༄༅། །རྫོགས་ཆེན་མཁན་པོ་ཀུན་བཟང་ཉི་མ་ལགས་ཀྱི་དེབ་གསར་འོས་སྦྱོར།

微信图片_20260131112907_7_1324.jpg

༄༅། །རྒྱུད་བླ་མའི་བསྟན་བཅོས་ཀྱི་ཚིག་དོན་རྣམ་པར་བཤད་པ་ངེས་དོན་ལུང་གི་ཉི་མ།

སྤྱིར་ས་ཆེན་སྲིད་པའི་སྒང་གི་འགྲོ་བ་མི་ཞིག་ཡིན་ནས་བཟུང་།    རང་རང་ལ་བསྐོས་ཐོབ་ཀྱི་བྱ་བ་རེ་ཡོད་ལ།   དེའི་བྱ་བཞག་དེ་ལ་དགའ་མོས་ཀྱིས་འཇུག་པ་ནས་བཟུང་རིམ་བཞིན་རྣམ་པ་ཇེ་ལེགས་དང་སྤུས་ཇེ་དག་ཏུ་གཏོང་འདོད་པ་ནི་ཐམས་ཅད་ཀྱི་བསམ་ཕྱོགས་གཅིག་མཐུན་ཡིན།དེ་བཞིན་ང་རང་ཡང་ནང་བསྟན་སངས་རྒྱས་ཀྱི་ཆོས་སྒོར་ཞུགས་པའི་མི་ཞིག་ཡིན་པའི་རྒྱུ་མཚན་གྱིས་རང་གི་བསྟན་རྒྱུན་འདི་ཡུན་རིང་འཕེལ་ན་སྙམ་པ་དང་དེའི་ཆེད་དུ་རང་གིས་ཀྱང་ཕྱར་བ་གྲུ་འདེགས་བྱེད་འོས་སྙམ་བཞིན་ཡོད་པར་བཤད་མ་དགོས།   དེས་ན་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་བསྟན་པ་འདི་སློབ་དཔོན་དབྱིག་གཉེན་གྱིས་བཤད་དང་སྒྲུབ་པས་འཛིན་དགོས་གསུངས་པ་བཞིན་རང་གིས་ཀྱང་འོས་འཚམས་ཀྱི་བྱ་བ་ཅུང་ཙམ་རེ་དེ་སྔོན་ཡང་བྱས་ལ་མ་འོངས་པ་ཡང་དེ་ལྟར་ལོས་བྱེད།    སྐབས་འདིར་སྟོན་པ་བདེ་བར་གཤེགས་པའི་བཀའ་གསུང་དྲི་མ་མེད་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སོགས་གསུངས་པའི་ནང་ནས་ཆེས་ཕུལ་དུ་བྱུང་བ་དང་བླ་ན་མེད་པ།  མདོ་དགོངས་འགྲེལ་སོགས་ལས་རབ་ཏུ་བསྔགས་པའི་བཀའ་ཐ་མའི་མདོ་སྡེ་རྣམས་ལས་སྙིང་པོ་བསྟན་པའི་མདོ་བཅུ་སོགས་ཀྱི་དགོངས་འགྲེལ་བླ་ན་མེད་པ་རྒྱལ་ཚབ་བྱམས་པ་མགོན་པོ་མཆོག་གིས་བརྩམས་གནང་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི་ཉིད་ཞིབ་ཏུ་འགྲེལ་ནས་བཤད་དོན་ཡང་ཀུན་སློང་དེ་ལས་རྣམ་པ་ཐམས་ཅད་དུ་མ་འདས་པའོ།།   

