༥ ལོའི་སོས་ཀ་སྐུ་འབུམ་དགོན་པའི་སྨན་པ་གྲྭ་ཚང་གི་ཨ་ཁུ་དགེ་འདུན་དང་བློ་བཟང་དགེ་འདུན་སོགས་ཀྱིས་ཡང་ཡང་ཞུས་མཐར་སྐུ་འབུམ་དགོན་པའི་སྨན་པ་གྲྭ་ཚང་དུ་ཕེབས་ནས་གཡུ་ཐོག་སྙིང་ཐིག་གི་ཆོས་སྐོར་རྣམས་ཀྱི་ལུང་གནང་། ཕྱི་ལོ་༢༠༠༦ ལོའི་སོས་ཀ་བླ་བྲང་སྨན་པ་གྲྭ་ཚང་གི་སྐུ་ཚབ་དང་། རྨ་ཆུའི་སྨན་པ་འགའ་རེ་བཅས་སྐུ་རྗེས་སུ་འཁྲིད་དེ། ཁྲིན་ཏུ་དང་། ཧྲང་ཧེ། ཐེན་ཅིན་སོགས་སུ་ཆེད་དུ་ཕེབས་ཏེ་སྨན་སྦྱོར་ལ་མཁོ་བའི་རིན་པོ་ཆེ་རིགས་ཀྲུང་སྒོར་ཁྲི་ལྔ་བཅུ་ལྷག་གིས་ཉོས་ཤིང་སློབ་མ་རྣམས་ལ་རིན་ཆེན་རིགས་རྣམས་ངོས་འཛིན་གནང་། ལོ་དེར་བླ་བྲང་དགོན་པའི་སྨན་པ་གྲྭ་ཚང་དང་རྨ་ཆུ་རྫོང་བོད་སྨན་ཁང་རྔ་བ་རྫོང་བོད་སྨན་ཁང་སོགས་ཀྱི་གདན་ཞུས་ལྟར་ཕེབས་ནས་རྨ་ཆུའི་བོད་སྨན་ཁང་ནས་བཙོ་ཐལ་སྦྱོར་བཟོ་ལ་གཟིགས་རྟོག་དང་དེ་འབྲེལ་གྱི་བཀའ་སློབ་མང་བོ་གནང་བ་དང་། རྔ་བ་རྫོང་བོད་སྨན་ཁང་ནས་ཉིན་བརྒྱད་ཀྱི་རིང་དེ་གའི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་དང་སྨན་པ་རྣམས་ལ་ཟིན་ཏིག་གཅེས་བཏུས་དང་དེའི་ལག་ལེན་སྐོར་སྦྲགས་ཏེ་ལུང་ཁྲིད་གནང་བའི་བཀའ་དྲིན་བསྐྱངས། ཕྱི་ལོ་༢༠༠༨ལོའི་དབྱར་ཀར་བླ་བྲང་སྨན་པ་གྲྭ་ཚང་ལ་རིན་པོ་ཆེའི་སྨན་རིགས་ངོ་སྟོན་གནང་བར་ཕེབས། དེ་ནས་ཟླ་༧ པའི་ཚེས་༥ ལ་སྐུ་འབུམ་བོད་སྨན་ཁང་གིས་སྨན་པ་ཚེ་བཀྲ་བརྒྱུད་ཨ་ཁུ་དཔལ་ལྡན་དང་། ཚུལ་ཁྲིམས། འགོ་དཔོན་འབྱུང་གནས་བཅས་ཀྱིས་གདན་ཞུས་བཞིན་སྐུ་འབུམ་དགོན་དེར་ཕེབས་ནས་ཁོང་ཉིད་གཙོ་བྱས་པའི་བོད་སྨན་འབུམ་རམས་པ་ཨ་ལགས་བཀྲ་ཤིས། རྒྱ་ཡེ་ཉི་མ། སྨན་པ་ཚེ་བཀྲ་སོགས་ཀྱིས་མཚོ་སྔོན་སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་སྨན་རྫས་ངོས་འཛིན་དཔྱད་བསྡུར་ཚོགས་འདུ་ཐེངས་དང་བོ་ཞེས་པ་སྨན་རྫས་བཤམས་སྟོན་ཁང་གསར་བའི་ནང་དུ་འཚོགས། སྔོ་སྨན་དང་། རྡོ་སྨན། འབྲུ་སྨན། ཤིང་གི་སྨན། རིན་པོ་ཆེའི་སྨན་སོགས་ཀྱི་ནང་དུ་ངོས་འཛིན་གཅིག་གྱུར་གྱི་སྨན་སྣ་བརྒྱད་ཅུ་ལྷག་གཅིག་གཏན་ཁེལ་བྱས་ཤིང་ཚེས་༧ ལ་འཇིགས་མེད་བོད་སྨན་ཁང་གི་འགན་གཙོ་འཇིགས་མེད་ཕུན་ཚོགས་ཀྱིས་གདན་ཞུས་བཞིན་འཇིགས་མེད་བོད་སྨན་ཁང་ལ་ཕེབས་ཏེ་གཟིགས་རྟོག་གནང་། དེ་ནས་ཕྱིར་བླ་བྲང་ལ་ཕེབས་ཏེ་སྨན་པ་གྲྭ་ཚང་གི་གྲྭ་མང་ལ་ཀོང་སྤྲུལ་ཟིན་ཏིག་གཅེས་བཏུས་ཀྱི་ལུང་གནང་། ཟླ་༨པའི་ཚེས་༢༩ ལ་སེར་ཤུལ་ཁྲི་བས་ཡང་ཡང་ཞུས་པ་བཞིན་རྫ་སེར་ཤུལ་ལ་ཆིབས་བསྒྱུར་གནང་ཞིང་སེར་ཤུལ་དགོན་པའི་སྨན་པ་གྲྭ་ཚང་གིས་གཙོ་བྱས་པའི་དེ་གའི་དགེ་འདུན་པ་རྣམས་ཀྱིས་སེར་སྦྲེང་དང་བཅས་བསུ་མ་གནང་། དགོན་བདག་སྨན་ཤུལ་ཚང་དང་། ཁྲི་བ་ཐུབ་བསྟན་སྙན་གྲགས་ཚང་། སྨན་པའི་ཁྲི་བ་ཐོས་བསམ་ཚང་། སྨན་པ་གྲྭ་ཚང་གི་དབུ་ཆོས་གསུམ་སོགས་ཀྱིས་སེར་ཤུལ་དགོན་པ་འདིར་སྨན་པ་གྲྭ་ཚང་གསར་ཚུགས་གནང་དགོས་པའི་སྐོར་ཞུས་པ་དང་། ཆོ་ག་ཕྱག་ལེན་གང་ནས་གནང་དགོས་པ་སོགས་གསལ་བོ་ཞིག་གསུང་རྒྱུའི་རེ་བ་ཞུས་པར་ཁོང་རིན་པོ་ཆེས་འདིར་བཞུགས་ཚང་མས་གྲོས་མོལ་གནང་ན་འགྲིགས་གསུངས་ཏེ་དེར་བཞུགས་ཚང་མས་གྲོས་མོལ་གནང་དོན་ནི། སྨན་པ་གྲྭ་ཚང་གི་ཆོ་ག་ཕྱག་ལེན་བླ་བྲང་སྨན་པ་གྲྭ་ཚང་ལྟར་གནང་རྒྱུ་དང་། བདག་འཇུག་གསུམ་གསར་འཛུགས་གནང་རྒྱུ་ཁོང་གི་ཕུགས་འདུན་ཡིན་གསུངས་པས། དགོན་པའི་ལས་སྣེ་རྣམས་ཀྱིས་དགའ་ཞིང་ཡིད་ཚིམ་པའི་སྒོ་ནས་དང་ལེན་བྱས། ཆོས་སྤྱོད་ནང་དུ་བླ་མ་ལྔ་བཅུ་བ་དང་། བྱང་ཆུབ་ལམ་སྒྲོན་གསུངས་རྒྱུའི་རེ་བ་ཡང་ཞུས།དེ་ནས་སྡེ་དེའི་ཁྲི་བ་ཐུབ་བསྟན་སྙན་གྲགས་གཙོས་སྨན་པའི་ཁྲི་བ་ཐོས་བསམ་ཚང་དང་། དགེ་བཤེས་བསོད་བཀྲ་ཚང་སོགས་སྨན་པ་གྲྭ་ཚང་ལ། རྒྱུད་བཞིའི་བརྒྱུད་འདེབས་དང་། གཡུ་ཐོག་པའི་གསོལ་འདེབས། གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ།རྩ་རྒྱུད་དང་རྩ་རྒྱུད་སྡོང་འགྲེམས་སོགས་ཀྱི་ལུང་གནང་སྟེ་སྡེ་དེར་ཆོས་འབྲེལ་བཞག ། ཟླ་༡༡ པའི་ནང་ཀན་ལྷོ་ཁུལ་བོད་སྨན་ཁང་གིས་ཞུས་པ་བཞིན་ཟིན་ཏིག་གི་ལུང་གནང་། ཕྱི་ལོ་༢༠༠༩ལོའི་ཟླ་༦པའི་ཚེས་༡༣ལ་བླ་བྲང་སྨན་པ་གྲྭ་ཚང་གིས་ཞུས་པ་བཞིན་ཕེབས་ཏེ་སྡེ་དེའི་སྨན་པ་གྲྭ་ཚང་ལ་ཕྱི་མ་རྒྱུད་ཀྱི་ཁྲིད་གནང་། ལོ་དེར་ཁ་གྱ་སྨད་བོད་སྨན་ཁང་ནས་ཞུས་པ་ལྟར་ཕེབས་ཏེ་རིན་ཆེན་རིགས་སྒེར་འདུལ་དང་སྤྱི་འདུལ་གཉིས་ཀྱི་མཐོང་བརྒྱུད་ཕྱག་ལེན་གནང་བ་དང་། སྔ་ཕྱི་རིས་མེད་ལ་དབང་རིལ་ཤེལ་དཀར་མཆོད་རྟེན་དང་། རིན་ཆེན་བྱུར་དམར་བདུན་ཅུ་སོགས་སྦྱོར་སྡེ་གསར་བ་ཁ་ཤས་གནང་། ཟླ་༡༠་བའི་ཚེས་༡༥་ལ་རྔ་བ་ཁུལ་བོད་སྨན་ཁང་དུ་རྩ་རྒྱུད་ཀྱི་ལུང་སོགས་གནང་། ཕྱི་ལོ་༢༠༡༠ལོའི་ཟླ་༡་བོའི་ཚེས་༡༥་ནས་བླ་བྲང་སྨན་པ་གྲྭ་ཚང་གིས་ཞུས་པ་བཞིན་ཉིན་མང་བོར་རིན་ཆེན་སྦྱོར་སྡེའི་ཟབ་ཁྲིད་གནང་། ཟླ་༦པའི་ནང་རྨ་ཆུ་རྫོང་བོད་སྨན་ཁང་གིས་ཞུས་པ་བཞིན་དངུལ་ཆུ་བཙོ་བཀྲུ་འདུལ་སྦྱོང་གི་ལག་ལེན་དཔེ་ཁྲིད་གནང་། ཟླ་༧ པའི་ཚེས་༡ ལ་བཞག་སྡོམ་བོད་སྨན་ཁང་གི་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོའི་ཚོགས་འདུར་ཕེབས་ནས་གསུང་བཤད་མང་བོ་གནང་། ཟླ་༧ པའི་ཚེས་༢ ལ་བླ་བྲང་སྨན་པ་གྲྭ་ཚང་གི་བཙོ་ཐལ་འདུལ་སྦྱོང་དང་རིན་ཆེན་གྲང་སྦྱོར་གྱི་སྨན་སྣ་འདུལ་སྦྱོང་གི་ཆེད་དུ་བླ་བྲང་ལ་ཕེབས་ནས་དེ་དག་གི་འདུལ་སྦྱོང་དང་སྦྱོར་བཟོ་ལ་གཟིགས་རྟོག་ཞིབ་མོར་གནང་ནས་ཡང་རྨ་ཆུ་རྫོང་བོད་སྨན་ཁང་དུ་ཕྱིར་ཕེབས་ནས་ཁམས་བརྒྱད་ལྕགས་བརྒྱད་ཀྱི་ཐལ་སྲེག་ཆེན་མོ་ལ་གཟིགས་རྟོག་གནང་ཞིང་ཉིན་བཅུ་ལ་བཞུགས། ཟླ་༧ པའི་ཚེས་༡༥ ལ་བླ་བྲང་སྨན་པ་གྲྭ་ཚང་གིས་ཞུས་པ་བཞིན་ཟླ་གཅིག་ལྷག་ལ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་ལག་ལེན་གཅེས་བཏུས་སྟེང་ནས་ལུང་ཁྲིད་གནང་། ཕྱི་ལོ་༢༠༡༡ ལོའི་ཟླ་༢་པའི་ཚེས་༡༥་ལ་བླ་བྲང་དུ་ཕེབས་ཏེ་རིན་ཆེན་གྲང་སྦྱོར་ཆེན་མོ་ཕབས་སྦྱོར་གནང་། ལོ་དེའི་དཔྱིད་ཀར་མན་ངག་རྒྱུད་ཆེན་དཔེ་བསྡུར་མ་ཞུ་དག་གནང་། ཟླ་༨ པའི་ཚེས་༡༣ ལ་རྨ་ཆུ་རྫོང་བོད་སྨན་ཁང་གིས་ཞུས་པ་བཞིན་རིན་ཆེན་རཏྣ་བསམ་འཕེལ་ཕབས་སྦྱོར་གནང་། ཟླ་༡༠ཚེས་མགོར་ཀན་ལྷོ་ཁུལ་བོད་སྨན་ཁང་གིས་ཞུས་པ་བཞིན་སྨན་གཞུང་ཟིན་ཏིག་གི་ལུང་གསུངས་འཕྲོའི་མཇུག་བསྐྱངས། ལོ་དེར་རང་དགོན་ཁང་གསར་ཉིན་པས་སྨན་ཁང་གསར་འཛུགས་ལ་སྙན་གསན་ཕུལ་ཞིང་ཆེད་གཉེར་གྱིས་གྲྭ་བ་ཕུན་ཚོགས་དང་ཡོན་ཏན་གཉིས་སྨན་བསློབ་པར་སྐུ་མདུན་ལ་མངགས། ཕྱི་ལོ་༢༠༡༤ ལོར་རང་དགོན་བོད་སྨན་ཁང་གི་རྨང་གཏིང་།༢༠༡༥ ལོའི་ཟླ་༧པའི་ཚེས་༡༥ ལ་སྨན་ཁང་ལེགས་གྲུབ་སྟེང་ཕྲན་བདག་སོགས་དོ་དམ་མི་སྣས་གདན་ཞུས་ལྟར་ཕེབས་ཏེ་ཞི་བདེ་བོད་ལུགས་སྨན་ཁང་ཞེས་མཚན་གསོལ་ཞིང་སྨན་རྫས་དང་སྐུ་གསུང་ཐུགས་རྟེན་ལྷག་པར་སྨན་དཔེ་བརྒྱ་བ་སོགས་གནང་སྦྱིན་མཛད། ལོ་དེའི་སྟོན་ཁར་སྨན་ཁང་རང་ལ་དངོས་ཕེབས་ཀྱིས་ནད་པར་གཟིགས་རྟོག་དང་སྨན་སྦྱོར་གསར་བ་གྲུབ་ཐོབ་རིལ་དཀར་མན་ངག་ལུགས་སོགས་ཁ་ཤས་གནང་། འདི་ནི་སྐུ་ཚེ་འདིའི་མཛད་པ་མཐའ་མའི་བོད་སྨན་ཁང་གསར་འཛུགས་གནང་བ་དེ་ཡིན་ལ་། དེ་ལ་ཐུགས་ཁུར་ཆེས་བཞེས་གནང་བས་སྨན་ཁང་གི་གཞི་དེ་ཁོང་གི་མཚན་ཐོག་ནས་ཐོ་འགོད་གནང་བཅུག་ཡོད། སྤྱིར་ཁོང་གི་བཀའ་དྲིན་ཐུགས་རྗེ་ནི་སེམས་ཅན་ཀུན་ལ་ཉེ་རིང་མེད་པར་འཇུག་ཡོད་ཀྱང་ནང་དགོས་སུ་བོད་ཀྱི་སྨན་པ་ལ་རྣམས་ལ་འཕྲིན་ལས་ཀྱི་འཇུག་པས་རིང་དུ་བསྐྱངས་ཡོད་དོ། །

བཞི་བ། གསོ་རིག་གི་གསུང་རྩོམ་དང་སྦྱོར་སྡེ་གསར་རྩོམ་གནང་བའི་མཛད་རིམ།

ཕྱི་ལོ་༡༩༧༥ལོར་རྔ་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་འཛིན་གྲྭ་གསར་དུ་བཙུགས་པར་བརྟེན་སློབ་གྲྭ་དེའི་དགོས་མཁོ་དང་བསྟུན་ནས་གསོ་བ་རིག་པའི་སློབ་ཡིག་གཅེས་བཏུས་དེབ་ཕྲེང་བཅུ་གསུམ་ལྷག་གསར་དུ་རྩོམ་སྒྲིག་མཛད། ཉེ་སྔོན་དངོས་སློབ་རྣམས་ཀྱིས་དེབ་ཕྲེང་དེ་དག་གསར་དུ་དཔར་སྐྲུན་གྱི་ལས་གཞི་ལ་ཞུགས་ནས་གསོ་རིག་གསར་སློབ་རྣམས་ལ་ཉེར་མཁོའི་སློབ་དེབ་ཕྱོགས་བསྒྲིགས་བློ་ཆུང་བྱིས་པའི་འབབ་སྟེགས་ཞེས་དཔེ་དེབ་གསུམ་དུ་བགོས་ནས་དཔར་བཞིན་པ་དེའོ།།

