བོད་ཀྱི་རྗེ་འབངས་ཉེར་ལྔའི་ལོ་རྒྱུས་རག་བསྡུས་དང་དཔེ་རིས།

timg的副本.jpeg

སློབ་དཔོན་ཆེན་པོ་གུ་རུ་རིན་པོ་ཆེའི་ཞལ་སློབ་རིག་འཛིན་རྗེ་འབངས་ཉེར་ལྔ་ནི། སྤྱིར་བོད་གངས་རིའི་ལྗོངས་སུ་དར་བའི་ནང་པ་སངས་རྒྱས་པའི་བསྟན་པ་སྤྱི་དང་། བྱེ་བྲག་དཔལ་གསང་ཆེན་སྔ་འགྱུར་པའི་བསྟན་པ་ལ་མཛད་རྗེས་བླ་ན་མེད་པའི་སྐྱེས་ཆེན་འབའ་ཞིག་ཡིན་པས། ཁོང་རྣམས་ངོ་སྤྲོད་མདོར་བསྡུས་ཙམ་ཞུས་ན། དེ་ཡང་ལྷ་སྲས་མུ་ཏིག་བཙན་པོ་དང་། སད་ན་ལེགས་མཇིང་ཡོན་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཅིང་།འདི་སྐབས་ཆོས་འབྱུང་རྣམས་སུ་ཞལ་མི་མཚུངས་པ་དང་། ཁྲི་སྲོང་ལ་སྲས་བཞི་ཡོད་པར་འདོད་པ་སོགས་སྣ་ཚོགས་ཤིག་འདུག་ཀྱང་། ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེས། མུ་ནི་བཙན་པོ། མུ་རུབ་བཙན་པོ། མུ་ཏིག་བཙན་པོ་སྟེ་གསུམ་དུ་ཞལ་ཚོན་གཅོད་པར་གནང་བ་དོན་ལའང་གནས་ཤིང་། དེ་བཞིན་མུ་ཏིག་སྲས་ལའང་གཙང་མ། དར་མ། རལ་པ་ཅན། ལྷ་རྗེ། ལྷུན་འགྲུབ་ལྔར་བཞེད་པ་དོན་ལ་གནས་སོ། །དེ་ནས་སློབ་དཔོན་ཉིད་སྲིན་ཡུལ་གླིང་དགུའི་དབུས་ན་མཁའ་སྤྱོད་ཟངས་མདོག་དཔལ་རིའི་རྩེར་ཡེ་ཤེས་རང་རྩལ་གྱི་གདངས་ལས་ཤར་བའི་པདྨ་འོད་ཀྱི་གཞལ་ཡས་ཁང་དུ་སྐྱེ་ཤི་བགྲེས་རྒུད་སྤངས་པའི་རྡོ་རྗེའི་སྐུས་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ཏེ་གསང་གསུམ་སྒྱུ་འཕྲུལ་རྡོ་རྗེའི་རོལ་པ་མཐའ་ཡས་པའི་རྫུ་འཕྲུལ་གྱིས་སྲིན་པོ་རྣམས་ཆོས་ལ་འཛུད་པ་དང་། གདུལ་བྱ་རྣམས་རྗེས་སུ་འཛིན་པའི་ཕྲིན་ལས་ཀྱི་འཇུག་པ་མི་བརྟུལ་བས་བོད་ཡུལ་ཁ་བ་ཅན་གྱི་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་རྗེ་གཞན་ལས་འཕགས་པར་ཞལ་གྱིས་བཞེས་པ་བཞིན་དུ་ཡེ་ཤེས་ཀྱི་གཟིགས་པ་དུས་ལས་མི་ཡོལ་བས་བསྐྱངས་ཏེ་བཞུགས་སོ། །སློབ་དཔོན་རིན་པོ་ཆེ་འདི་རྒྱ་གར་འཕགས་པའི་ཡུལ་སོགས་དང་། བོད་ཡུལ་དུ་ཇི་ཙམ་བཞུགས་པའི་ལོ་ཟླའི་གྲངས་ངེས་ཐང་ཡིག་ཏུ་རྒྱས་པར་གསུངས་ཀྱང་འདིར་ཡི་གེ་མང་གིས་དོགས་ནས་མ་བྲིས། དེ་མཚུངས་ཞལ་སློབ་ཀྱང་བསམ་གྱིས་མི་ཁྱབ་པ་བྱོན་ཡང་རེ་རེ་ནས་བགྲང་བར་མི་ནུས་མོད། འོན་ཀྱང་འཁོར་གྱི་གཙོ་བོ་ཐུགས་སྲས་རྗེ་འབངས་ཉེར་ལྔའི་ལོ་རྒྱུས་ཅུང་ཟད་གླེང་བར་བྱ་སྟེ། དེ་ཡང་གོང་དུ་སྨོས་པ་ལྟར་དཔལ་གྱི་བསམ་ཡས་མཆིམས་ཕུའི་ཡང་དབེན་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་རྗེ་འབངས་རྣམས་ལ་དབང་བསྐུར་བའི་ཚེ་གསེར་སྲང་བཅུ་རེ་ལ་མེ་ཏོག་བྱས་ཏེ་དཀྱིལ་འཁོར་ལ་ཕུལ་བས་གང་དུ་མེ་ཏོག་ཕོག་པའི་ལྷ་སོ་སོར་བཀའ་བབས་ཏེ་གྲུབ་པ་ཐོབ་པས་རྗེ་འབངས་ཉེར་ལྔར་གྲགས་པ་བྱུང་སྟེ། འདི་དུས་ལྷ་སྲིན་རྣམས་ཀྱིས་སློབ་དཔོན་ལ་མཐོ་འཚམས་ཕྱིར་ཀླད་ཀྱི་རྫ་མོ་སྙིལ་བ་སློབ་དཔོན་གྱིས་ཧཱུཾ་ཞེས་གསུངས་པས་རྫ་མོ་ཉིལ་བ་ཡར་ལོག་སྟེ་ཡི་གེ་ཧཱུཾ་གི་གཟུགས་སུ་གནས་པར་དེང་སང་རྫ་མོ་ཧཱུཾ་འདྲ་མར་གྲགས་སོ། །འདིར་ཁྲི་སྲོང་རྣམ་འཕྲུལ་དབང་པོའི་སྡེས། ཐུགས་སྲས་མི་རྗེ་འབངས་རིགས་ཉེར་ལྔ། ཞེས་གསུངས་པའི། མི་རྗེ་ཁྲི་སྲོང་ལྡེའུ་བཙན་ནི་ལོ་རྒྱུས་རྒྱས་པ་བཤད་མ་ཐག་པ་དེ་ལྟར་ལས།དབང་སྐུར་ཞུ་བའི་དུས་མེ་ཏོག་དབུས་སུ་བབས་པས། སློབ་དཔོན་གྱིས་གསང་མཚན་ཚངས་པ་ལྷའི་མེ་ཏོག་རྩལ་དུ་གནང་། ཆེ་མཆོག་བདེ་གཤེགས་འདུས་པའི་བཀའ་བབས་ཏེ། ཏིང་ངེ་འཛིན་ལས་མི་གཡོ་བར་ལྷུན་འགྲུབ་ཀྱི་དགོངས་པ་སྐྱེས། མཁན་པོ་བོ་དྷི་ས་ཏྭ་ལས་མདོ་ཕྱོགས་གསན་པས་ཤེར་ཕྱིན་གྱི་རྟོགས་པ་འཁྲུངས་ནས་བཀའ་ཡང་དག་པའི་ཚད་མ་ཞེས་པའི་བསྟན་བཅོས་དང་། འབུམ་གྱི་ཊི་ཀ་སོགས་བསྟན་བཅོས་མང་པོ་མཛད།སྤྲུལ་པའི་དམག་བྱེ་བ་ཕྲག་བཅུ་བཞིས་རྒྱ་གར་མཆོད་རྟེན་པདྨ་ཅན་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་ལེན་པ་དང། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པར་མཛད་དེ། ཆོས་ཀྱི་རྒྱལ་པོ་འདི་བསིལ་ལྡན་ཁ་བའི་ལྗོངས་འདིར་རྒྱལ་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ་གཅིག་ཏུ་གྱུར་བ་དེའོ།། དེའང་རྗེ་འབངས་ཉེར་ལྔ་ལས།

640.jpeg

 ༡གནུབས་སངས་རྒྱས་ཡེ་ཤེས།

གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི། གནུབས་ཀྱི་ཡུལ་རོང་དུ་འཁྲུངས། མེ་ཏོག་སྐུ་གཤིན་རྗེར་ཕོག་པས་ལྷ་ཚོགས་ཐམས་ཅད་ཀྱིས་ཞལ་གཟིགས།བྲག་ལ་ཕུར་པ་བཏབ་པ་དང་། ཉི་ཟླ་གདན་དུ་བཏིང་བ་སོགས་གྲུབ་པའི་རྟགས་མཚན་མངོན་སྣང་དུ་སྟོན་པར་ནུས། རྒྱ་གར་དང་བལ་ཡུལ་དུ་ལན་བདུན་བྱོན། བལ་པོ་བྷ་སུ་དྷ་ར་ལས་མངོན་སྤྱོད་ཀྱི་ལས་མང་དུ་ཞུས་ཤིང་དྲག་པོའི་ཕྲིན་ལས་མང་དུ་མཛད། ཁྱད་པར་དུ་རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བཤིག་པའི་དུས་སློབ་དཔོན་འདིས་རྒྱལ་པོ་སྡིག་ཅན་སྐྲག་པར་མཛད་དེ། རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་ཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོ་འོ། ཆོས་མཛོད་ཅིག་ཟེར། ད་དུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་བར་སོང་། དེར་རྒྱལ་པོ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་སྟེ། སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་ལ་གནོད་པ་མ་བྱུང་བ་ཁོང་གི་དྲིན་དུ་མངོན་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་ལའང་ཕན་པ་ཆེར་བྱུང་ངོ་། །འདིའི་སྒྲུབ་གནས་སྒྲགས་ཡངས་རྫོང་ཡིན་པས། ཆོས་འབྱུང་མཁན་རྣམས། སྒྲགས་པ་དང་། གནུབས་པ་གཉིས་སུ་འཁྲུལ་བ་དེས་ཡིན་པ་འདྲའོ། །ཚེ་ཡི་རིག་འཛིན་བརྙེས་པས་མངའ་བདག་དཔལ་འཁོར་བཙན་གྱི་བར་བཞུགས་སོ། །

640-1.jpeg

༢ ངན་ལམ་རྒྱལ་བ་མཆོག་དབྱངས།

ངན་ལམ་རྒྱལ་བ་མཆོག་དབྱངས་ནི། དབུ་རུ་འཕན་གྱི་ཡུལ་དུ་སྐུ་འཁྲུངས། རུས་ངན་ལམ། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་སྟེ་བོད་འདིར་རབ་བྱུང་གི་སྔ་བ་སད་མི་མི་བདུན་གྱི་གྲས་ཡིན། སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ། སྦ་བཞེད་ཀྱི་ལོ་རྒྱུས་ལས་རབ་ཀྱི་མི་དགུ་འདྲེན་པ་ན། བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། ཞེས་འབྱུང་ངོ་། །མེ་ཏོག་གསུང་རྟ་མགྲིན་ལ་ཕོག། དབེན་རྩར་སྒྲུབ་པ་མཛད་པས་ཡུལ་གསུམ་གྱད་དུ་གྱུར་ཏེ་དབུ་གཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་འཚེར་བ་བྱུང་། ཚེ་ཡི་རིག་འཛིན་བརྙེས་པས། མངའ་བདག་དཔལ་འཁོར་བཙན་གྱི་དུས་རྨ་བན་བྱང་ཆུབ་བློ་གྲོས་སྟོད་དུ་འབྲོ་རྣམས་ཀྱིས་མི་ཤ་ལ་བཀུམ་པ་རྒྱལ་པོར་སྐྱེས་ཏེ་མངའ་བདག་ལ་གནོད་པ་ལ། རྒྱལ་བ་མཆོག་དབྱངས་ཀྱིས་རྒྱལ་པོ་རྩེ་མདོས་མཛད་ནས། བཙན་པོ་སྙུང་ལས་གྲོལ་བར་མཛད། མདོས་དེའི་སྨྲེང་མཁར་ཆུར་གཏེར་དུ་སྦས་པས། དུས་ཕྱིས་ཁམས་པ་དར་བེར་ཅན་གྱིས་བཏོན་པར་གྲགས་སོ། །

