གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བརྒྱུད་འཛིན་ཡོངས་ལ་ཆེད་དུ་ཞུ་བ་རིས་མེད་བསྟན་པའི་མཛེས་རྒྱན།

16691685849069_.pic.jpg

༄༅། །ཨེ་མ་ཧོ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །གསང་གསུམ་ཐུགས་རྗེས་ཆོས་ཀྱི་འཁོར་ལོ་བསྐོར། །བཞི་བཅོམ་དྲུག་ལྡན་གཉིས་འདས་ཤཱཀྱའི་སྲས། །ཐུབ་དབང་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ། །མཁན་སློབ་ཆོས་གསུམ་གཏེར་སྟོན་བརྒྱ་རྩ་བཅས། །མདོ་སྒྱུ་སེམས་གསུམ་རྒྱུད་ལུང་མན་ངག་གི། །བཀའ་གཏེར་དག་སྣང་སྨིན་གྲོལ་ལུང་གི་མཛོད། །གང་ན་སུ་བཞུགས་རིས་མེད་བསྟན་པའི་རྒྱན། །ཇོ་འབྲོམ་ཁུ་རྔོག་འཇམ་མགོན་ཙོང་ཁ་པ། །བཀའ་གདམས་གསར་རྙིང་བྱང་ཆུབ་ལམ་སྔགས་སོགས། །མདོ་རྒྱུད་མན་ངག་ལེགས་བཤད་འབྱུང་བའི་གཏེར། །གང་ན་སུ་བཞུགས་རིས་མེད་བསྟན་པའི་རྒྱན། །གྲུབ་ཆེན་ཏེ་ལོ་ནཱ་རོ་མཻ་ཏྲི་ནས། །མར་མི་དྭགས་གསུམ་བརྒྱུད་པའི་ཕྱག་ཆེན་གྱི། །ཐབས་གྲོལ་ལམ་གྱི་ཆེ་བ་འབྱིན་པ་པོ། །གང་ན་སུ་བཞུགས་རིས་མེད་བསྟན་པའི་རྒྱན། །གྲུབ་ཆེན་བིར་ཝ་ས་སྐྱ་གོང་མ་ནས། །ངོར་རྫོང་ཚར་གསུམ་མཁས་གྲུབ་གསེར་རིའི་ཕྲེང་། །འཁོར་འདས་དབྱེར་མེད་ལམ་འབྲས་བརྒྱུད་པའི་སྲོལ། །གང་ན་སུ་བཞུགས་རིས་མེད་བསྟན་པའི་རྒྱན། །རིགས་ལྡན་པད་དཀར་ཆོས་རྒྱལ་ཟླ་བཟང་ནས། །ཀུན་མཁྱེན་དོལ་བོ་ཏཱ་ར་ན་ཐ་སོགས། །ཐབས་ལམ་སྦྱོར་དྲུག་དུས་ཀྱི་འཁོར་ལོའི་རྒྱུད། །གང་ན་སུ་བཞུགས་རིས་མེད་བསྟན་པའི་རྒྱན། །རྒྱ་གར་དམ་པ་མ་ཅིག་ལབ་སྒྲོན་ནས། །ཤེར་ཕྱིན་ཉམས་ལེན་ཟབ་ཆོས་ཞི་བྱེད་གཅོད། །ཤངས་པ་བཀའ་བརྒྱུད་རྡོ་རྗེ་བསྙེན་སྒྲུབ་བཅས། །གང་ན་སུ་བཞུགས་རིས་མེད་བསྟན་པའི་རྒྱན། །གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་རྣམས་ཀྱི། །རྨད་བྱུང་ཟབ་ཆོས་ཡིད་བཞིན་ནོར་བུའི་གཏེར། །བསྟན་འགྲོའི་རྒུད་པ་རྨང་ནས་གསོ་བའི་ཕྱིར། །རང་གཞན་ཡོངས་ཀྱིས་རྒྱལ་མཚན་རྩེ་མོར་མཆོད། །མདོར་ན་སྟོན་པ་མཆོག་གི་བསྟན་པ་ཉིད། །གངས་ཅན་བཤད་སྒྲུབ་བཀའ་བབས་བཅོ་བརྒྱད་པོ། །མ་གཅིག་སྤུན་ལས་ལྷག་པའི་མཐུན་སྒྲིལ་གྱིས། །རྒྱལ་བསྟན་ཡུན་དུ་གནས་ན་ཅི་མ་རུང་། །ཀྱེ་མ་ལྔ་བདོ་སྙིགས་མའི་དུས་སྐབས་འདིར། །བསྟན་འཛིན་རྣམས་ཀྱིས་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་འཛིན་སྐྱོང་སྤེལ་གསུམ་ཉིད། །སྲོག་བཞིན་གཅེས་པའི་རེ་འབྲས་དོན་སྨིན་ཞུ། །ཞེས་སྔ་འགྱུར་བཀའ་གཏེར་མན་ངག་གིས་མཚོན་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་བཅས་པའི་ཐུན་མིན་སྙན་བརྒྱུད་ཀྱི་གདམས་པ་ཡོངས་ཀྱ་ིསྨིན་གྲོལ་ལུང་གི་བདུད་རྩིས་ཡིད་ཚིམ་བཞིན། གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་ས་པདྨ་ཐང་གི་གཙུག་ལག་ཁང་ཆེན་མོར་༸ཁྱབ་བདག་བླ་མ་མཆོག་ནས་རྫོགས་ཆེན་སྙན་བརྒྱུད་ངོ་མཚར་ནོར་བུའི་མེ་ལོང་གི་དབང་ལུང་ཁྲིད་གསུམ་དང་། རྫོགས་ཆེན་ཡིད་བཞིན་ནོར་བུའི་ཐུགས་བསྐྱེད་བླ་ན་མེད་པའི་་བཀའ་དྲིན་ལ་བརྟེན་ནས་ཞབས་དཀར་མཆོག་སྤྲུལ་ཨྱོན་འཇིགས་མེད་བསྟན་པའི་རྒྱལ་མཚན་ཉིད་ནས་རྫོགས་ཆེན་རིན་པོ་ཆེ་དཔལ་བཟང་བོ་ཉིད་དང་ཕྱོགས་ཀྱི་མཁན་སྤྲུལ་འགའ་ལ་ཞབས་དཀར་གསུང་འབུམ་པོད་ཉེར་ལྔའི་ལུང་ཆ་ཚང་འབུལ་སྐབས། གྲུབ་དབང་རྫོགས་ཆེན་ཡབ་སྲས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་བཀའ་འབངས་སུ་གཏོགས་པའི་བྱ་བྲལ་རིག་པ་འཛིན་པ། ཡུལ་རེབ་ཀོང་གཅན་ཚ་མདའ་མོ་གཡང་རྫོང་གི་ཨ་བུ་ཀརྨའི་མིང་གིས་ལྷག་བསམ་བཟང་བོས་སེམས་བསྐྱེད་དང་བཅས་རྩོད་བྲལ་དུས་བབས་ཀྱི་ཟབ་ཆོས་རིན་པོ་ཆེ་འདི་ཉིད་ནམ་མཁའ་མ་འཇིག་འཁོར་བ་མ་སྟོངས་ཀྱི་བར་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་ནུས་ན་ཅི་མ་རུང་སྙམ་པས་རབ་ཏུ་དགའ་ཞིང་སྤྲོ་བཞིན་རྫོགས་ཆེན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཁང་བརྩེགས་ཆེན་མོར་བོད་མེ་རྟ་ལོའི་སྣྲོན་ཟླའི་ཡར་ཚེས་ལ་སྦྱར་བ་ཕྱོགས་དུས་ཀུན་ཏུ་འབྲེལ་ཚད་དོན་ལྡན་ཡོངས་སུ་དགེ་བར་གྱུར་ཅིག །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།