微信图片_20260131112906_6_1324.jpg

ཡང་སྒོས་སུ་སྔ་འགྱུར་མཁས་པའི་ཁྲོད་ན་འདིའི་འགྲེལ་བ་ཤིན་ཏུ་རྒྱས་པ་ཞིག་དེ་སྔོན་མ་མཇལ་པས་གཞུང་ཟབ་འདི་བཤད་བྱ་རྩ་བའི་མདོ་རྣམས་དང་སྦྱར་བའི་འགྲེལ་བ་ཞིག་འབྲི་ཐུབ་ན་སྙམ་ནས་འབད་བརྩོན་ཆེན་པོས་འཇུག་པ་ཡིན།  འགྲེལ་བ་འདིའི་འབྲི་ལུགས་ང་རང་གསང་ཆེན་སྔ་འགྱུར་པའི་བསྟན་ཞབས་སུ་སྐྱེས་པའི་གང་ཟག་ཅིག་ཡིན་པས་རང་ཉིད་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ།  ཀུན་ཆེན་རོང་ཀློང་རྣམ་གཉིས།  གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་སོགས་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་དག་གི་རྗེས་སུ་ཞུགས་ནས་དེ་དག་གི་གསུང་སྒྲོས་དང་མཐུན་པར་གཞུང་འདིའི་ལྟ་གྲུབ་ཀྱི་ཟབ་དོན་རྣམས་གླེང་བར་བྱས་ལ།   དེ་ཡང་བསྟན་པ་གཅིག་གི་སྒོར་ཞུགས།   སྟོན་པ་གཅིག་ལ་སྐྱབས་སུ་སོང་པའི་ཆོས་བརྒྱུད་གང་ཡིན་ཡང་ནང་གསེས་ཤིན་ཏུ་མི་འདྲ་བ་མེད་ནའང་།   དམ་པ་གོང་མ་རྣམས་ཀྱིས་གདུལ་བྱ་རྗེས་སུ་འཛིན་ཚུལ་གྱི་དབང་གིས་རྩལ་འདོན་མཛད་ལུགས་མི་འདྲ་བར་ཡོད་པས་ངས་ནི་རང་ཉིད་ཆོས་བརྒྱུད་གོང་ལ་ཞུགས་ཡོད་པ་དེའི་ཕྱོགས་ཀྱི་འདོད་གཞུང་ལྟར།   གཞི་ལྟ་བའི་རྣམ་གཞག།   ལམ་སྒོམ་པའི་ཡེ་ཤེས།  འབྲས་བུ་འཐོབ་ཚུལ་གྱི་ངོ་བོ་སོགས་རང་ལུགས་ལྟར་བཤད་བྱ་རྩ་བའི་མདོ་རྣམས་གཙོ་བོར་དང་དེའི་རྒྱབ་ཆོས་བཀའ་བར་བའི་ཤེར་མདོ་རྣམས་དང་གཞན་པའི་མདོ་སྡེ་མང་ཙམ་གྱིས་སྒྲུབ་བྱེད་བཀོད་ནས་བྲིས་ལ།   ཚིག་གི་འགྲེལ་དེད་ཚུལ་ཙམ་ཡང་རང་བཟོ་དང་མ་བརྟགས་ཧོད་ཀྱིས་བྲིས་པ་མ་ཡིན་པར་སློབ་དཔོན་ཐོགས་མེད་ཀྱི་གཞུང་དང་བསྒྲིགས་ནས་ཤིན་ཏུ་གཟབ་ནན་བྱས་ཁུལ་བྱས་པ་ཡིན། སྤྱིར་གཞུང་ཆེན་འདི་ལྟ་བུ་ཞིག་ལ་འགྲེལ་བ་ཞིབ་མོ་ཞིག་འབྲི་བ་ནི་ཤིན་ཏུ་དཀའ་ནའང་ཡུན་རིང་ཐོས་བསམ་བྱས་པའི་དོན་གོ།  ཁྱད་པར་དམ་པ་གོང་མའི་གསུང་རྣམས་དང་བསྒྲིགས་ནས་ཅུང་ཟད་བཤད་ན་ཉེས་པ་མི་ཆེ་སྙམ་ནས་ལོ་གཉིས་ལ་འབད་པ་ཆེན་པོས་བྲིས་པ་ལགས་སོ།།

微信图片_20260131112322_185_53.jpg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།