640-2.jpeg

༣ དགེ་སློང་ནམ་མཁའི་སྙིང་པོ།

དགེ་སློང་ནམ་མཁའི་སྙིང་པོ་ནི། རུས་གནུབས། འཁྲུངས་ཡུལ་གཉལ་སྨད་ཉང་དཀར་མདའ་ཤམ་བུར་འཁྲུངས། མཁན་པོ་ལས་རབ་ཏུ་བྱུང་།རྟེན་དགེ་སློང་། སློབ་དཔོན་ཆེན་པོས་དབང་བསྐུར་དུས་མེ་ཏོག་ཡང་དག་ཐུགས་ལ་ཕོག་པས་གྲུབ་པའི་མཚན་མ་བརྙེས་ཏེ་ཉི་ཟེར་ལས་གཤེགས་བཞུད་མཛད། ལོ་ཙཱ་ལེགས་པར་སྦྱངས་ནས་རྒྱ་གར་ལ་བྱོན། སློབ་དཔོན་ཧཱུཾ་ཀ་ར་སོགས་པཎ་གྲུབ་མང་པོ་དང་མཇལ། དབང་དང་གདམས་པ་མང་པོ་གསན་ནས་བོད་དུ་བྱོན། བོན་བློན་རྣམས་ཀྱི་ཕྲ་མར་རེ་ཞིག་ལྷོ་བྲག་མཁར་ཆུར་བྱོན། སྐབས་ཤིག་འཁྲུངས་ཡུལ་གྱི་ཉེ་འཁོར། བྲག་དམར་ཞེས་བྱ་བའི་ཕུག་པར་བཞུགས་པ་ན། གཅུང་པོ་འཇིག་རྟེན་འཛིན་པ་ཞིག་ཡོད་པ་དེ། ཞིང་ལ་འདེབས་རྒྱུའི་ས་བོན་མེད་དེ། སློབ་དཔོན་ལ་ཞུ་བར་ཕྱིན་པས། ཁྱོད་འཇིག་རྟེན་པ་ལ་ས་བོན་མེད་ན། ང་རི་ཁྲོད་འགྲིམ་པ་ལ་ས་བོན་གང་ལས་འོང་། འོན་ཀྱང་འདི་གཏོར་ལ་སོ་ནམ་བྱེད་པ་བཞིན་གྱིས། མི་ལ་ངོ་ཚ་གསུངས་ནས་ལྡེའུ་ཕང་བུ་གང་གནང་བ་དེ། གཅུང་པོས་ཀྱང་བཀའ་བཞིན་བྱས་པས། ཡུལ་མི་གཞན་ལས་ལྷག་པའི་ལོ་ཐོག་སྐྱེས།ཡང་ལན་གཅིག་གནས་དེ་ནས། གཉལ་སྨད་ཀྱི་དགྱེ་རིའི་རྩེར་ནས་མཁའ་ལ་འཕུར་ནས་བྱོན་པ་ན། ལམ་དུ་ཕྱག་ཕྲེང་ཟགས་པ་ཉང་སྨད་འཁོར་ཐང་དཀྱིལ་དུ་ལྷུང་བ། ནམ་མཁའ་ནས་རྫུ་འཕྲུལ་གྱི་ཕྱག་བརྐྱངས་ནས་བླངས་པས། ས་ལ་ཕྱག་སོར་ལྔའི་རྗེས་བྱུང་བ་ལ་མེ་ཏོག་ལྔ་སྐྱེས། དེ་ལ་མཁའ་འགྲོ་སྡེ་ལྔ་དང་། འབྱུང་བ་བཞིའི་ལྷ་མོས་མཆོད་རྟེན་ལྔ་བཞེངས་པ་ད་ལྟ་ཡང་ཡོད། དགྱེ་རི་སྤྱང་དམར་ཕུག་པར་བཞུགས་སྐབས། དགྱེ་རིའི་འདབས་དཔེ་སྤེ་དྲིལ་གྱི་གཞོན་པ་མང་པོས་བཟའ་བཅའ་སྣ་ཚོགས་ཁྱེར་ནས་རི་ལྟས་ལ་ཕྱིན་པ་ན། དགེ་སློང་དང་མཇལ། ཁོང་ཚོས་ཚོགས་འཁོར་ཞུས་པས། འགྲོ་ཁར་བྱིན་རླབས་ཡིན་གསུངས་ནས། མི་རེ་ལ་རྡེའུ་དམར་པོ་འགའ་རེ་གནང་བས། ཕལ་ཆེར་གྱིས་ཕོས། གཅིག་གིས་མདའ་དོང་དུ་བླུག་ནས་འོང་། ཕྱིས་མདའ་བཏོན་པ་ན། གཡུ་ཐོན། སྔར་སློབ་དཔོན་གྱིས་རྡེའུ་གནང་བ་དེ་དངོས་གྲུབ་ཡིན་པར་ཤེས་ནས་གཞན་ཚོ་ལ་བཤད་པས། རྡེའུ་ཕོས་པར་འགྱོད་ནས། སླར་སློབ་དཔོན་ལ་དངོས་གྲུབ་ཞུ་བར་ཕྱིན་པས། ཕུག་པའི་ནང་ན་སློབ་དཔོན་ནི་མེད་པར་སྤྱང་ཀི་དམར་པོ་ཞིག་མཐོང་བས། སྤྱང་དམར་ཕུག་པར་གྲགས། སྔར་གྱི་གཡུ་དེ་རྣམས་ལ། ཐོད་པ་དྲུག་དམར། བཙད་པོ་བརྒྱད་དཀར། སྐར་མ་མིག་བཞི་སོགས་གཡུ་མིང་ཅན་འགའ་བྱུང་བར་གྲགས། ཡང་ལོ་རྒྱུས་གཞན་ཞིག་ན། སློབ་དཔོན་ལ་བུད་མེད་ཅིག་གིས་ནངས་རེ་བཞིན་ཞོ་རྡེའུ་རེ་ཕུལ་བས་སྐབས་ཤིགསློབ་དཔོན་གྱིས་ཞོ་སྣོད་རྡེའུས་བཀང་ནས་གནང་བས་མོས་ཀྱང་དངོས་གྲུབ་ཡིན་པར་ཤེས་ནས་ཁྱིམ་དུ་ཁྱེར་ཏེ་ཞག་འགའ་ཞིག་ནས་བལྟས་པས་རྡེའུ་ཐམས་ཅད་གཡུ་རུ་སོང་འདུག་ཟེར་བའང་སྣང་། ལྷོ་བྲག་མཁར་ཆུར་དཔལ་གྱི་ཕུག་རིང་ལ་སོགས་པར་སྒྲུབ་པ་མཛད་པས་ཡི་དམ་མང་པོའི་ཞལ་གཟིགས་ཤིང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་ནས། ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ཏེ། རྒྱལ་པོའི་བསྙུང་བསལ་ཚུལ་སོགས་ཐང་ཡིག་བཞིན་དང་། ཤེལ་དཀར་བཟའ་རྡོ་རྗེ་མཚོ་དང་མཇལ་ཚུལ་གཞན་དུ་ཤེས་སོ། །

640-3.jpeg

༤ གཉགས་ཛྙཱ་ན་ཀུ་མཱ་ར།

གཉགས་ལོ་ཡེ་ཤེས་གཞོན་ནུའམ་ཛྙཱ་ན་ཀུ་མཱ་ར་ནི། གདུང་རུས་གཉགས། རྟེན་དགེ་སློང་། ལོ་ཙཱ་མཁས་པར་མཁྱེན་ཏེ་རྨ་གཉགས་གཉིས་སུ་གྲགས་པའི་ཡ་གྱལ་ཡིན། སློབ་དཔོན་གྱིས་དབང་བསྐུར་དུས་མེ་ཏོག་རྒྱལ་པོ་དང་ལྷན་ཅིག་དབུས་ཀྱི་ཆེ་མཆོག་ལ་ཕོག་པས། གསང་མཚན་དྲི་མེད་ཟླ་ཤར་ཏེ་བདུད་རྩི་སྨན་གྱི་བཀའ་བབས། སྒྲུབ་གནས་ཡར་ཀླུང་ཤེལ་བྲག་ནས་རྫུ་འཕྲུལ་གྱིས་སྒྲུབ་ཆུ་བཏོན་པ་ད་ལྟའང་ཡོད། ཡང་ངན་ལམ་རྒྱལ་བ་མཆོག་དབྱངས་དང་ལྷན་ཅིག་ཡེར་པར་སྒྲུབ་པ་མཛད་པས་གྲུབ་པ་ཐོབ་སྟེ་བྱ་རོག་ཅིག་ཏུ་བརྫུས་ནས་གྲོགས་པོའི་རྩར་བྱོན་པས་རྒྱལ་བ་མཆོག་དབྱངས་ལ་རབ་བྱུང་གསུངས་སྐད་དེ། དབེན་པ་དེར་དེང་སང་ཡང་བྱ་རོག་རྫོང་དུ་གྲགས། བཀའ་བབ་མི་བརྒྱད་ཀྱི་དུས་གཉགས་མི་བགྲང་བའང་འདུག་སྟེ། དབང་པོའི་སྡེས་ཀྱང་བགྲང་བར་མ་གནང་ཡང་། འདིར་བཀའ་བརྒྱད་བདེ་འདུས་ལྟར་བྲིས་པ་ཡིན་ནོ། །

