
སྤྱི་ལོ༢༠༢༦ལོའི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མཐོ་འབྲིང་མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད་ཀྱི་ཐོག་མའི་མ་ཕྱི་ཆ་ཚང་།
གཅན་རང་སད།
༄༅།།ཐབས་ཤེས་ཀྱི་གཤོག་རུ་བརྒྱངས་ཤིང་བྱམས་བརྩེ་ཡི་རིལ་བུ་འབབ་པའི་བཀུར་འོས་དགེ་རྒན་རྣམ་པ་དང་། ལང་ཚོ་ཡི་པད་སྡོང་ལ་རིག་སྟོབས་ཀྱི་ཟེའུ་འབྲུ་སྨིན་པའི་ཡིད་འོང་གི་སློབ་གྲོགས་ལྷན་རྒྱས།
ཚང་མ་སྔ་དྲོ་བདེ་ལེགས།
དབྱར་གཞུང་གི་རླུང་བུ་འཇམ་པོ་ཁད་ཀྱིས་ལྡང་ཞིང་། མཐའ་ཡས་པའི་རྣང་ཞིང་གི་ཕང་བ་རུ། གསེར་མདོག་གི་ལོ་ལེགས་སྨིན་པའི་སྟ་གོན་ལ་བྲེལ་བའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་འདིར། རང་སློབ་གྲྭའི་དགེ་སློབ་ལྷན་རྒྱས། དཀྱིལ་འཁོར་གཅིག་ཏུ་གདན་འཛོམས་ནས། སྤྱི་ལོ༢༠༢༦ལོའི་མཐོ་གསུམ་སློབ་མ་རྣམས། ཕྱོགས་ལས་རྣམ་རྒྱལ་གྱི་རྟེན་འབྲེལ་མཚོན་པའི་དར་མའི་རྒྱལ་སྒོ་འཛུལ་བ་དང་། བདེ་བླག་ངང་སློབ་མཐར་ཕྱིན་པའི་མཛད་སྒོ་གཉིས་དཀྱུས་གཅིག་ཏུ་གཟབ་རྒྱས་སུ་སྤེལ་བ་ལ། ཐོག་མར་ངས་ཁྲིད་ཁུར་དགེ་རྒན་རྣམ་པའི་ཚབ་བྱས་ཏེ། སྙིང་ཁོང་རུས་པའི་གཏིང་ནས། ཁྱེད་ཅག་མཐར་ཕྱིན་སློབ་མ་ཡོངས་ལ། བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཁ་གཡང་བརྗོད་རྒྱུ་ཡིན།
དེ་རིང་གནམ་ལ་བཀྲ་ཤིས་ཉི་མ་བཟང་།།
དེ་རིང་ས་ལ་བཀྲ་ཤིས་བྱིན་ཀྱང་ཆགས།།
དེ་རིང་བར་དུ་བཀྲ་ཤིས་ཡོ་ལང་རྒྱས།།
དེ་རིང་ཡོད་ཚད་བཀྲ་ཤིས་ཕུན་སུམ་ཚོགས།།
རེད་ཡ། དེ་རིང་ནི་དམིགས་བསལ་ལས་ཀྱང་དམིགས་བསལ་གྱི་ཉིན་མོ་ཞིག་སྟེ། ཁྱེད་ཅག་མཐར་ཕྱིན་སློབ་མ་ཡོངས་ཀྱིས། དར་མའི་རྒྱལ་སྒོ་འཛུལ་ནས། ལོ་ན་བཅོ་བརྒྱད་ཀྱི་སྐྱེས་སྐར་བསུ་བའི་རྟེན་འབྲེལ་གྱི་ཉིན་མོ་ཡིན་པ་རེད། སྐབས་འདིར་ངས་སེམས་འགུལ་ཚད་མེད་ཐེབས་པའི་ངང་ནས། སློབ་གྲོགས་རྣམས་ལ་ཤིས་ཚིག་འབུལ་བ་དང་སྦྲགས། ཁྱོད་ཚོ་ལུས་སེམས་གཉིས་ཆར་ནས་བདེ་ཐང་ངང་འཚར་ལོངས་བྱུང་བར་ཡང་། སེམས་གཏིང་ནས་བཀྲ་ཤིས་པའི་སྨོན་འདུན་སྟོང་ཕྲག་གིས་ཁ་གཡང་འབོད་བཞིན་ཡོད། དེ་རིང་སྟེ་སྤྱི་ལོ༢༠༢༦ལོའི་ཟླ་དྲུག་པའི་ཚེས་བཞིའི་ཉིན་མོ་འདི་ལ། མ་ཡུམ་སློབ་གྲྭས་ཉི་འོད་དྲོན་མོའི་བྱབས་ཁྲུས་དང་ལྷན་དུ། ཁྱོད་ཚོར་ལོ་ན་བཅོ་བརྒྱད་ལ་སོན་པའི་རྟེན་འབྲེལ་གྱི་ལས་རིམ་འདི་འདྲ་ཞིག་སྤེལ་བ་ནི། སོ་སོའི་མི་ཚེའི་ནང་ལོགས་ནས། བརྗེད་པར་དཀའ་བའི་དོན་སྙིང་བླ་ལྷག་ཏུ་ལྡན་ལ། ཕྱིར་དྲན་བྱེད་རིན་མངའ་བའི་ཉིན་མོ་ཞིག་ཀྱང་ཡིན་ནོ།།
