
ཨེ་ཨེ། ངོ་མཚར་གངས་ལྗོངས་ཤམ་བྷ་ལ་ཡི་ཞིང་། །རིགས་ལྡན་པདྨ་དཀར་པོའི་ཕོ་བྲང་བཞིན། །བསིལ་ལྗོངས་གྲུབ་དབང་རྫོགས་ཆེན་ཆོས་ཀྱི་སྡེའི། །ངོ་མཚར་སྙན་པ་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །ཕྱི་ལྟར་སྦས་ཡུལ་མཛེས་ལྗོངས་ཆོས་ཀྱི་སྡེ། །ནང་ལྟར་ས་སྤྱོད་རིག་འཛིན་གྲུབ་པའི་གནས། །གསང་བ་མཁའ་སྤྱོད་ཞིང་གི་བཀོད་པ་རྫོགས། །ཕྱི་ནང་གསང་བའི་དཀྱིལ་འཁོར་བསམ་མི་ཁྱབ། །མདོ་ན་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི། །ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ལྟ་ན་སྡུག །ཁོར་ཡུག་སྒྲུབ་གྲྭ་གཙུག་ལག་ཁང་ཆེན་བཅས། །སྔ་འགྱུར་སྡེ་གསུམ་ཀློང་དགུའི་ཕ་མཁར་བརྟན། །བར་ན་ཤྲཱི་སེང་ཆོས་སྡེ་ནཱ་ལེནྡྲ། །མཆོད་རྟེན་བྱ་རུང་ཁ་ཤོར་དཔལ་རིའི་ཞིང་། །གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཞེས། །གྲགས་པ་དོན་ལྡན་སྔ་འགྱུར་བསྟན་པའི་རྒྱན། །སྟོད་ན་ཁྱབ་བདག་བླ་མའི་གདན་ས་མཆོག །པདྨ་ཐང་གི་ཁོར་ཡུག་རྟེན་གསུམ་གྱི། །ཕྱི་ནང་གསང་བའི་ཕུན་ཚོགས་བཀོད་པ་ལ། །རང་བྱུང་རི་ཆུ་ནགས་དང་གངས་རིས་བརྒྱན། །ཨེ་མ་རིག་འཛིན་གདུགས་དཀར་སྲིད་ན་མཐོ། །བཤད་སྒྲུབ་མཚོ་མོར་ཐབས་ཤེས་གསེར་ཉ་འཁྱུག །མཁས་གྲུབ་འབྱུང་གནས་ལེགས་བཤད་བུམ་པ་བཟང་། །བསླབ་གསུམ་རྣམ་དག་པད་དཀར་ཆུན་པོས་བརྒྱན། །སྤངས་རྟོགས་ཕུན་ཚོགས་དཔལ་བེའུ་གྲགས་སྙན་དུང་། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་ཅན། །མདོ་རྒྱུད་མན་ངག་ཆོས་ཀྱི་འཁོར་ལོས་བསྒྱུར། །ཁམས་གསུམ་གདུལ་བྱ་རྒྱ་མཚོའི་འདྲེན་པར་བསྔགས། །
དེ་སྐད་རྟགས་བརྒྱད་བུམ་གཟུགས་མའི། །བདེན་ཚིག་ཌཱཀྐིའི་གསང་གཏམ་ཉིད། །ཆོས་འཁོར་བཤད་སྒྲུབ་རྩིབས་སྟོང་ཅན། །མཁའ་མཉམ་ཞིང་གི་རྒྱན་དུ་བཀོད། །ཅེས་གསང་ཆེན་སྔ་འགྱུར་བསྟན་པའི་མཛེས་རྒྱན་མཁས་གྲུབ་བྱེ་བའི་འབྱུང་གནས༧གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སར་རྒྱལ་དབང་པདྨའི་རྒྱལ་ཚབ་དམ་པ༧རིགས་ཀུན་འདུས་ཞལ་ཁྱབ་བདག་བླ་མའི་མདུན་ནས་སྙན་བརྒྱུད་ངོ་མཚར་ནོར་བུའི་མེ་ལོང་གི་སྨིན་ཁྲིད་དང་། རྫོགས་ཆེན་ཡིད་བཞིན་ནོར་བུ་ཉིད་ཀྱི་རྨད་བྱུང་ཐུགས་བསྐྱེད་བླ་ན་མེད་པས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱིས་མཚོན་པའི་བཀའ་གཏེར་དག་སྣང་གི་སྨིན་གྲོལ་ལུང་གི་ཕྱག་བཞེས་མི་ཉམས་གོང་འཕེལ་ངོས། གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་བཅས་པའི་སྙན་བརྒྱུད་གདམས་པའི་ཁྲིད་རྒྱུན་ཕྱོགས་ཀུན་སྤེལ་བའི་དབུ་བརྩམས་ཤིང་ད་རེས་ཀྱང་ཞབས་དཀར་གསུང་འབུམ་གྱི་ལུང་རྒྱུན་ཆ་ཚང་སྤེལ་བའི་བསྐལ་བཟང་དུས་ཀྱི་ཡར་ཚེས་ལ། ཐོ་རེངས་ཉམས་དང་རྨི་ལམ་འདྲེས་མའི་བརྡ་ལ་བརྟེན་ནས། ཡུལ་མདོ་སྨད་མདའ་མོ་གཡང་རྫོང་གི་བྱ་བྲལ་ཨ་བུ་ཀརྨའི་མིང་གིས་རྫོགས་ཆེན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་བཞུགས་ཤག་ཆེན་མོར་ཡི་གེར་བཀོད་པ་དགེ་ལེགས་འཕེལ། སརྦམངྒལ། །༢༠༢༦ ལོའི་ཟླ༥པའི་ཚེས༨ཉིན།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།