༸ ཁྱབ་བདག་རྫོགས་ཆེན་བླ་མར་ཕུལ་བའི་བསྟོད་དབྱངས་སྤྲིན་གྱི་རོལ་མོ།

༢༠༡༧-༠༡-༡༦ ༢༠༠༢༠༨.jpg

གནམ་སྔོན་དབྱིངས་སུ་ཆར་སྤྲིན་ཉེར་མཛེས་དེ་ཡི་དབུས་ན་འབྲུག་སྒྲ་སྙན།།

དབྱར་རྔའི་སྒྲ་ཡིས་སྙིང་ལ་དགའ་བསྐྱེད་རྨ་བྱའི་བུ་མོས་རྩེད་འཇོ་བཞིན།།

དེ་རིང་བཀྲ་ཤིས་ཉིན་བཟང་དུས་འདིར་ཁྱབ་བདག་བླ་མ་རྫོགས་ཆེན་པའི།།

འཁྲུངས་སྐར་ཡིན་ཞེས་ལྷ་དང་མི་ཡིས་བཀྲ་ཤིས་དབྱངས་སྙན་མེ་ཏོག་འཐོར།།


སྔ་འགྱུར་བསྟན་པའི་ཆུ་མགོ་གངས་ལ་ཐུག།

གངས་རི་རབ་དཀར་རྒྱུད་ནས་ལེགས་འོང་བའི།།

སློབ་དཔོན་པདྨ་ཀ་རའི་སྙིང་བཅུད་ཀུན།།

ཁྱེད་ཀྱིས་མ་ལུས་སློབ་ཚོགས་ཅི་ཡང་སྤེལ།།


ཚངས་སྤྱོད་འདུལ་ཁྲིམས་འཕགས་པ་རྟ་ཐུལ་དངོས།།

འགྲན་བྲལ་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་རྫོགས།།

མདོ་སྔགས་རབ་འབྱམས་མཁྱེན་པའི་གདོང་ལྔ་བ།།

ཁྱབ་བདག་རྫོགས་ཆེན་པ་ཡི་འཁྲུངས་སྐར་བསུ།།


འདིར་སྣང་སྒྱུ་མའི་སླུ་བྲིད་ལེགས་རྟོགས་ནས།།

འདོད་ཆུང་ཆོག་ཤེས་གོང་མའི་རྣམ་ཐར་འཛིན།།

གཞུང་ལུགས་རབ་འབྱམས་སྨྲ་བའི་རྫོགས་ཆེན་པ།།

དེ་རིང་ཁྱེད་ཀྱི་འཁྲུངས་སྐར་དགའ་བས་བསུ།།


དམ་པ་ཁྱེད་ཀྱི་ཐུགས་ཡིད་འོ་མཚོ་ལས།།

ལེགས་འཁྲུངས་ཟབ་དོན་ལེགས་བཤད་པད་དཀར་ལྗོན།།

སྐལ་ལྡན་བློ་གསལ་རྐང་དྲུག་སྦྲང་རྩིའི་བཅུད།།

རོལ་བས་ཡིད་དག་རབ་དགས་ཅི་ཡང་མྱོས།།


ལྷོ་སྤྲིན་ཕྱུག་མོའི་ལྟོ་བར་ལེགས་རྩེན་པའི།།

དབྱར་སྐྱེས་རྔ་གསང་ཁོངས་ནས་རྒོད་པ་བཞིན།།

ཁྱབ་བདག་བླ་མ་ཁྱེད་ཀྱི་མཛད་འཕྲིན་དཀར།།

འཛམ་གླིང་ཐ་གྲུ་ཡངས་པོར་ཁྱབ་གྱུར་ཅིག།


མགོ་ལོག་གཡས་དཀོན་མཆོག་བསམ་གཏན་ནམ་མིང་གཞན་རིག་པའི་ཁུ་བྱུག་གིས་དེ་རིང་ཁྱབ་བདག་བླ་མ་རྫོགས་ཆེན་པདྨ་སྐལ་བཟང་མཆོག་གི་འཁྲུངས་སྐར་ལ་ཤིས་ཚིག་གི་ཚུལ་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ཤེས་རིག་འདོད་འཇོ་གླིང་ནས་གུས་ཕུལ།

ཕྱི་ལྟར་ཁྲིམས་ལྡན་དགེ་སློང་ཞི་དུལ་ཅན།།

ནང་དུ་བྱང་ཆུབ་སེམས་མཆོག་རང་་དབང་འབྱོར།།

གསང་བ་རིམ་གཉིས་གནད་ཀྱི་དེ་ཉིད་རྟོགས།།

སྐྱབས་རྗེ་ཁྱབ་བདག་མགོན་པོ་སྙིང་ནས་དད།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།