ཕྱི་ལོ་༡༩༩༣ ལོར་ཁོང་རིན་པོ་ཆེས་ལོ་དུ་མའི་སྔོན་ལ་གསོ་བྱེད་སྨན་གྱི་རྒྱུད་བཞིའི་དགོངས་དོན་གཞིར་བཞག་གི་སྟེང་ནས་ཚད་ལྡན་གྱི་མཁས་པ་གཙང་སྨན་ཡེ་ཤེས་བཟང་བོ་སོགས་ཀྱི་ཡིག་ཆ་བཅྭོ་བརྒྱད་ཙམ་ལས་བཏུས་ཏེ་ཀུན་ཕན་བདུད་རྩིའི་གཏེར་མཛོད་ཅེས་པའི་སྨན་སྦྱོར་ཕྱོགས་བསྒྲིགས་དེ་ཉིད་གསར་རྩོམ་གནང་། ཕྱི་ལོ་༢༠༡༠ལོའི་ཟླ་༩ བར་བླ་བྲང་ལ་ཕེབས་ཏེ་སྨན་པ་གྲྭ་ཚང་གིས་ཞུས་པ་བཞིན་རྒྱ་བོད་ཀྱི་གཞུང་ཚད་ལྡན་རྣམས་ལས་བཏུས་པའི་ཉེར་མཁོའི་སྨན་སྦྱོར་འདོད་དགུའི་འབྱུང་གནས་གཞན་ཕན་རིན་ཆེན་བང་མཛོད་ཅེས་བྱ་བ་སྡེབ་སྦྱོར་ལྔ་བརྒྱ་དང་བརྒྱད་ཀྱི་བདག་ཉིད་ཅན་དེ་ཉིད་ཕྱོགས་བསྒྲིགས་དང་གསར་རྩོམ་གནང་། ཕྱི་ལོ་༢༠༠༤ལོ་ནས་ཁོང་གི་ཐུགས་བཀོད་ལྟར་རྔ་བ་ཁུལ་བོད་སྨན་ཁང་དང་མཛོད་དགེ་བོད་སྨན་ཁང་གཉིས་ཀྱིས་རྒྱུད་བཞིའི་དཔེ་རྙིང་འཚོལ་བསྡུ་བྱས་ནས་སྔ་ཕྱིར་ལོ་དུ་མའི་རིང་ལ་ཁུལ་བོད་སྨན་ཁང་དང་མཛོད་དགེ་རྫོང་བོད་སྨན་ཁང་གི་སློབ་བུ་རྣམས་ཀྱི་ཕྱག་རོགས་ལ་བརྟེན་ནས་རྒྱུད་བཞི་དཔེ་བསྡུར་མ་གསར་དུ་རྩོམ་སྒྲིག་ལེགས་གྲུབ་བྱུང་། ཕྱི་ལོ་༢༠༡༣ལོའི་དཔྱིད་ཀར་ནས་ཁོང་གི་ཐུགས་འདུན་ལ་རྒྱུད་བཞི་གའི་སྡོང་འགྲེམས་ལུགས་གཉིས་མ་འདྲེས་པར་ཁྲིད་རྒྱུན་ལྟར་གསར་དུ་རྩོམ་འབྲི་གནང་། གནས་སྐབས་རྒྱུད་ཆུང་གསུམ་གྱི་སྡོང་འགྲེམ་བྲིས་ཚར་ཞིང་མན་རྒྱུད་ཀྱི་སྡོང་འགྲེམས་ཀྱང་འབྲི་བའི་ཐུགས་འདུན་ཆེ་ཡང་འཕྲོར་ལུས། ཕྱི་ལོ་༢༠༡༥ ལོ་ཡས་མས་ནས་རྔ་རྒོད་ནམ་མཁའ་སེངྒེའི་མན་ངག་ལྷན་ཐབས་ལྟར་གྱི་ནད་རྟགས་ཀྱི་གཞུང་ཆ་ཚང་དང་ཕྱི་རྒྱུད་ཀྱི་རྩ་ཆུ་གཉིས་སོགས་ཀྱི་དཀའ་མཆན་གསར་རྩོམ་གནང་། དེ་མིན་ནད་བཅོས་མྱོང་བྱང་སྐོར་དང་སྨན་སྦྱོར་ལག་ལེན་སྐོར་གྱི་ཁ་འཐོར་གསུང་རྩོམ་ཡང་མང་བོ་བཞུགས། ཕྱི་ལོ་༡༩༩༨ ལོར་ལྷ་སར་བོད་ཀྱི་གསོ་རིག་ཚོགས་འདུ་ཆེན་མོའི་སྟེང་ཁོང་གི་དཔྱད་རྩོམ་མཁྲིས་ནད་བཅོས་ཐབས་ལ་གཡུ་ཐོག་བུམ་པའི་བྱ་དགའ་ཐོབ།