ལོ་ན་བཅོ་བརྒྱད་ཀྱི་དཀྱོག་མཚམས་འདིས། ཁྱོད་ཚོ་ནར་སོན་པ་མཚོན་ཞིང་། ད་ནས་བཟུང་མི་སྒེར་དང་སྤྱི་ཚོགས་ལ་འགན་འཁུར་བའི་ལོ་ཚོད་ལ་སླེབས་པའི་དྲིལ་བརྡ་རྒྱག་བཞིན་ཡོད། ལོ་ན་བཅོ་བརྒྱད་ལ་སོན་པ་དང་ཆབས་ཅིག །ཁྱོད་ཚོས་མི་ཚེའི་འགྲུལ་བཞུད་ཀྱི་ལམ་སྣེ་གལ་ཆེན་རྡོག་པས་མནན་པ་ཡིན་པས། ཅིས་ཀྱང་གཡོལ་ཐབས་མེད་པའི་རྒྱུགས་སྤྲོད་ཀྱི་འགན་འཁྲི་ལྕི་མོ་འདི་ཡང་དང་དུ་ལེན་དགོས། སློབ་གྲོགས་ཚོ། ལོ་ན་བཅོ་བརྒྱད་ནི་ཁྱོད་ཚོའི་མི་ཚེའི་བཞུད་ལམ་ངོགས་ཀྱི་ཆེས་དོན་སྙིང་ལྡན་པའི་རྒྱང་སྐྱོད་ཀྱི་སླུངས་ཚང་སྨུག་པོ་དེ་ཡིན་ལ། མི་ཚེའི་དེབ་ཐེར་ཁྲོད་ཀྱི་ཆེས་མཛེས་སྡུག་འབར་བའི་གསེར་མདོག་གི་དབུ་ཁྱུད་ཀྱང་ཡིན་ངེས།
ང་ནི་འདས་པའི་མི་ལོ་གསུམ་གྱི་རིང་། ཁྱོད་ཅག་ལ་ཕ་སྐད་མ་ཡིག་གི་བླ་འབོད་ཨག་སྐད་གྱེར་མྱོང་བའི་བོད་ཡིག་དགེ་རྒན་ཞིག་ཡིན་པའི་ངོས་ནས། སྐབས་འདི་དང་དུས་འདི་ལ་ཡང་། དགའ་སྐྱོའི་མིག་ཆུ་ཡོད་ཚད་ཁོག་ལ་མིད་དེ། མཇུག་མཐའི་རེ་བ་དང་སེམས་གཏམ་ཚིག་གསུམ་ཞུ་འདོད་བྱུང་།
དེ་ཡང་ནམ་རྒྱུན་ཁྱོད་ཚོའི་རྣ་བ་སུན་སུན་ལ། བཤད་དང་བཤད་བཞིན་པ་དེ་ཚོ་ལས་ལྷག་པའི་སྐད་ཆ་རིན་ཐང་ཅན་ནམ། ཆུ་བརྒྱ་ཟམ་མིག་ཏུ་འདུས་པ་ལྟ་བུའི་བསླབ་སྟོན་རྡོག་རྡོག་ཅིག་སྩོལ་རྒྱུ་མེད་ན་ཡང་། སྐད་ཡིག་དགེ་རྒན་ཞིག་གི་གྱེས་ཁའི་སེམས་གཏམ་གྱི་དྭངས་མ་ཡིན་པས། ཁྱེད་ཅག་གིས་དར་ལུང་རྣ་བས་གསན་བཞེས་གནང་བར་ཞུ།
འདས་ཟིན་པའི་བགྲང་བྱ་གསུམ་གྱི་ལོ་ཟླའི་བཤུལ་ལམ་ལ་ཕྱི་མིག་ལྟ་དུས། སློབ་རའི་ཟ་ཟུར་གང་རུང་ན། ང་ཚོས་ངེས་མེད་དུ་བཞག་པའི་འདས་དོན་གྱི་རྐང་རྗེས་ཐོར་ཡོད་ལ། སློབ་ཁང་དང་བར་ཁྱམས་ཀྱི་གྲུ་ག་རེ་རེ་ན། ང་ཚོ་ཐུན་མོང་གིས་གཏིགས་པའི་དཀའ་སྤྱད་ཀྱི་རྔུལ་ཆུ་ཐིམ་ཡོད། ད་དུང་ང་ཚོས་མཉམ་གཅིག་ཏུ། ཉིན་ཞག་ཆིག་སྟོང་ལྷག་གི་རིང་ལ། ཕ་སྐད་ཀྱི་ཀ་བ་སྐྱོར་ཞིང་། མ་ཡིག་གི་དབྱངས་རྟ་གྱེར་ནས་འོངས། ཡིན་ནའང་རྗེ་བཙུན་འཇམ་དབྱངས་ལྟ་བུའི་དགེ་རྒན་ང་རང་མིན་ལ། མི་ལ་རས་པ་ལྟ་བུའི་སློབ་མ་ཁྱོད་ཚོའང་མིན་པས། ང་ཚོའི་བར་ནས་གཙུབ་བརྡར་གྱི་མེ་སྟག་མཆེད་མྱོང་ལ། དགའ་སྐྱིད་ཀྱི་དགོད་སྒྲ་ཡང་སྤུར་མྱོང་། གཅིག་བྱས་ན་ཁྱོད་ཚོའི་ཆུ་ཤེལ་དང་འདྲ་བའི་སེམས་ངོགས་སུ། དགེ་རྒན་ནི་ནམ་ཡང་འཛུམ་རིས་མེད་པར་གནག་ནས་འདུག་མཁན་ཞིག་དང་། སྡིགས་དམོད་གཤེ་གསུམ་གྱི་འཁོར་ལོ་སྐོར་བའི་མི་བུ་སུན་སྤྱད་ཅིག་ཡིན་པའི་བག་ཆགས་བཞག་ཡོད་ལས་ཆེ། ཡིན་ནའང་སྐབས་འདིར་ཁྱོད་ཚོས་བསམ་ཤེས་ཀྱི་བློ་ཁ་ནང་ལ་སྐོར་ནས་ཞིབ་ཏུ་སོམས་དང་། དགེ་རྒན་གྱི་གདོང་ཤ་དམར་ནག་དེའི་ཕག་ན། ལྷག་བསམ་གྱི་མེ་རི་ཞིག་འབར་བཞིན་པ་ཚོར་ངེས། དར་མའི་ལག་པ་བྲང་ལ་བཞག་ནས་ཡང་བསྐྱར་སེམས་ཀྱིས་ཉོན་དང་། ཤ་ཚ་བའི་ཁ་ན་གཏམ་སྙན་མོ་མེད་པའི་གནས་ལུགས་ཀྱི་གསང་བ་རྟོགས་སྲིད།
ངས་འདི་ནས་ཁྱོད་ཚོ་རེ་རེ་བཞིན་དར་མའི་རྒྱལ་སྒོ་འཛུལ་ཏེ། རྒྱལ་ཁབ་ཀྱི་ཁྲིམས་མཐུན་སྤྱི་དམངས་ཀྱི་གྲས་ལ། དངོས་སུ་ཚུད་པར་སེམས་གཏིང་ནས་དགའ་སྤྲོ་ཚད་མེད་ཀྱིས་སྨོན་འདུན་ཞུ། དར་མའི་སྒོ་ཐེམ་ནི། ཁྱོད་ཚོའི་མི་ཚེའི་རྒྱང་བཞུད་རིང་མོའི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་ཏེ། འདི་ཉིད་རྡོག་པས་མནན་པ་ནས། ཁྱོད་ཚོས་ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ་བཅས་ཀྱི་འགན་འཁྲི་འཁུར་འགོ་ཚུགས་པ་གཞི་ནས་ཤེས་དགོས།
ལོ་ན་བཅོ་བརྒྱད་ནི་ཁྱོད་ཚོས་རེ་བའི་ཞིང་སར་རྒྱལ་ཁའི་སོན་བཟང་འདེབས་པའི་དུས་སྐབས་འགངས་ཆེན་དེ་ཡིན་པས། མི་ཚེའི་རྨི་ལམ་མངོན་འགྱུར་བྱེད་སླད། སྙིང་ལ་རུས་པ་བཅངས་ཤིང་། སྤོབས་པའི་ཨམ་གཙིགས་བསྡམས་ཏེ། མཐོ་རྒྱུགས་ཀྱི་གཡུལ་ངོ་ནས་སྐར་འབྲས་ཀྱི་བར་སྣང་ལ། མཆོང་སྐྱོད་ཐེངས་ཤིག་བྱེད་ཐུབ་པའི་ཡིད་ཆེས་དང་། བརྩོན་པའི་གྲ་སྒྲིག་ཚགས་སུ་ཆུད་དགོས།
སྙིང་ཉེ་བའི་སློབ་གྲོགས་ཚོ། ཡང་གཅིག་བཤད་ན། ལོ་ན་བཅོ་བརྒྱད་ནི། འགྲན་རྩོད་ཀྱི་བུ་ཡུག་འཚུབ་པའི་རྒྱལ་ཕམ་གྱི་གར་སྟེགས་ཤིག་ཀྱང་ཡིན་ཏེ། ད་ནས་ཉིན་ཞག་གཉིས་གསུམ་གྱི་རྗེས་སུ། ཁྱོད་ཚོ་རེ་རེ་བཞིན། མཐོ་རྒྱུགས་ཀྱི་གཡུལ་ངོར་དཔའ་གདེང་དང་བཅས་ཏེ་བསྐྱོད་དགོས། འདི་ནི་ཁྱོད་ཅག་གི་མི་ཚེའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་ཉམས་སད་ཐེངས་ཤིག་སྟེ། རང་ཉིད་ལ་འགྲན་སློང་ཞིག་ཡིན་ལ། མི་ཚེའི་འགྱུར་མཚམས་གལ་ཆེན་དེ་ཡང་ཡིན་ནོ།། ཛ་དྲག་གི་འགག་སྒོ་འདིར་སླེབས་དུས། སློབ་གྲོགས་ཚང་མས་རང་ཉིད་ཀྱི་མདུན་ལམ་དང་མི་རིགས་ཀྱི་ལས་དབང་སྦྲེལ་མཐུད་བྱེད་དགོས་པ་དང་། མི་ཚེའི་གདམ་ག་དང་སྤྱི་ཚོགས་ཀྱི་དགོས་མཁོ་བསྲེས་སྦྱོར། འཚོ་བའི་དམིགས་འབེན་དང་ཕ་མའི་རེ་ལྟོས་ཟུང་འཇུག །མདོར་ན་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་འཇོན་ཐང་ཅན་ཞིག་ཏུ་འགྱུར་རྒྱུའི་སེམས་ཐག་བཅད་དེ། ཕ་མ་ལ་དྲིན་ལན་འཇལ་བ་དང་དགེ་རྒན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བཅས་ཀྱི་ཕྱོགས་སུ་འབད་ཅི་ཐུབ་བྱེད་དགོས།
སློབ་གྲོགས་ཚོ། ལོ་ན་བཅོ་བརྒྱད་ནི་ཡར་མར་ཐང་ཐོག་ལ་འབུད་པའི་ལོ་ཚོད་ཡིན་ལ། མཐོ་རྒྱུགས་ནི་ཁྱེད་ཅག་གི་མི་ཚེའི་འཕུར་སྐྱོད་ཁྲོད་ཀྱི་མཆོང་སྟེགས་གནད་ཅན་དེ་ཉིད་ཡིན། སྐབས་ཐོག་འདིར་ཁྱོད་ཚོ་ལ་གནོན་ཤུགས་ཅི་འདྲའི་ཆེ་ན་ཡང་། གདོང་ལེན་གྱི་གྲ་སྒྲིག་ཨང་གསར་བྱེད་དགོས་ཏེ། སྲིད་པ་མི་ཡུལ་གྱི་འཇིག་རྟེན་འདིར། གནོན་ཤུགས་མེད་ན་འགུལ་ཤུགས་མེད་ཅིང་། འགུལ་ཤུགས་མེད་ན་འཕེལ་རྒྱས་མེད་པ་ཤེས་པར་གྱིས། མཐོ་རྒྱུགས་ནི་དཀའ་ཚེགས་ཀྱི་འགག་སྒོ་ཞིག་ཡིན་པ་བདེན་མོད། སློབ་གྲོགས་ཚོས་དཀའ་སྡུག་ཁྲོད་ནས་སྙིང་རུས་སྦྱོང་བ་དང་། ཛ་དྲག་ཁྲོད་ནས་གྲུབ་འབྲས་བརྩོན་ལེན་བྱས་ཏེ། འགྲན་རྩོད་ཁྲོད་ཀྱི་གཟི་བརྗིད་ཉམས་སུ་མྱོང་ཐུབ་པར་སྨོན།
སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་གར་སྟེགས་ནས། ལས་དབང་གི་བཀོད་སྒྲིག་ཅིག་གིས། བགྲང་བྱ་གསུམ་གྱི་དུས་ཡུན་ནང་། དམིགས་ཡུལ་གཅིག་གི་ནམ་མཁའ་བཏེགས་ནས་འོངས་པའི་ལས་འབྲེལ་གྱི་སློབ་བུ་རྣམ་པ། མིག་རྡེབ་ཙམ་གྱི་ཡུན་ལ། ཁྱེད་ཅག་འདི་ལྟར་མ་ཡུམ་སློབ་གྲྭ་དང་ཁ་གྱེས་ཏེ། རྒྱང་སྐྱོད་གསར་བའི་ལམ་སྣེ་རྡོག་པས་གནོན་པའི་དུས་ལ་སླེབས་སོང་། མཚམས་འདིར་ངས་ད་དུང་ཡར་སྔོན་ནང་བཞིན། ཤིན་ཏུ་གཟབ་ནན་གྱི་ངང་ལ། ཁྱོད་ཚོར་རེ་བ་ཚིག་གསུམ་གལ་བོ་ཆེ་ལ་ནན་ཏན་དུ་ཞུ་འདོད་པ་ནི། བྱ་རྒོད་པོ་བར་སྣང་དབྱིངས་ལ་འཕུར་ཡང་། མཐར་ཐུག་གི་འབབ་ས་བྲག་དམར་ཐེམ་ཡིན་པ་བཞིན། མི་འགྱངས་པར་ཁྱོད་ཚོ་རང་རང་གི་རྒྱུགས་འབྲས་ལ་བརྟེན་ནས། གནམ་མཐའ་མཚོ་ཟུར་གང་དུ་ཕྱིན་ཀྱང་། མཐའ་མཇུག་གི་ཞབས་འདེགས་ཞུ་ས། ཕ་ས་ཕ་ཡུལ་དང་རང་རེའི་མི་རིགས་འདི་ཉིད་ཡིན་པས། སྐད་རིགས་འདྲ་མིན་གྱི་གདོང་གཏུགས་ཁྲོད་ནས། དུས་བསྟུན་གྱིས་ཤེས་བྱ་སྣ་མང་ལ་སྦྱོང་བརྡར་གང་ལེགས་བྱེད་དགོས་པ་སྨོས་མ་དགོས་ཀྱང་། ཕ་མེས་ཡང་མེས་ནས་བརྒྱུད་འོངས་པའི་རང་ཅག་གི་སྲོལ་རྒྱུན་རིག་གནས་ཀྱི་བླ་སྲོག་འདོར་མི་རུང་ཞིང་། ཕ་སྐད་མ་ཡིག་གི་གདངས་ལ་བརྒྱུས་པའི་ཀ་ཁ་སུམ་ཅུ་ཡི་དབྱངས་རྟ་གཏན་ནས་བརྗེད་མི་རུང་།
ཁྱོད་ཚོ་ནི་དཔྱོད་ཤེས་ཀྱི་རྣམ་རིག་བཀྲ་བའི་གངས་ལྗོངས་ཀྱི་གླག་རྒོད་ཁྱུ་གཅིག་ཡིན་པའི་དབང་དུ་བཏང་ཚེ། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཀྱི་གཤོག་པ་ཆ་གཅིག་ལ་བརྟེན་ན། ད་གཟོད་དུས་རབས་ཀྱི་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་ཐུབ་པ་ལས། ཁ་ཅིག་ལྟར་སྲོལ་རྒྱུན་ཡོད་ཚད་གདོན་རྫས་སུ་བརྩིས་ཤིང་སྣང་མེད་དུ་གཡུགས་ན་ནི། ནམ་ཡང་གཤོག་སྒྲོ་ཆད་པའི་མདའ་ཡན་བཞིན་ཁ་ཕྱོགས་མེད་པར་འགྱུར་བས། གཏན་ནས་གཏན་དུ་སྔོན་ཐོན་གྱི་མཁའ་དབྱིངས་སུ་འཕུར་མི་ཐུབ་པ་བཟློག་མེད་ཀྱི་ཆོས་ཉིད་ཡིན་པ་ཤེས་པར་མཛོད།
དུས་རབས་ཉེར་གཅིག་པའི་འགྲན་རྩོད་ཀྱི་ཉག་སྒོ་འདིར། གསར་དར་རིག་གནས་ཀྱི་རླབས་རྒྱུན་དྲག་ནས་དྲག་ཏུ་མཆེད་བཞིན་ཡོད་ནའང་། རང་ཅག་མི་རབས་ཕྱི་མ་རྣམས་ཀྱི་ཕྲག་སྟེང་ན་སྒྲོ་ལྟར་སྐྱེས་པའི་བཤོལ་མེད་ཀྱི་འགན་འཁྲི་ནི། མི་རིགས་ཀྱི་བླ་སྲོག་ལྟ་བུའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཡིན་པ་བརྗེད་མི་ཉན། ང་ཚོའི་ཤ་དང་རུས་པའི་གསེང་དང་། ཁྲག་དང་རྐང་གི་སྦུབས་ན་བག་ལ་ཞ་བའི་ཕ་སྐད་མ་ཡིག་གི་ས་བོན་གྲུང་བོ་འདི། ཅི་ནས་ཀྱང་བསྐམ་དུ་མི་འཇུག་པར་རང་ནུས་གང་ཡོད་ཀྱིས་གསོས་བཏབ་སྟེ། མུ་མཐུད་དུ་ཡལ་ག་དང་ལོ་མ་རྒྱས་ཤིང་མེ་ཏོག་དང་འབྲས་བུ་སྨིན་པའི་ཐབས་ལ་རྩོན། ཁྱོད་ཚོའི་ངག་ཐོག་ན་ཕ་སྐད་ཡོད་པ་དེ་སྲིད་དུ། ཁྱོད་ཚོའི་ཁོར་ཡུག་ན་འོད་སྣང་ཡོད་ལ། ཁྱོད་ཚོའི་སེམས་གཏིང་ན་མ་ཡིག་ཡོད་པ་དེ་སྲིད་དུ། ཁྱོད་ཚོའི་འཚོ་གནས་ལ་སྙིང་བོ་ལྡན་པས། མར་མེ་གཅིག་ལས་བརྒྱ་མཆེད་ཀྱི་ཚུལ་དུ་བུ་རབས་ཚ་གཞུག་ཀུན་གྱི་རྩ་ལམ་ལ། ཕ་སྐད་མ་ཡིག་གི་ཁྲག་རྒྱུན་རྣལ་མ་བརྒྱུད་སྤྲོད་བྱེད་པའི་འོས་འགན་ད་ལྟ་ནས་ངོས་ཟིན་པར་གྱིས།