640-4.jpeg

༥ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།

དབྱངས་ཅན་སྤྲུལ་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི། འདིའི་འཁྲུངས་ཡུལ་དང་། ཡབ་ཡུམ་གྱི་མཚན་སོགས་ལ་མི་འདྲ་མང་དུ་སྣང་ཡང་ཐང་ཡིག་ལྟར་ན། ཡབ་ནམ་མཁའ་ཡེ་ཤེས་དང་། ཡུམ་གནུབས་མོ་དགེ་བ་འབུམ་གྱི་སྲས་སུ་སྒྲགས་ཀྱི་གྲོང་མོ་ཆེར་འཁྲུངས། རུས་མཁར་ཆེན་ཏེ། འཁྲུངས་ཡུལ་དེར་སྐུ་གཞོན་ནུའི་དུས་ཀྱི་ཞབས་རྗེས་དང་། བླ་མཚོ་ཆུང་ངུ་ཞིག་ཀྱང་ཡོད། སྔོན་རྒྱལ་པོའི་བཙུན་མོ་ཡིན་ཡང་སློབ་དཔོན་ལ་དབང་ཡོན་དུ་ཕུལ་བས་གུ་རུའི་ཐུགས་ཀྱི་བཟུང་མར་གྱུར། སློབ་དཔོན་དང་མཇལ་ཚུལ་ལ་ཡང་མི་འདྲ་བ་སྣ་ཚོགས་ཡོད་མོད། མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་ཕོག་པས་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་ཤིང་གྲུབ་པ་བརྙེས་པས་ཕ་མེས་ཀྱི་འདྲེ་བཏུལ། བསད་གསོ་གྲུབ་པས། མཚོན་གྱིས་བསད་པའི་མི་རོ་གསོན་པོར་བླངས་ནུས། སྐུ་གཞོན་དུས་ཆོས་ལ་བར་ཆད་བྱེད་པའི་བདུད་བློན་ཤ་ཏ་ཟེར་བ་དམྱལ་བར་སོང་བས་དེ་འདྲེན་ཕྱིར་དམྱལ་བའི་ཡུལ་དུ་བྱོན་ནས་དམྱལ་བའི་ལྕགས་ཁང་གི་རྩར་ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི་དཀྱིལ་འཁོར་བཞེངས་པས་ལྕགས་ཁང་སིལ་གྱིས་ཞིག་ནས་ཤ་ཏས་གཙོས་པའི་དམྱལ་བའི་སེམས་ཅན་ཐམས་ཅད་དྲོངས་ཏེ་དམྱལ་ཁམས་ལན་གཅིག་སྟོང་པར་མཛད། སློབ་དཔོན་ཆེན་པོའི་གསུང་གསང་བ་བསམ་མི་ཁྱབ་པའི་ཆོས་སོ་ཅོག་གི་བཀའ་བསྡུ་བ་མཛད་ཅིང་། བོད་ཡུལ་དུ་ལོ་ཉིས་བརྒྱར་འགྲོ་དོན་བསྐྱངས་ནས་སྐུ་དེ་ཉིད་མ་སྤངས་པར་མཁའ་སྤྱོད་ཟངས་མདོག་དཔལ་རིར་གཤེགས་ཏེ་གུ་རུའི་ཐུགས་ཀྱི་གཟུངས་མར་བཞུགས་ཤིང་བོད་ཡུལ་འགྲོ་ལ་བཀའ་དྲིན་འགྲན་ཟླ་མེད་པའི་མ་གཅིག་ཡིད་བཞིན་ནོར་བུ་དེའོ། །གཤེགས་ལོ་སོགས་ལའང་སྣ་ཚོགས་སྨྲ་བ་སྣང་ཡང་འདིར་ཡོངས་གྲགས་ལྟར་བྱས་པའོ། །

640-5.jpeg

༦ འབྲོག་མི་དཔལ་གྱི་ཡེ་ཤེས།

སློབ་དཔོན་འབྲོག་མི་དཔལ་གྱི་ཡེ་ཤེས་ནི། གདུང་རུས་འབྲོག་མི་ཡིན། ལོ་ཙཱ་མཁས་པར་མཁྱེན་པས་མ་མོའི་རྒྱུད་སོགས་མདོ་སྔགས་མང་དུ་བསྒྱུར།སློབ་དཔོན་ཆེན་པོས་དབང་བསྐུར་གནང་དུས་མེ་ཏོག་བླ་མེད་ཧེ་རུ་ཀའི་དཀྱིལ་འཁོར་ལ་ཕོག་སྟེ་སྲིད་པ་མ་མོའི་བཀའ་བབས། སྲིད་པ་བདེ་འགྲོའི་དཀྱིལ་འཁོར་མངོན་གསུམ་དུ་གཟིགས་ཤིང་སྣང་སྲིད་མ་མོ་ཐམས་ཅད་བྲན་དུ་འཁོལ། ཡར་སྟོད་ཤམ་པོ་གངས་རིར་སྒྲུབ་གནས་མཛད་པས། ལྷ་ཆེན་ཤམ་པོས་སྲོག་གི་བླ་རྡོ་ལྷ་ཀླུ་མིའི་རིན་པོ་ཆེ་བཅོ་ལྔའི་རྒྱུ་ལས་གྲུབ་པ་དྲོད་རྟ་རྔ་ཙམ་རྒྱུན་དུ་ཡོད་པ་ཞིག་ཕུལ་བ་གཏེར་དུ་བཅོལ་བ་ཕྱིས་སུ་སྐལ་ལྡན་རྡོ་རྗེས་བཏོན་པར་གྲགས། སྐུ་རྟེན་རིག་སྔགས་འཆང་བ་ཆེན་པོའི་ཚུལ་དུ་བཞུགས་པ་ཡིན་ནོ། །

640-6.jpeg

༧ རླངས་དཔལ་གྱི་སེང་གེ །

རླངས་དཔལ་གྱི་སེང་གེ་ནི། ལྷ་གཟིགས་རླངས་ཀྱི་གདུང་ལས། ཡབ་ཨ་མེས་བྱང་ཆུབ་འདྲེ་ཁོལ་ཞེས་ལོ་བརྒྱད་ནས་ཨོ་རྒྱན་དུ་བྱོན་པ་དང་། སྲིན་མོ་བཏུལ་བ་དང་། གླིང་རྗེ་གེ་སར་གྱིས་གླིང་ཡུལ་དུ་གདན་ལན་གཉིས་དྲངས་ནས་ཕྱོགས་བཞིའི་འདྲེ་ཆེན་པོ་བཞི་བཏུལ་བ་དང་། ལྷ་སྲིན་བྲན་དུ་འཁོལ་བ་དེ་དང་། ཡུལ་ཇོ་མོ་སྐལ་ལྡན་མ་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བར་འཁྲུངས། རྫུ་འཕྲུལ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ།ཁྱད་པར་སློབ་དཔོན་ཆེན་པོའི་ཐུགས་སྲས་སུ་གྱུར། དབང་བསྐུར་ཞུས་དུས་མེ་ཏོག་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ལ་ཕོག་པས་དྲེགས་པའི་བཀའ་བབས། དྲེགས་ཚོགས་ལྷ་སྲིན་ཐམས་ཅད་བྲན་དང་གཡོག་ཏུ་བཀོལ་ནུས། སྒྲུབ་གནས་སྤ་གྲོ་སྟག་ཚང་དུ་བཅོམ་ལྡན་དྲེགས་པ་ཀུན་འདུལ་གྱི་ཞལ་གཟིགས་ཤིང་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ཡིན་ནོ། །རླངས་ལྷ་གཟིགས་ཀྱི་གདུང་ལས་སྡེ་སྲིད་ཕག་མོ་གྲུབ་པ་ཞེས་སྣེའུ་གདོང་པ་རྣམས་བྱུང་བའོ། །