སྨན་སྦྱོར་སྡེ་གསར་བཟོའི་སྐོར་ལ་མང་ཚོགས་ཀྱིས་ཧ་ཅང་དགའ་བསུ་ཐོབ་པའི་ཤཱ་སའི་བདེ་བྱེད་ཀུན་ཕན་ལ་ ༢༠༠༢ལོའི་ཟླ་དྲུག་པའི་ཚེས་༡ ཉིན་འབར་མ་རྒྱལ་ཁབ་ཏུ་ཕྱི་ནང་གི་མཁས་པ་མང་བོ་འདུས་པའི་འཛམ་གླིང་གསོ་རིག་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་གཏམ་གླེང་ཚོགས་འདུའི་སྟེང་ཕོ་ནད་ཚ་གྲང་གི་ནད་སེལ་བའི་ནུས་པ་ཁྱད་འཕགས་ཡོད་ཅེས་གསེར་གྱི་གླང་ཆེན་རྟགས་ཅན་གྱི་བྱ་དགའ་ཐོབ་ཡོད་པ་དང་། དེ་མིན་ཁྲག་ཤེད་ཆེ་བའི་ནད་ལ་ཤཱ་སའི་ཁྲག་རླུང་བདེ་བྱེད་དང་། མཆིན་སྐྲན་དང་མཆིན་ནད་སྤྱི་ལ་དགོངས་ནས་ཤཱ་སའི་མཆིན་ནད་སྤྱི་སྨན་དང་། མཆིན་ནད་ཀུན་ཕན། གློ་གཅོང་གི་ནད་སོགས་ལ་ཤཱ་སའི་གཉན་སྲིན་སྤྱི་སྨན། གཅིན་སྙི་ཟ་ཁུའི་ནད་ལ་ཤཱ་སའི་གཅིན་སྙི་བདེ་བྱེད། དེ་ལྟར་གང་ལ་གང་འཚམས་ཀྱིས་ཤཱ་སའི་གསོས་རྡོ་བཅུད་དགུ་སྦྱོར། ཤཱ་སའི་རྡོ་བཅུད་བཅུ་བ། ཤཱ་སའི་བྱང་ཆོས་སོ་བདུན། ཤཱ་སའི་མོ་ནད་སེ་འབྲུ་བརྒྱད་པ། ཤཱ་སའི་མཱུ་ལ་བདུན་སྦྱོར། ཤཱ་སའི་ཡ་མ་དྲུང་འབྱིན། ཤཱ་སའི་ཁྲ་མན་སོ་བདུན། ཤཱ་སའི་གཡུ་ཤིང་བརྒྱད་སྦྱོར་སོགས་བརྒྱུད་ལྡན་བླ་མའི་མན་ངག་དང་ཁུངས་ལྡན་གཞུང་ལུགས་དག་ལ་གཏུགས་ནས་བླ་ན་མེད་པའི་ཁོང་གི་ཐུགས་བཅུད་ལས་འཁྲུངས་པའི་སྨན་སྦྱོར་དེ་དག་གིས་སེམས་ཅན་ནད་པ་རྣམས་ལ་ཕན་བཏགས་དང་འདོགས་བཞིན་པར་གདའོ་། ། བཀྲ་ཤིས་བདེ་ལེགས། ཞེས་པ་འདི་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཚེ་རིང་རྒྱལ་ནས་སྐུལ་མ་བཞིན་ཁོང་གི་སློབ་བུའི་མིང་མཐའ་བ་མཛོད་པ་དགེ་འདུན་རྒྱ་མཚོས་ཟླ་ཚེས་ལ་བྲིས་པ་དགེའོ་། ། ༢༠༡༨/༦/༣/


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།