ཁྱེད་ཚོ་སློབ་ཆེན་དུ་འགྲིམ་དུས་སམ། མ་འོངས་པར་ལས་ཚོགས་ལ་འགྲོ་དུས་གང་ཡིན་ཡང་། སྐད་ཡིག་དང་གོམས་སྲོལ་ནི་ཁྱེད་ཚོའི་ཐུན་མིན་གྱི་ངོ་བོ་མཚོན་བྱེད་ཡིན་པས། གལ་ཏེ་ཁྱེད་ཚོས་ཕ་སྐད་བརྗེད་པར་གྱུར་ཚེ། རང་གི་མི་རིགས་ཀྱི་བླ་གནས་དོར་བ་ཡིན་ལ། རྣམ་ཤེས་ཀྱི་རྟེན་གཞི་བོར་བ་ཡིན། ཡབ་མེས་ཚོའི་བརླ་རུས་བསྒུལ་བ་ཡིན་ལ། རིགས་རྒྱུད་ཀྱི་ཞབས་འདྲེན་བྱས་པའང་ཡིན་པས། ཕ་དམ་པའི་རུས་པ་གསེར་གྱིས་ཤན་མི་ཐུབ་རུང་། མ་བཟང་མོའི་སྐྲ་ལོ་རླུང་ལ་བསྐུར་མི་ཉན་པ་སེམས་ལ་འཛིན་རོགས།
དེ་བས་ཁོག་ན་སྙིང་དང་སྙིང་ལ་རུས་པ་ཞིག་ཡོད་ན། ཡུལ་དུས་གནས་སྐབས་ཀུན་ཏུ་རང་གི་ཕ་སྐད་ཀྱི་འཚོ་བཅུད་དང་རིག་གནས་ཀྱི་བྱིན་རླབས་རྐང་ལ་སིམ་པར་བྱས་ཏེ། ནམ་ཡང་ལ་རྒྱའི་གཟུངས་གཞུག་མ་རུལ་བའི་མི་བུ་རང་ཚུགས་ཅན་ཞིག་ཨེ་འཁྱོངས་ལ་འབད་པ་གྱིས་ཤིག །ཕ་སྐད་མ་ཡིག་གི་སྒྲོན་མེ་དམ་པ་འདིའི་བླ་ཚེ་སྲོག་གསུམ་མི་རབས་ཕྱི་མའི་རྒྱུད་ལ་ཁྱབ་སྤེལ་བྱེད་ཐུབ་མིན་ཁྱོད་ཚོ་དང་ང་ཚོ་ལ་ངེས་པར་རག་ལས་སོ། །ངེད་ཅག་འཇིག་རྟེན་དཀར་ངོགས་འདིར་འོངས་དུས། ཕ་སྐད་ཀྱིས་བསུས་ནས་འོངས་པ་ཡིན་པས། འཇིག་རྟེན་ཕྱི་མར་འགྲོ་དུས་ཀྱང་། མ་ཡིག་གིས་བསྐྱལ་ནས་འགྲོ་མཁན་ཞིག་ཡིན་དགོས། ཁྱེད་ཅག་གིས་མི་ལོ་བཅུ་གཉིས་ཀྱི་རིང་ལ་རྩམ་དྲི་དང་མར་དྲི་བྲོ་བའི་བོད་ཡིག་གི་སྙན་ངག་དང་། ལོ་རྒྱུས། གཏམ་རྒྱུད། ལེགས་བཤད་སོགས་སློབ་སྦྱོང་བྱས་ནས་འོངས་པ་ཡིན་པས། ཁྱེད་ཚོའི་སེམས་ཁམས་སུ་རིག་གནས་ཀྱི་ས་བོན་གྲུང་བོ་མ་རུལ་བར་གནས་ཡོད་པར་བཤད་ཆོག །དེ་བས་མ་འོངས་པར་ཁྱེད་ཚོ་ས་གང་དུ་ཕྱིན་ཀྱང་། གནས་གང་ནས་བསྡད་ཀྱང་། ཕ་སྐད་སྙིང་ལ་བཅངས་ཤིང་མ་ཡིག་སྲོག་ཏུ་འཛིན་རྒྱུ་མ་བརྗེད་རོགས།
སྤྱིར་ན། མིག་སྔའི་སྤྱི་ཚོགས་ནི་གོ་ལ་ཁྱིམ་གཅིག་ཅན་དང་རིག་གནས་སྣ་གཅིག་ཅན་དུ་འགྱུར་བ་ལ་མངོན་དུ་ཕྱོགས་པའི་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་པས། ང་ཚོ་ཚང་མས་རྒྱལ་ཁབ་ཀྱི་སྤྱི་སྐད་སྦྱོང་བ་དང་མཉམ་དུ། རང་གི་ཕ་སྐད་མ་ཡིག་གིས་མཚོན་པའི་སྲོལ་རྒྱུན་རིག་གནས་ཁག་ལ་སྦྱངས་བརྩོན་བྱེད་རྒྱུ་དེ་ཡང་མཐར་གཏུགས་ན། དེང་གི་སྲིད་ཇུས་ཀྱི་རྩ་བའི་དགོངས་པ་དང་མཐུན་ཞིང་། མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