640-7.jpeg

༨ ལོ་ཆེན་བཻ་རོ་ཙ་ན།

ལོ་ཆེན་བཻ་རོ་ཙ་ན་ནི། གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་སྟེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉང་ཆུ་གཙང་ཆུ་འདྲེས་ཞེས་འབྱུང་བས། ད་ལྟ་ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེའི་ཆུའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐང་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར། ཡབ་པ་གོར་རྡོ་རྗེ་རྒྱལ་པོ་པ་གོར་ཧེ་འདོད་ཁུ་བོ་ཡིན་པར་བཞེད། ཐང་ཡིག་ལས་ཡབ་ཡིན་པར་གསུངས། ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་འཁྲུངས་ཡུལ་བྲག་པོ་ཆེའི་རི་ཕན་ཚུན་དུ་འཕུར་ནས་རྫུ་འཕྲུལ་གྱིས་གཤེགས་བཞུད་མཛད། སད་མི་མི་བདུན་གྱི་ནང་ཚན་དུ་མཁན་པོ་ལས་རབ་ཏུ་བྱུང་ཞིང་། མཚན་བཻ་རོ་ཙ་ན་རཀྵི་ཏ་སྟེ་རྣམ་པར་སྣང་མཛད་བསྲུང་བ་ཞེས་བཏགས། སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན་ཏེ་བསིལ་ལྡན་མྱུ་གུས་དཀྲིགས་པའི་ལྗོངས་འདི་ན་སྔ་ཕྱིར་བྱོན་པའི་མཁས་པ་སུས་ཀྱང་འགྲན་བཟོད་པ་མེད། རྒྱ་གར་དུ་བྱོན་ཚུལ་ལོ་རྒྱུས་རྒྱས་པ་གཞན་ལས་ཤེས། སློབ་དཔོན་ལས་བཀའ་བརྒྱད་ཀྱི་དབང་མནོས་ཚེ་མེ་ཏོག་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ལ་ཕོག་པས། སྔགས་བདག་དྲེགས་པའི་བཀའ་བབས་སྟོབས་ལྡན་ནག་པོའི་ཞལ་གཟིགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་དངོས་གྲུབ་བརྙེས། དྲག་སྔགས་ཀྱི་དམོད་པས་བསྟན་པའི་དགྲ་བོ་བསྒྲལ། ཁྱད་པར་རྒྱལ་པོའི་བཙུན་མོ་དམར་རྒྱན་མར་མཛེ་ཐོད་རྒལ་བཏང་། སློབ་དཔོན་པདྨའི་ཐུགས་རྗེས་གསོས་པའི་ལོ་རྒྱུས་ཡོད་ལ། དེ་དུས་བཻ་རོས་བཙུན་མོར་རྦད་རྒྱུའི་ཀླུ་དེ་དེང་སང་མི་ལ་ཁོག་ཞུགས་འབྱུང་ཡང་བཙུན་མོའི་གྲིབ་ཀྱིས་ངག་ལྐུགས་ནས་བླང་དོར་སྨྲ་རུ་མེད་པས་མཆོད་པ་བཞེས་ལུགས་ལ་པྲ་བརྟག་བྱེད་པ་ཡོད། བཻ་རོ་ཡན་ཆད་འདི་དག་ལ་བཀའ་བབས་མི་དགུ་ཞེས་ཟེར་རོ། །

640-8.jpeg

༩ གཡུ་སྒྲ་སྙིང་པོ།

རྒྱལ་མོ་གཡུ་སྒྲ་སྙིང་པོ་ནི། གཙང་ལེགས་གྲུབ་ཀྱི་སྐྱེ་བ་སྟེ། མདོ་གཞེར་རྒྱལ་ཁབ་རྒྱལ་མོ་ཚ་བའི་རོང་དུ་འཁྲུངས། ལོ་ཆེན་བཻ་རོས་རྗེས་སུ་བཟུང་ཞིང་། མཁས་པ་དང་གྲུབ་པའི་ཕུལ་དུ་ཕྱིན། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་གྲངས་སུ་བྱོན་ཞིང་། སློབ་དཔོན་ཆེན་པོའི་དྲུང་དུ་མན་ངག་ལྟ་བའི་ཕྲེང་བ་ལ་སོགས་མནོས་ཤིང་། སྐུ་གསེར་གྱི་རྡོ་རྗེར་སྤྲུལ་པ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས། ཐེག་མཆོག་རྫོགས་པ་ཆེན་པོའི་ལྟ་དགོངས་ཀློང་དུ་གྱུར་པ་སྟེ། རྣམ་ཐར་ཞིབ་རྒྱས་གཞན་དུ་ཤེས་པར་བྱའོ། །

640-9.jpeg

༡༠སྣ་ནམ་རྡོ་རྗེ་བདུད་འཇོམས།

སྣ་ནམ་རྡོ་རྗེ་བདུད་འཇོམས་ནི། རུས་སྣ་ནམ་སྟེ་གཞོན་དུས། ཆོས་རྒྱལ་ཁྲི་སྲོང་གི་ཆོས་བློན་མཛད། ཕྱིས་སློབ་དཔོན་ཆེན་པོ་ལས་སྔགས་ཀྱི་སྒོར་ཞུགས་ཕྱིན་ཆད་ནས་སྔགས་འཆང་ཆེན་པོར་བཞུགས་པ་ལ། རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་བརྙེས་པ་ཞིག་སྟེ། ཧས་པོ་རིའི་ཡང་གོང་དུ་བྲག་ལ་ཕུར་པ་བཏབ་པའི་རྗེས་ད་ལྟ་ཡང་ཡོད། བསམ་ཡས་མཁན་སློབ་ཆོས་གསུམ་གྱི་རབ་གནས་སྐབས་སུ་རྡོ་རྗེ་བདུད་འཇོམས་ཀྱིས་ཡེ་ཤེས་ཀྱིས་གཟིགས་པའི་མགུལ་ཕུར་བྲག་ལ་གཟིར། རླུང་སེམས་ལ་དབང་འབྱོར་བས་བྲག་ཁོང་གསེང་ཆུང་ངུ་ཞིག་ནས་ཟང་ཐལ་གྱིས་དོན་ཏེ་ཤར་མར་བསམ་ཡས་སུ་ཕེབས་ཤུལ་བྲག་ཁོང་གསེང་ནི་དེང་སང་ཡང་ངོ་འཕྲོད་པ་ཡོད། རྫུ་འཕྲུལ་གྱིས་བར་སྣང་ཁམས་ལ་ཐོགས་པ་མེད་པར་གླིང་བཞི་སྐད་ཅིག་ལ་བསྐོར་ནུས་པ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས། འདིའི་སྒྲུབ་གནས་རོང་གསུམ་འདུས་པའི་བྲག་དམར་ཀེའུ་ཚང་ངམ་རི་མོ་ཅན་དུ་གྲགས་པ་ནི།གྲུ་ཤུལ་རོང་གི་བུམ་ཐང་མཁར་དུ་གྲགས་པ་འདི་ཡིན་ཏེ། དེས་ན་འཁྲུངས་ཡུལ་ཡང་གྲུ་ཤུལ་བ་ཞིག་གོ། ཞེས་ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱིས་བཞེད་ཀྱང་། རོང་གི་བྲག་དམར་ཀེའུ་ཚང་ཞེས་པ་དངོས་ནི་གཙང་རོང་ཆེན་དང་ཡར་འབྲོག་དཔལ་དེའི་མཚམས་སུ་ཡོད་པ་རྡོ་བྲག་པད་ཕྲིན་རྣམ་ཐར་ན་སྣང་ངོ་། །

