ཁྱབ་བདག་རྫོགས་ཆེན་པའི་སྐྱེས་རབས་གསོལ་འདེབས།

WechatIMG16.jpeg

༁༔ དག་སྣང་མི་ཟད་གསང་བ་རྒྱན་གྱི་འཁོར་ལོ་ལས༔ ཁྱབ་བདག་རྫོགས་ཆེན་པ་མཆོག་སྤྲུལ་རིན་པོ་ཆེ་པདྨ་སྐལ་བཟང་གི་སྐྱེ་ཕྲེང་གསོལ་འདེབས་འཇིགས་མེད་སེང་གེའི་རང་སྒྲ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་ཡེ༔ ཆོས་ཉིད་ནམ་མཁའ་དྭངས་པའི་གཤིས་ལུགས་ལས༔ མ་འགགས་སྒྱུ་མར་རོལ་བ་ཅིར་ཡང་འཕྲུལ༔  དུས་སུ་བབས་ལ་བདུད་རྩིའི་གྲུ་ཆར་བཞིན༔ རྟེན་འབྱུང་འགག་མེད་གདུལ་བྱའི་དཔལ་དུ་འཇོ༔

ཨེ་མ་ཧོ༔ ཆོས་དབྱིངས་གདོད་མའི་མགོན་པོ་ཀུན་ཏུ་བཟང་༔ ངེས་པ་ལྔ་ལྡན་ལོངས་སྐུ་རྡོ་རྗེ་སེམས༔ ཐེག་མཆོག་སྙིང་པོའི་ཤིང་རྟ་དགའ་རབ་རྗེ༔ ཁྱབ་བདག་བླ་མ་མཆོག་ལ་གསོལ་བ་འདེབས༔ ཐུབ་པའི་སྤྱན་སྔར་འོད་སྲུང་ཆེན་པོ་དང་༔ རིག་འཛིན་ཆེན་པོ་དྷ་ན་སང་ཀྲི་ཏ༔ འཕགས་ཡུལ་གྲུབ་ཆེན་ནག་པོ་སྤྱོད་པར་གྲགས༔  གྲུབ་པ་མཆོག་བརྙེས་བླ་མར་གསོལ་བ་འདེབས༔ འཆི་མེད་མཚོ་འཁྲུངས་རྒྱལ་དབང་པདྨ་འབྱུང་༔ ཐེག་རྩེའི་ལམ་བཟང་སྣང་མཛད་བི་མ་ལ༔ ངེས་དོན་གྲུབ་པའི་དབང་ཕྱུག་བེ་རོའི་ཞབས༔ བསྟན་འགྲོའི་དཔལ་མགོན་བླ་མར་གསོལ་བ་འདེབས༔ ཟབ་མོའི་གཏེར་འབྱིན་སངས་རྒྱས་བླ་མ་དང་༔ ཟབ་ལམ་དོན་སྟོན་ཟུར་ཆེན་ཆོས་ཀྱི་རྗེ༔  གྲུབ་བརྒྱའི་གཙུག་རྒྱན་སྨིན་གླིིང་གཏེར་ཆེན་ཞབས༔ བསྟན་པའི་རྒྱན་གཅིག་བླ་མར་གསོལ་བ་འདེབས༔  གྲུབ་པའི་དབང་ཕྱུག་རླངས་སྟོན་ཆེན་པོ་དང་༔ གྲུབ་བརྙེས་འགྲོ་འདྲེན་གྲུབ་ཆེན་ལྕགས་ཟམ་པ༔  གླིང་དཀར་དཔའ་བོའི་དྭངས་རྩེ་དགྲ་ལྷའི་མཚན༔ གྲུབ་མཆོག་ཆོས་རྗེ་བླ་མར་གསོལ་བ་འདེབས༔ ས་སྐྱ་གོང་དུ་འགྲོ་མགོན་ཕག་མོ་གྲུབ༔ དགེ་ལྡན་གླིང་དུ་དགེ་ལེགས་རྣམ་པར་རྒྱལ༔ བཀའ་གདམས་བསྟན་པའི་གཙུག་རྒྱན་འབྲོམ་སྟོན་པ༔ འགྲོ་ཁམས་དོང་སྤྲུག་བླ་མར་གསོལ་བ་འདེབས༔ ཁྱད་པར་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི༔ རྒྱུད་ལུང་མན་ངག་བྱེ་བའི་མཛོད་འཆང་ཞིང་༔ བསྟན་པའི་གསལ་བྱེེད་པདྨ་བཛྲ་པ༔ བཀའ་དྲིན་མཚུངས་པ་མེད་ལ་གསོལ་བ་འདེབས༔ གང་དེའི་ཡང་སྤྲུལ་ཤེས་བྱའི་གནད་ལ་མཁས༔ ཉེས་ལྟུང་དྲི་མས་མ་གོས་སྒོ་གསུམ་བཙུན༔ བསྟན་འགྲོའི་དོན་མཛད་བཟང་་པོའི་སྤྱོད་པ་ཅན༔ བདེ་མཆོག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ ད་ལྟ་སྙིགས་མའི་དུས་ཀྱི་མར་གཤམ་འདིར༔ རྒྱལ་ཀུན་ཡེ་ཤེས་རོལ་བ་གཅིག་བསྡུས་གར༔ ཁྱབ་བདག་འཁོར་ལོའི་མགོན་པོ་རྫོགས་ཆེན་པ༔ གྲུབ་དབང་དཔལ་ལྡན་བླ་མར་གསོལ་བ་འདེབས༔ པདྨའི་སྒྱུ་འཕྲུལ་པདྨའི་གཏེར་ལ་དབང་༔ སྐལ་མང་ལེགས་མཛད་མཛད་པ་བསམ་མི་ཁྱབ༔ ཐེག་མཆོག་ལམ་བཟང་སྣང་བྱེད་ཕན་བདེའི་གཏེར༔ རྡོ་རྗེ་འཆང་ཆེན་བླ་མར་གསོལ་བ་འདེབས༔ ཕྱི་ལྟར་བསླབ་གསུམ་ནོར་བུའི་རྒྱན་གྱིས་མཛེས༔ ནང་དུ་བྱང་སེམས་སྙིང་རྗེེའི་གཏེར་ལ་དབང་༔ གསང་བ་འོད་གསལ་ཆོས་སྐུའི་དགོངས་པ་བརྙེས༔ འགྲོ་མགོན་དཔལ་ལྡན་བླ་མར་གསོལ་བ་འདེབས༔ ཁྱོད་ཞལ་མཐོང་བ་ཙམ་གྱིས་འཁྲུལ་སྣང་འགགས༔ གསུང་གི་ཆ་ཙམ་ཐོས་པས་བདེ་ཆེན་བསྐྱེད༔ མཚན་ཙམ་དྲན་པས་འབྲེལ་ཚད་དོན་ལྡན་པ༔ གྲུབ་དབང་དཔལ་ལྡན་བླ་མར་གསོལ་བ་འདེབས༔ ཁྱད་པར་ཆེར་སྙིགས་དུས་ཀྱི་མར་གཤམ་འདིར༔ མདོ་རྒྱུད་སྤྱི་དང་འོད་གསལ་རྫོགས་པ་ཆེའི༔ བསྟན་པ་འཛིན་ལ་སྟོོན་པ་གཉིས་པ་སྟེ༔ ཀུན་མཁྱེན་བླ་མའི་ཞབས་ལ་གསོལ་བ་འདེབས༔ མདོར་ན་དུས་དང་རྣམ་པ་ཀུན་ཏུ་ཡང་༔ བསྟན་འགྲོའི་ཁུར་ཆེན་འདེགས་ལ་མི་ངལ་ཞིང་༔ མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་པའི༔ ཁྱབ་བདག་བླ་མ་མཆོག་ལ་གསོལ་བ་འདེབས༔ བདག་སོགས་དད་དང་མོས་པའི་ཡིད་ཀྱིས་ནི༔ དཔལ་ལྡན་བླ་མ་རྗེ་ལ་གསོལ་བཏབ་མཐུས༔ ཚེ་འདིར་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་༔ ནམ་ཞིག་གདོད་མའི་མགོན་དང་མི་གཉིས་པའི༔ ཁྱབ་བདག་བླ་མ་གྲུབ་དབང་རྫོགས་ཆེན་པའི༔ འདུས་པ་དང་པོའི་འཁོར་དུ་ལེགས་སྐྱེས་ནས༔ རྒྱལ་བསྟན་བཤད་སྒྲུབ་འཛིན་ལ་དབང་འབྱོར་ཞིང་༔ མཐའ་ཡས་འགྲོ་བ་འདྲེན་པའི་མཐུ་ཐོབ་ཤོག༔ དད་པའི་ས་བོན་ཡེ་ནས་གནས་པའི་ཁམས༔ གྲོགས་ཀྱིས་བསྐུལ་མ་བདུད་ རྩིའི་ཆར་གྱིས་བྲན༔ དག་པའི་སྣང་ཉམས་འགོག་ཏུ་མེད་པ་ལས༔ མ་བཅོས་རྡོ་རྗེའི་གླུ་འདི་ཐོལ་གྱིས་བརྡོལ༔ འདི་ལྟར་ལན་གཅིག་གསོལ་བ་བཏབ་པས་ཀྱང་༔ བྱིན་རླབས་འདོད་དགུ་སྙིང་གི་བཅུད་དུ་སྨིན༔ སྐལ་ལྡན་བུ་ཡིས་དད་པའི་རྟེན་དུ་ལོངས༔ ཚེ་རབས་རྗེས་སུ་འཛིན་པའི་དངོས་གྲུབ་ཡོད༔ ས་མ་ཡཱ༔ 

ཅེས་གྲུབ་དབང་བླ་མ་རྫོགས་ཆེན་པའི་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་པདྨ་སྐལ་བཟང་ཞེས་མཚན་གྱི་ཅོད་པན་ལྷར་བཅས་འགྲོ་བའི་གཙུག་རྒྱན་དུ་བཅིངས་པ་གང་གི་སྐྱེ་ཕྲེང་གསོལ་འདེབས་འདི་ཡང་མགོན་པོ་གང་གི་ཞལ་སློོབ་དུ་གྱུར་པ་ལུགས་གཉིས་ཀྱི་ཡོན་ཏན་དུ་མས་ཉེ་བར་བརྒྱན་པའི་མཁན་རིན་པོ་ཆེ་པདྨ་འོད་གསལ་མཐའ་ཡས་ཀྱིས་འཕྲིན་ལམ་བརྒྱུད་ནས་ཚེ་ཐར་མང་པོ་དང་ས་ཏྭ་དུང་གཅིག་གི་དགེ་བསྐུལ་བཅས་བསྐུལ་ངོ་མི་ལྡོོག་ཙམ་དུ་ཁྱབ་བདག་བླ་མ་རིན་པོ་ཆེ་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་ལ་ཁ་ཙམ་མིན་པར་དད་པའི་མེ་ཏོག་སྙིང་ནས་བཞད་པའི་དུས་མཐར་སྐྱེས་པའི་གྱི་ན་བ་མགར་ཀློོང་གསུང་སྤྲུལ་འཇམ་དཔལ་དགྱེས་པའི་འཛུམ་ཟེར་དུ་འབོད་པའི་སྙོམ་ལས་པ་དེས་གསེར་འཕྱང་མེ་བྱ་ལོའི་བོད་ཟླ་བཅུ་གཅིག་པའི་ཡར་ཚེས་བཅུའི་དུས་ཚེས་ཤིན་ཏུ་དགེ་བར་མ་བཅོས་འགག་མེད་རང་བརྡོལ་གྱི་ཚུལ་དུ་སྨྲས་པ་དགེ་ལེགས་འཕེལ།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།