་དང་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་ཡང་ཡིན་པས། ཁྱེད་ཚོས་ཕ་སྐད་སྦྱོང་བ་དང་མ་ཡིག་སློབ་པ་དེས། མེས་རྒྱལ་གྱི་བརྟན་བརླིང་ལ་ཤུགས་བསྣན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྣ་མང་རང་བཞིན་ཕུན་སུམ་ཇེ་ཚོགས་སུ་བཏང་བའང་ཡིན་ནོ།།
དེ་བས་སྙིང་ཉེ་བའི་སློབ་བུ་ཚོ། ཁྱེད་ཚོ་གང་དུ་ཕྱིན་ཀྱང་། རང་གི་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ནི་ཁྱེད་ཚོའི་སེམས་ཀྱི་རྟེན་ས་དང་། མི་ཚེའི་ལམ་སྟོན་གྱི་སྒྲོན་མེ་ཡིན་པར་མ་བརྗེད་རོགས། ཁྱེད་ཚོས་སློབ་གྲྭ་ནས་སྦྱངས་པའི་ཤེས་ཡོན་མཐའ་དག་ནི་མ་འོངས་པའི་བྱ་གཞག་ལེགས་འགྲུབ་ཀྱི་མ་རྩ་ཡིན། ཁྱེད་ཚོ་ནི་མི་རིགས་ཀྱི་རྐང་འཛིན་པ་ཡིན་པས། རང་གི་ཤེས་རབ་དང་འཇོན་ནུས་ལ་བརྟེན་ནས་རང་རེའི་མི་རིགས་སྤྱི་དང་བྱེ་བྲག་ཏུ་ཕ་ས་ཕ་ཡུལ་གྱི་དཔལ་ཡོན་ཟུང་གི་འཛུགས་སྐྲུན་ཐད་ལ། རང་ཚོད་ཀྱིས་ལེགས་སྐྱེས་ཕྲན་བུ་རེ་ཅིས་ཀྱང་འབུལ་བར་བརྩོན་དགོས། འདི་ནི་དགེ་རྒན་གྱི་ངོས་ནས་ཁྱེད་ཚོར་བཅངས་པའི་རེ་བ་ཆེ་ཤོས་དེ་ཡིན་པས། ཚང་མས་སྙིང་གི་དཀྱིལ་དུ་འཛིན་རོགས།
གོང་དུ་བཤད་པ་ལྟར། མི་ཚེ་ནི་ལམ་ཐག་ཧ་ཅང་རིང་བའི་འགྲུལ་བཞུད་ཀྱི་གོ་རིམ་ཞིག་ཡིན་པས། འབྱུང་འགྱུར་གྱི་ལམ་ངོགས་ནས། ད་དུང་དཀའ་ངལ་དང་འགྲན་སློང་གང་མང་ལ་འཕྲད་སྲིད་མོད། འོན་ཀྱང་། ཁྱེད་ཚོས་ཁ་བ་རི་བའི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་རྟ་རུ་སྦྲུམ་པའི་ཤོང་ཡངས་དང་སྒམ་དཀྱེལ། བཟོད་བསྲན་དང་སྡུག་རུས། ལྷག་བསམ་དང་བརྩེ་བ་བཅས་འགལ་མེད་ངང་ལམ་དུ་ཁྱེར་ཤེས་ན། དཀའ་ངལ་དེ་དག་ལས་རྣམ་པར་རྒྱལ་བར་གདོན་མི་ཟའོ།།
མདོར་ན། ཁྱོད་ཚོས་འདས་ཟིན་པའི་ལོ་ངོ་གསུམ་གྱི་འཚོ་བ་རྒྱལ་ཁའི་གཟི་འོད་ཁྲོད་བསྐྱལ་ན་འདྲ། གྲག་མེད་ཚོར་མེད་ངང་རྒྱུན་ལྡན་བབ་བསྟུན་གྱིས་བསྐྱལ་འོངས་ན་འདྲ། གང་ལྟར་འདས་སོང་ནི་བསློགས་ཟིན་པའི་གསེར་མདོག་གི་ཤོག་ལྷེ་རེ་རེ་དང་མཚུངས་པས། ད་ནས་ཁ་སང་གི་ལོ་ཟླར་གྱེས་ཕྱག་ཕུལ་ཏེ། དམིགས་ཡུལ་གྱི་གོམ་སྟབས་འབྱུང་འགྱུར་གྱི་ཕྱོགས་ལ་བསྒྱུར་དགོས། སློབ་འབྲིང་མཐར་ཕྱིན་པ་ནི་ཤེས་རིག་གི་འགྲུལ་བཞུད་མཇུག་རྫོགས་པ་མ་ཡིན་པར། དོན་དམ་པའི་ཤེས་རབ་ཀྱི་ལྗོངས་རྒྱུ་གཞན་ཞིག་གི་མགོ་བརྩམས་པ་ཡིན་པས། མུ་མཐུད་དུ་རང་ཚུགས་ཀྱི་ལྷམ་སྒྲོག་དམ་པོར་བསྡམས་ནས། སྔོན་ཐོན་གྱི་རི་རྩེར་སྙེག་པའི་བརྩོན་འགྲུས་ཀྱི་གོམ་སྟབས་མི་ལྷོད་པར་མཁྱེན་མཁྱེན་ཞུ།