640-10.jpeg

༡༡སློབ་དཔོན་ཡེ་ཤེས་དབྱངས།

 སློབ་དཔོན་ཡེ་ཤེས་དབྱངས་ནི། ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་གཏེར་ཡིག་འབྲི་མཁན་གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་དུ་གྲགས་པའི་ཡ་གྱལ་ཏེ། ཇི་སྐད་དུ། གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན། །ཨ་ཙར་ཡེ་ཤེས་སྦམ་རགས་བདེ་བ་སྟེ། །ཀློག་ཁར་བདེ་བ་ཤེལ་དཀར་མགོན་སྐྱིད་ཡིན། །ཞེས་སོགས་གསུངས་པ་ལས་ཤེས་སོ། །གང་ལྟར་ཡང་མཁའ་སྤྱོད་ཀྱི་ཞིང་བགྲོད་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས་པ་ཞིག་གོ། འདི་ལ་སྦ་ཡེ་ཤེས་དབྱངས་ཟེར་བ་སྣང་ཡང་། ཨ་ཙར་ཡེ་ཤེས་དབྱངས་སུ་ངེས་ཏེ་ཨ་ཙ་རའི་ཆ་བྱད་དུ་བྲིས་པའང་སྣང་སྟེ། རྟེན་རབ་བྱུང་ཡིན།

640-11.jpeg

༡༢ སོག་པོ་ལྷ་དཔལ།

 གྲུབ་ཆེན་སོག་པོ་ལྷ་དཔལ་ནི། མགར་བའི་མིང་ལ་སྔོན་དུས་སོག་པོར་འབོད་དེ། རྟེན་ཁྱིམ་པ། བརྟུལ་ཞུགས་ཀྱིས་གཅན་གཟན་གདུག་པ་ཅན་ཡང་གཉའ་བ་ནས་འཛིན་པར་ནུས་པ་ཞིག་སྟེ། ལོ་རྒྱུས་རྒྱས་པ་གཞན་ལས་ཤེས་སོ། །

640-12.jpeg

༡༣ སྣ་ནམ་ཡེ་ཤེས།

 སྣ་ནམ་ཡེ་ཤེས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་གསེས་ཞང་གི་བནྡེ་ཡེ་ཤེས་སྡེ་ཡིན་པར་བཞེད་དེ་ལོ་ཙཱ་མཁས་པའི་ཕུལ་དུ་ཕྱིན་ཞིང་།ནམ་མཁའ་ལ་བྱ་ལྟར་འཕུར་བར་ནུས་པའི་རྫུ་འཕྲུལ་ལ་མངའ་དབང་འབྱོར་བའི་གྲུབ་ཐོབ་ཆེན་པོ་སྟེ་མཁས་གྲུབ་གཉིས་ཀ་དང་ལྡན་པ་ཡིན་ཞིང་རྟེན་རབ་བྱུང་ཡིན་པར་སྣང་ངོ་། །

640-13.jpeg

༡༤མཁར་ཆེན་དཔལ་གྱི་དབང་ཕྱུག

མཁར་ཆེན་དཔལ་གྱི་དབང་ཕྱུག་ནི། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་མིང་པོ་ཡིན་ཏེ། གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་བའི་ཐུགས་སྲས་སུ་གྱུར།ཕྱག་གིས་ཕུར་པ་གདེངས་པ་ཙམ་གྱིས་གཟས་པ་པོ་ཇི་ཙམ་ཡང་བསྒྲལ་ནས་འགུམ་པར་བྱེད་ནུས་ཏེ། རྒྱལ་པོ་ཤེལ་གིང་བསྒྲལ་ཚུལ་དང་རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་ཚུལ་སོགས་ལོ་རྒྱུས་རྒྱས་པ་གཞན་དུ་ཤེས་པར་བྱའོ། །རྟེན་ཁྱིམ་པར་བཞུགས་ཏེ་མངོན་སྤྱོད་ཀྱི་ལས་ལ་མངའ་དབང་འབྱོར་བའི་རིག་སྔགས་འཆང་བའི་དབང་ཕྱུག་ཅིག་གོ།

640-14.jpeg

༡༥ ལྡན་མ་རྩེ་མང་།

 ལྡན་མ་རྩེ་མང་ནི། ཁམས་ལྡན་གྱི་ཡུལ་དུ་འཁྲུངས་པས་ལྡན་མར་གྲགས་ཏེ་མཚན་དངོས་རྩེ་མང་ངོ་། ཡི་གེ་འབྲི་བ་ལ་མཁས་པའི་ཕུལ་དུ་གྱུར་པས་ལག་རྒྱུན་མ་ཉམས་པའི་ཁྲིད་སྲོལ་ད་ལྟའང་ཡོད་པར་སྣང་། ལོ་ཙཱ་ཡང་མཁྱེན་ཏེ་ལོ་ཙཱ་ཆེ་གསུམ་ཆུང་གསུམ་དུ་གྲགས་པའི་ནང་ཚན་མཆན་བུའི་ལོ་ཙཱ་ཡི། སློབ་དཔོན་ཆེན་པོ་ལས་གསང་སྔགས་ཀྱི་ཆོས་མང་པོ་ཐོབ་སྟེ། རྟོགས་པ་ཤར་ནས་ཆོས་ཐམས་ཅད་ལ་མི་བརྗེད་པའི་གཟུངས་ཐོབ།བཀའ་བརྒྱད་བདེར་འདུས་སོགས་གཏེར་ཡིག་ཕལ་ཆེར་འབྲི་བ་པོ་ཡང་འདི་ཡིན་པར་བཤད་དེ་གུ་རུ་བཀྲ་ཤིས་ཀྱིས་ཀྱང་བདེ་འདུས་ཀྱི་གཏེར་ཡིག་གྲུབ་ཆེན་འདིའི་ཕྱག་བྲིས་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་བོ་ཞེས་གསུངས། །

640-15.jpeg

༡༦ ཀ་བ་དཔལ་བརྩེགས།

 ལོ་ཆེན་ཀ་བ་དཔལ་བརྩེགས་ནི། ཀ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། དབུ་རུ་འཕན་ཡུལ་ཀ་བ་ཞེས་པའི་སར་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་སྟེ། སད་མི་མི་བདུན་གྱི་ནང་ཚན་ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པ་དེང་སང་ཡང་ཁམས་དབུས་གཉིས་ཀར་དར་རྒྱས་ཆེ་གསུངས། རིན་པོ་ཆེའི་གཏམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད་དོ། །

640-16.jpeg

༡༧ ཤུད་བུ་དཔལ་སེང་།

 ཤུད་བུ་དཔལ་གྱི་སེང་གེ་ནི། གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་བོན་དང་སྒྲུང་དང་ལྡེའུ་གསུམ་ལ་མཁས་པ་ཞིག་ལ་བོན་ཀྱིས་ཤུད་བུར་མཚན་གསོལ་བས་དེ་ལྟར་གྲགས་ཀྱང་ཟེར། སྔོན་རྒྱལ་པོའི་ནང་བློན་ཡིན། ཤུད་བུ་ཁྲི་འབྲིང་ཁོང་བཙན་ཡང་ཟེར། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་པར་སྦྱངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར།བོད་ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང་། རྡོ་རྗེ་ཕུར་པ་དང་མ་མོའི་སྒོ་ནས་གྲུབ་རྟགས་ཕུར་པ་ངམ་ཤོད་ཀྱི་ཆུ་ལ་བཏབ་པས།ཆུ་ཡན་མན་དུ་ཆད་པ་དང་། བྲག་ལ་བཏབ་པས་བྲག་རལ་བ་ལ་སོགས་བྱུང་། མཆིམས་ཕུར་ཆུ་བོ་གྱེན་ལ་ཟློག་པའི་རྗེས་ཀྱང་ཡོད། ཡང་ཁོང་རང་གི་གསུང་ལས། མི་རྒྱུད་ལྷ་ལས་འཆད་པས་རྗེ་དང་ཏྲི་ལེར་མཉམ། ཞང་པོ་དམུ་ནས་འཆད་པས་རྗེ་དང་ཏྲི་ལེར་མཉམ། དབུ་རྩེ་རིགས་གསུམ་གྱི་ཤར་ལོགས་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། ཞེས་གསུངས་ཤིང་མར་ཁུ་ཝ་ལས་དྲངས་པས་རྗེ་ལས་ལྷག་པར་བྱུང་། ཞེས་ཟེར་ཏེ། བསམ་ཡས་གྲུབ་པའི་དགའ་སྟོན་གྱི་ལྟད་མོའི་སྐབས་སུ་མར་ཁུ་ཝ་ལས་དྲངས་པ་ཡིན་པར་གྲགས། སྒྲུབ་གནས་ནི་སྤང་ཆུང་པདྨ་གླིང་སོགས་ཡིན་པར་སྣང་ངོ་། །

640-17.jpeg

༡༨ རྒྱལ་བའི་བློ་གྲོས།

 འབྲི་རྒྱལ་བའི་བློ་གྲོས་ནི། སྔོན་རྒྱལ་པོའི་ནང་མི་ཡིན་པ་ལ་མིང་མགོན་པོ་ཟེར། ཕྱིས་རབ་ཏུ་བྱུང་བས་མཚན་རྒྱལ་བའི་བློ་གྲོས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན། རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུཾ་ཀ་ར་ལས་ཡང་དག་གི་ཆོས་སྐོར་ཞུས་པས་གྲུབ་པ་ཐོབ། གཤིན་ཡུལ་དུ་རྫུ་འཕྲུལ་གྱིས་དམག་དྲངས་ནས་མ་དམྱལ་བ་ནས་མངོན་གསུམ་དུ་བཏོན། སྤྲུལ་པའི་དམག་གིས་གཤིན་རྗེའི་སྐྱེས་བུ་རྣམས་འཇིགས་ཤིང་སྐྲག་པར་མཛད། སློབ་དཔོན་པདྨའི་དྲུང་དུ་ཆོས་ལ་སྦྱངས་པས་རྫུ་འཕྲུལ་གྱིས་རོ་ལངས་གསེར་དུ་བསྒྱུར་ནུས་པའི་དངོས་གྲུབ་བརྙེས། སློབ་དཔོན་འདིས་མི་རོ་གསེར་དུ་བསྒྱུར་བའི་གསེར་མང་པོ་ཕྱིས་ཀྱི་གཏེར་སྟོན་འགའ་ཞིག་གིས་གཏེར་ཁ་ནས་བྱོན་པར་སྣང་ངོ་། །ཚེ་ཡི་རིག་འཛིན་བརྙེས་པས་སྐུ་ཚེ་རིང་པོར་བཞུགས་ཏེ། རོང་ཟོམ་གྱི་དུས་བར་དུ་བཞུགས་པར་སྣང་སྟེ་རོང་ཟོམ་གྱིས་ཆོས་གསན་པའི་ལོ་རྒྱུས་ཡོད་དོ། །

640-18.jpeg

༡༩ ཁྱེའུ་ཆུང་ལོ་ཙཱ།

 གྲུབ་ཆེན་ཁྱེའུ་ཆུང་ལོ་ཙཱ་ནི། གདུང་རུས་འབྲོག་མི་སྟེ། སྐུ་གཞོན་ནུའི་དུས་ནས་ལོ་ཙཱ་མཁྱེན་པས་མཚན་ཡང་དེ་ལྟར་དུ་གྲགས། སློབ་དཔོན་གྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པར་བསླབས། རྫུ་འཕྲུལ་གྱིས་ནམ་མཁའི་བྱ་རྣམས་ལྟ་སྟངས་དང་སྡིགས་མཛུབ་ཀྱིས་འགུགས་པར་ནུས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ནོ། །

640-19.jpeg

༢༠ དྲན་པ་ནམ་མཁའ།

 དྲན་པ་ནམ་མཁའ་ནི། ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་ཡིན་ཡང་། ཕྱིས་སློབ་དཔོན་གྱི་དྲུང་དུ་ཆོས་ལ་སྦྱངས། ལོ་ཙཱ་ཡང་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས། འདིས་བོན་གྱི་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བ་སློབ་དཔོན་གྱིས་གཏེར་དུ་སྦས་པས་ཕྱིས་གཏེར་ཁ་འགའ་རེ་ནས་མན་ངག་ཅི་རིགས་འབྱུང་བ་མཐོང་ལ། སློབ་དཔོན་ལས་རབ་བྱུང་ཞུས་ཤིང་དབུ་ཞྭ་དམར་པོ་ཞིག་བཞེས་པས། འཕུང་བོན་མགོ་དམར་ཡང་གྲགས་སོ། །དེ་ལྟ་ན་བྲིས་ཆ་འགའ་ཞིག་ཏུ་བོན་ཞྭ་ཅན་བྲིས་པར་སྣང་ཡང་དགོས་པ་མེད་དམ་སྙམ་མོ། །

640-20.jpeg

༢༡ འོ་བྲན་དབང་ཕྱུག

འོ་བྲན་དབང་ཕྱུག་ནི། འོ་བྲན་དཔལ་གྱི་འབྱུང་གནས་ཀྱི་སྲས་སུ་འཁྲུངས། སློབ་དཔོན་པདྨའི་ཐུགས་སྲས་ཏེ། གསང་སྔགས་ཀྱི་ཚུལ་ཀུན་ལ་མཁས་ཤིང་གྲུབ་པའི་མཚན་མ་མངོན་དུ་བརྙེས་པས་ཆུ་བོ་ཆེན་པོ་ལ་འཇིགས་པ་མེད་པ་ཉ་ལྟར་རྒྱུ་བར་ནུས། འོ་བྲན་ལུགས་ལ་གུར་དྲག་བཀའ་མ་སོགས་ཆོས་ཚུལ་མང་དུ་ཡོད་པ་ཕལ་ཆེར་དེང་སང་ཡང་དབང་ལུང་གི་རྒྱུན་མ་ཆད་པར་སྣང་ཞིང་གདུང་རྒྱུད་ཀྱང་དུས་ཕྱི་མོ་བར་དུ་བྱུང་བར་སྣང་སྟེ།རྟེན་ཁྱིམ་པ་ཡིན་ནོ། །

640-21.jpeg

༢༢ རྨ་རིན་ཆེན་མཆོག

རྨ་རིན་ཆེན་མཆོག་ནི། འཁྲུངས་ཡུལ་དབུ་རུ་འཕན་ཡུལ་གྱི་རྨ་ཅོ་ཞེས་བྱ་བར་འཁྲུངས། བློན་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག། ཅེས་བོད་ཡུལ་རབ་ཀྱི་མི་དགུའི་གྲས་ཡིན། ལྷ་བཙན་པོ་ཁྲི་སོང་ལྡེའུ་བཙན་གྱི་དུས། རབ་བྱུང་སྔ་བ་སད་མི་མི་བདུན་དུ་གྲགས་པའི་ནང་ཚན་ཏེ། མཁན་རིན་པོ་ཆེ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། ལྟ་བ་ཀླུ་གྲུབ་ཀྱི་དགོངས་པ་བཞིན་རྟོགས་པས་ཧ་ཤང་སུན་ཕྱུང་བ་ཡང་མཛད། མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་བསྒྱུར་བའི་ལོ་ཙཱ་ཡིན། སློབ་དཔོན་རིན་པོ་ཆེའི་དྲུང་དུ་དབང་དང་གདམས་པ་ཞུས་པས་དངོས་གྲུབ་བརྙེས་ཏེ་སྲ་མཁྲེགས་ཀྱི་རྡོ་ཡང་ཟན་ལྟར་བཅད་ནས་གསོལ་བའི་རྫུ་འཕྲུལ་བསྟན་ཏེ་རིག་པ་འཛིན་པའི་ས་ལ་བཞུགས་སོ། །