མཇུག་མཐར་ངས་རང་ཉིད་ཀྱིས་བྲིས་པའི་སྙན་ངག་ཐུང་ངུ་ཞིག་ཀྱང་ཁྱེད་ཅག་ལ་མཐའ་མཇུག་གི་ལམ་བྲོའི་ཚུལ་དུ་འབུལ་བར་འདོད་པ་སྟེ།
མཐོ་ལ་བརྗིད་པ་ཡི་བྲག་སྐྱིབས་དྲོན་མོ་དང་གཅིག།
དེ་དང་འགྲོགས་པ་ཡི་ཐང་དཀར་རྒོད་ཁྱུ་དང་གཉིས།།
གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ།།
རྒོད་པོ་གཤོག་ཐོགས་ཚོ་ནམ་འཕང་གཅོད་པ་ལ་སོངས།།
བྲག་དམར་བྱ་ཚང་ང་སྔར་གྱི་ཁ་མལ་ནས་འདུག།
རྒོད་པོ་གཤོག་ཐོགས་ཚོ་བསེར་བུས་མ་འཐགས་པ་བྱས།།
བྲག་དམར་བྱ་ཚང་ང་ཐོག་གིས་མ་བཤིགས་པ་བྱས།།
ཡང་ཡང་ལྷན་ཅིག་ཏུ་འཛོམས་པའི་སྨོན་ལམ་ནི་འདེབས།།
དྭངས་ལ་གཙང་བ་ཡི་མཚོ་མོ་སྔོན་པོ་དང་གཅིག།
དེ་ལ་འཁོར་བ་ཡི་ཉ་མོ་གསེར་མིག་དང་གཉིས།།
གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ།།
ཉ་མོ་གཤོག་ཐོགས་ཚོ་ཆུ་གཏེར་སྐོར་བ་ལ་སོངས།།
དྭངས་གཙང་མཚོ་མོ་ང་སྔར་གྱི་ཁ་མལ་ནས་འདུག།
ཉ་མོ་གཤོག་ཐོགས་ཚོ་རྙི་ཡིས་མ་བཟུང་བ་བྱས།།
གཡུ་མཚོ་སྔོན་མོ་ང་འཁྱགས་པས་མ་བསྡམས་པ་བྱས།།
ཡང་ཡང་ལྷན་ཅིག་ཏུ་འཛོམས་པའི་སྨོན་ལམ་ནི་འདེབས།།
སྒམ་ལ་གནག་པ་ཡི་འདིར་བཞུགས་དགེ་རྒན་དང་གཅིག།
དེ་ལ་འགྲོགས་པ་ཡི་སློབ་མའི་འཁོར་ཚོགས་དང་གཉིས།།
གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ།།
རིག་བཟང་སློབ་བུ་ཚོ་རྒྱང་རིང་སློབ་ཆེན་ལ་སོངས།།
མཐོ་འབྲིང་དགེ་རྒན་ང་ཕ་ས་ཕ་ཡུལ་ནས་འདུག།
ཁྲེལ་ཡོད་སློབ་བུ་ཚོས་དགེ་རྒན་མ་བརྗེད་པ་བྱས།།
གཞི་རིམ་དགེ་རྒན་ཚོར་སྐུ་གེགས་མེད་པ་ཞིག་བྱས།།
ཡང་ཡང་ལྷན་ཅིག་ཏུ་འཛོམས་པའི་སྨོན་ལམ་ནི་འདེབས།།
ད་ནི་དུས་ཚོད་ཀྱི་དབང་གིས་ཚིག་གི་སྤྲོས་པ་བསྐྱུངས་ཤིང་དོན་གྱི་རྡོག་ཁ་བསྒྲིལ་ན། སློབ་གྲོགས་རྣམ་པའི་ཀླུང་རྟ་རྒྱས་ཤིང་བསམ་དོན་ཡིད་བཞིན་གྲུབ་སྟེ། སོ་སོས་གང་ལ་དམིགས་པའི་སློབ་ཆེན་གྱི་སྒོ་ཐེམ་རེ་རེ་རྡོག་པས་གནོན་ཐུབ་པར་སྨོན། ཁ་བྲོ་བཀྲ་ཤིས། སྤྱི་ལོ༢༠༢༦ལོའི་སྤྱི་ཟླ༦ཚེས༤ཉིན།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།