640-22.jpeg

༢༣ ལྷ་ལུང་དཔལ་གྱི་རྡོ་རྗེ།

 ལྷ་ལུང་དཔལ་གྱི་རྡོ་རྗེ་ནི། འབྲོམ་སྟོད་གུང་མོ་ཆེར་འཁྲུངས། སྐྱེ་མིང་སྟག་ཉ་བཟང་ཟེར། རྒྱ་བོད་ཀྱི་མཚམས་བསྲུངས་ཏེ་རྒྱ་རྣམས་བཏུལ།དེནས་ཐུགས་ངེས་འབྱུང་གིས་བསྐུལ་ནས་མཆེད་གཉིས་དང་ལྷན་ཅིག་ཏུ་གསུམ་ཀ་སློབ་དཔོན་བི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང་། པདྨ་སམྦྷ་ཝ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས། སྔགས་ཀྱི་དབང་དང་གདམས་ངག་ཐམས་ཅད་ཐོབ། གྲིབ་ཀྱི་དཀར་མོ་རོང་དུ་བསྒོམས་པས་ཆོས་གོས་རླུང་གིས་ཁྱེར་བ་ཡེར་པར་བྱུང་བས་ས་དཔྱད་ལེགས་པར་གཟིགས་ནས་དེར་སྒྲུབ་པ་ལ་བཞུགས་པས་རི་བྲག་ལ་ཐོགས་པ་མེད་པ་ཟང་ཐལ་དུ་གཤེགས་པར་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས། ཕྱིས་རྒྱལ་པོ་སྡིག་ཅན་བསྒྲལ་ནས་སངས་རྒྱས་ཀྱི་བསྟན་པ་ལའང་ཕན་ཆེར་བཏགས་ཏེ་ཁམས་ལྡན་ཡུལ་དུ་བྱོན་ནས་ཡུན་རིང་དུ་བཞུགས་ཞེས་གྲགས་སོ། །

640-23.jpeg

༢༤ ལང་གྲོ་དཀོན་མཆོག་འབྱུང་གནས།

 ལང་གྲོ་དཀོན་མཆོག་འབྱུང་གནས་ནི། སྔོན་ཆོས་རྒྱལ་གྱི་ནང་བློན་ཆེན་པོ་ཞིག་ཡིན་ཏེ་ལང་གྲོ་སྣང་བཞེད་ཟེར་ཡང་ཕྱིས་རབ་ཏུ་བྱུང་བའི་མཚན་དཀོན་མཆོག་འབྱུང་གནས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན་ནས་ཆོས་བསྒྱུར་བའི་ལོ་ཙཱ་ཡང་མཛད། སློབ་དཔོན་ཆེན་པོ་ལས་དབང་དང་གདམས་པ་ཞུས་ནས་ཉམས་སུ་བླངས་པས་གྲུབ་པའི་རྟགས་མངོན་དུ་སྟོན་པར་ནུས་ཏེ། རྟེན་སྔགས་འཆང་ཡིན་པར་རྡོ་བྲག་པད་ཕྲིན་གྱིས་བཞེད།དགོངས་པ་གཏད་པ་ཙམ་གྱིས་ཀྱང་གནམ་ལྕགས་དྲག་པོའི་ཐོག་ཆེན་མདའ་ལྟར་འཕེན་པའི་རྫུ་འཕྲུལ་དང་ལྡན། སློབ་དཔོན་ཆེན་པོའི་ཐུགས་སྲས་ཀྱི་དངས་མར་གྱུར་ཏེ་གསང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཙམ་ལ་མངའ་དབང་འབྱོར་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞིག་གོ། གདུང་རྒྱུད་རྟ་ནག་སྒྲོལ་མ་སྟེ་དེང་སང་ཡང་ཡོད་དོ། །

640-24.jpeg

༢༥ ལ་སུམ་རྒྱལ་བ་བྱང་ཆུབ།

 ལ་སུམ་རྒྱལ་བ་བྱང་ཆུབ་ནི། སད་མི་མི་བདུན་དུ་གྲགས་པའི་ནང་ཚན་ཏེ་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ལོ་ཙཱ་མཁྱེན་པས་རྒྱ་གར་དུ་ཡང་ལན་མང་དུ་བྱོན་ཞིང་མདོ་སྔགས་ཀྱི་ཆོས་ཀྱང་བསྒྱུར། ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་མཁས་པ་ཆེན་པོ་སྟེ། ལོ་རྒྱུས་ཆེན་མོ་ལས། ཐོས་པ་ཆེ་རབ་ལ་སུམ་བྱང་ཆུབ་རྒྱལ། ཞེས་ཟེར་ཏེ་རབ་ཀྱི་མི་དགུའི་གྲས་སུའང་བགྲང་བར་སྣང་། སློབ་དཔོན་ཆེན་པོ་ལས་དབང་དང་གདམས་ངག་ཞུས་པས། རྟེན་མེད་ཀྱི་མཁའ་ལ་སྐྱིལ་ཀྲུང་གིས་བཞུགས་པ་སོགས་རྫུ་འཕྲུལ་སྟོན་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་གོ། དེ་ལྟར་དེ་དག་ལ་རྗེ་འབངས་ཉེར་ལྔར་ཡོངས་སུ་གྲགས་ནའང་སྔོན་ཆད་ངོས་འཛིན་ཚུལ་མི་འདྲ་བ་འགའ་ཞིག་བྱུང་བའི་མ་དག་པའི་རྙོག་མ་དག་བྱང་བདག་དབང་པོའི་སྡེས་མཁྱེན་དཔྱོད་ཀྱི་ཀེ་ཏ་ཀས་རྣམ་པར་བགྲུངས་པར་མཛད་མོད། འོན་ཀྱང་རྟེན་གྱི་དབྱེ་བ་ཕྱེད་དཀའ་བར་སྣང་ཡང་ཡོངས་གྲགས་རྣམས་ནི་དེ་བཞིན་ལས་བརྗོད་མ་དགོས་ཀྱང་། འགའ་ཞིག་ལ་ལོ་རྒྱུས་དང་བྲིས་ཆ་སོགས་མཐུན་མིན་སྣ་ཚོགས་བྱུང་འདིར་མཐུན་ཤས་གང་ཆེ་གཙོ་བོར་གཟུང་ཡང་ད་དུང་ཁ་ཅིག་སོམ་ཉིར་ལུས་པས་དཔྱད་པར་འོས་སོ། །

གོང་གསལ་རིག་འཛིན་རྗེ་འབངས་ཉེར་ལྔའི་ངོ་སྤྲོད་མདོར་བསྡུས་འདི་ཉིད་གུ་བཀྲའི་ཆོས་འབྱུང་ལས་སྔ་འགྱུར་རིག་འཛིན་རྩོམ་སྒྲིག་ཁང་གིས་བསྡུ་སྒྲིག་ཞུས།